གླིང་སྒྲུང་བྱེ་རི་བྱུར་རྫོང་། སྨད་ཆ།
ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་ཞུས།
རྩོམ་སྒྲིག་འགན་འཁུར་བ། ཕྱོགས་སྒྲིག་དང་རྩོམ་སྒྲིག ཞུ་དག་པ།
ཇུས་འགོད་པ།
བསོད་ནམས་བཟང་པོ། ཆོས་ཉིད་སྒྲོལ་མ།
སློབ་དཔོན་ཚུལ་ཁྲིམས་དཔའ་ལྡན།
ཆོས་ཉིད་སྒྲོལ་མ།
GESAR STORY FOR CHILDREN Copyright © 2020 Department of Education All rights reserved. First Edition 2020 Published by: Education Council Office Department of Education Central Tibetan Administration Gangchen Kyishong, Dharamshala -176215 Distt. Kangra (H.P.) INDIA Email: phayulshezod@tibet.net Printed by: Sherig Parkhang Trust E-mail: shepardelhi@gmail.com
Acknowledgement Financial support from Danish International Development Assistance (DANIDA) through Centre for International Cooperation and Education (CICED)
དཀར་ཆག གླེང་བརྗོད། ���������������������������������������������������������������������������������������������������� I
ལེའུ་དང་པོ། �����������������������������������������������������������������������������������������������������༡
ལེའུ་གཉིས་པ། ���������������������������������������������������������������������������������������������� ༡༠ ལེའུ་གསུམ་པ། ��������������������������������������������������������������������������������������������� ༡༨
ལེའུ་བཞི་པ། �������������������������������������������������������������������������������������������������༢༩
ལེའུ་ལྔ་པ། ��������������������������������������������������������������������������������������������������� ༤༡ ལེའུ་དྲུག་པ། ����������������������������������������������������������������������������������������������� ༥༤
ལེའུ་བདུན་པ། ��������������������������������������������������������������������������������������������� ༦༤ ལེའུ་བརྒྱད་པ། ����������������������������������������������������������������������������������������������༨༧
ལེའུ་དགུ་པ། �����������������������������������������������������������������������������������������������༡༠༡
ལེའུ་བཅུ་པ། ���������������������������������������������������������������������������������������������� ༡༡༩ ལེའུ་བཅུ་གཅིག་པ། ������������������������������������������������������������������������������������༡༣༠ ལེའུ་བཅུ་གཉིས་པ། ����������������������������������������������������������������������������������� ༡༤༦
ལེའུ་བཅུ་གསུམ་པ། ����������������������������������������������������������������������������������� ༡༦༠
གླེང་བརྗོད། ༄༅། །གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ནང་ཡོད་པའི་བརྩམས་ཆོས་རིང་ཤོས་ཤིག་ དང་། ལྷག་པར་བོད་ཡུལ་སྟོད་སྨད་བར་གསུམ་དུ་སྙན་གྲགས་ཆེ་ཞིང་། ཚང་མའི་རྣ་བར་ཡང་
ཡང་ཐོས་མྱོང་བའི་དཔའ་མཛངས་རྟུལ་ཕོད་ཅན་གྱི་མི་ཕོ་ཞིག་གི་སྐུ་ཚེའི་རྣམ་ཐར་རེད། སྒྲུང་དེ་ ཉིད་ཀྱི་བརྗོད་བྱ་ནི་བོད་མི་རིགས་ཀྱི་གནའ་བོའི་འཚོ་བའི་གོམས་སྲོལ་དང་། ཆོས་དང་འཇིག་
རྟེན་གྱི་ལྟ་ཚུལ་དང་འབྲེལ་ཆེ་ཞིང་། ལྷག་པར་འཇིག་རྟེན་ལུགས་ཀྱི་བསླབ་བྱ་བསྟན་པ་སོགས་ ཀྱིས་མཚོན་ནང་དོན་ཕུན་སུམ་ཚོགས་པ་དང་། རྗོད་བྱེད་ཚིག་གི་ཉམས་འགྱུར་བདེ་བས། མི་ སྣའི་གཟུགས་བརྙན་དང་ལུས་ཀྱི་ཉམས་འགྱུར་སོགས་ཇི་བཞིན་སྣང་བར་འཆར་ཐུབ་པའི་རྩོམ་ རིག་གི་སྒྱུ་རྩལ་ཕུལ་དུ་བྱུང་བའི་གྲས་ཤིག་ཡིན།
<<བྱེ་རི་བྱུར་རྫོང་།>>གི་ནང་དོན་སྙིང་བསྡུས་ནི། མི་ཉག་ཆོས་ཀྱི་དབང་ཕྱུག་གིས་གཙོས་པའི་ གླིང་གི་དཔའ་རྟུལ་དང་བློན་ཆུང་། བུ་རྟ་སོགས་བྱེ་རིའི་དམག་གིས་བསད་ནས་གླིང་གི་རྒྱུ་ནོར་ རྣམས་འཕྲོག་བཅོམ་བྱས། དེར་བྱེ་རིའི་བློན་ཆེན་ཨ་རྒྱལ་གྲགས་པས་ད་གླིང་ལ་དགྲ་ཡ་བཟུང་
བས་ནམ་ཞིག་གླིང་དམག་བྱང་ལ་བྱུང་ནས་བྱེ་རི་བྱུར་རྫོང་ཤོར་ཉེན་གདའ་ཟེར་བར། བློན་བྲག་ ནག་ཁྱུང་ཚ་བཙན་པོས་གླིང་དམག་བྱང་ལ་མ་བྱུང་བའི་སྔོན་དུ་གླིང་ལ་ཕར་དམག་འཐབ་ནས་ འགྲན་ཡ་བྱ་རྒྱུ་ཡིན་ཟེར་ནས་གླིང་ལ་དམག་རྒྱག་ཏུ་ཕྱིན། གླིང་གིས་ཁྱུང་ཚ་བཙན་པོ་ཆམ་ལ་
ཕབ། དེ་རྗེས་བྱེ་གླིང་དབར་དམག་འཁྲུག་རིམ་པར་བྱུང་སྟེ་གླིང་གི་དཔའ་རྟུལ་བྷེ་རའི་འཆི་བདག་ ཡ་མེད་དེས་བྱེ་བློན་ཆོས་གྲུབ་དང་བྱེ་རྒྱལ་སྟག་རྩེ་གཡུལ་རྒྱལ་གཉིས་ལ་མཐའ་མའི་འདུ་བྱེད་
གཏོང་སྐབས་གློ་བུར་དུ་བླ་མ་ཧ་ཤང་ཧུ་ཤུས་སྐྱབས་ནས་ཚེ་སྲོག་ཐར། དུས་ཕྱིས་གླིང་གི་དཔའ་ རྟུལ་དཔའ་ལས་བྱེ་བློན་ཆོས་གྲུབ་ཆམ་ལ་ཕབ་སྟེ་གླིང་གི་ཕྱོགས་སུ་བཀུག བྱེ་རྒྱལ་སྟག་རྩེ་
གཡུལ་རྒྱལ་གྱིས་དཔའ་རྟུལ་ནང་གི་ཡང་རྟུལ་གསུམ་གླིང་ལ་འཇབ་དམག་བྱེད་དུ་བཏང་། མ་ ནེ་ནེ་གུང་སྨན་རྒྱལ་མོས་གེ་སར་ལ་རྨི་ལམ་གྱི་ནང་ལུང་བསྟན་མཛད། གེ་སར་གྱིས་ཀྱང་ནེ་
ནེ་གུང་སྨན་རྒྱལ་མོའི་ལུང་བསྟན་བཞིན་དམག་ཇུས་མཛད་ནས་བྱེ་རིའི་དམག་གི་གདོང་ལེན་
བྱས། མཐར་བྱེ་རིའི་དཔའ་རྟུལ་ཡང་རྟུལ་ཚང་མ་ཤི་བ་དང་མགོ་བཏགས་པ་སོགས་ཀྱིས་མཚོན་ མེད་པར་གྱུར་བས་བྱེ་རྒྱལ་སྟག་རྩེ་གཡུལ་རྒྱལ་རང་ཉིད་དམག་ལ་ཆས་ནས་གེ་སར་གྱིས་ཕམ་ པར་མཛད། ཡུལ་དེའི་ནང་ཡོད་པའི་བྱུར་གཡང་གཏེར་གྱི་སྒོ་མོ་ཕྱེ་བར་མཛད་དེ་རིགས་དྲུག་ སེམས་ཅན་ལ་ལོངས་སྤྱོད་ཐོག་པ་མེད་པར་མཛད་པའི་སྐོར་ཡིན།
ཤེས་རིག་ལས་ཁུངས་ནས་ལོ་རེར་གླིང་སྒྲུང་དོན་བསྡུས་གཞོན་ནུའི་མགྲིན་རྒྱན་ཞེས་
ཕྱོགས་བསྡུས་དང་ཕྲན་བུ་བསྒྱུར་བཟོའི་ངང་པར་སྐྲུན་ཞུ་མུས་སུ་ཡོད་པ་དེ་ཉིད་ནི། གཙོ་བོ་
འཛིན་རིམ་བརྒྱད་པ་ཡན་གྱི་སློབ་ཕྲུག་རྣམས་ལ་བོད་ཀྱི་རྩོམ་རིག་གི་སྒྱུ་རྩལ་གོང་མཐོར་གཏོང་ བྱེད་ཀྱི་རྒྱུ་ཆ་བསྐྲུན་ཐབས་དང་། ལྷག་པར་དུ་རང་མི་རིགས་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་
བློ་གསར་གཞོན་སྐྱེས་རྣམས་ལའང་བོད་མི་རིགས་ཀྱི་རིག་གཞུང་ལ་གོ་རྟོགས་དང་རྩོམ་རིག་
གི་སྒྱུ་རྩལ་མཐོར་འདེགས་གཏོང་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་སྟབས། བློ་གསར་རྣམས་ ཀྱིས་དོ་སྣང་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ ནས། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༢ ལ།
ལེའུ་དང་པོ། ཁྲ་མོ་གླིང་གི་དམག་སྒར་ནས་མི་ཉག་ཆོས་ཀྱི་དབང་ཕྱུག་དགྲ་ལ་ཤོར་ཡང་གླིང་གི་དཔའ་
བརྟུལ་སྤྱི་དཔོན་རོང་ཚ་ཁྲ་རྒན་དང་གཡུ་ལྷ་བཅས་ལ་རྟིང་མ་ཅུང་ཞིག་བྱུང་བས། བདུད་བློན་
གསུམ་གྱི་མགོ་ལག་དེ་གུར་སྒོར་བཞག བདུད་དམག་སུམ་ཅུ་སྐོར་ཞིག་གསོན་བཟུང་བྱས་ཡོད་ པ་རྣམས་གླིང་ལ་མགོ་འབུལ་བྱས་ནས་རྒྱལ་བློན་རྣམས་འཛོམས་པའི་དུས། འཇང་ཕྲུག་གཡུ་
ལྷ་ཐོག་འགྱུར་དེ་སེམས་སྡུག་གི་མུན་པ་རུབ། གླིང་དཔའ་བརྟུལ་ནང་གི་སྙིང་བཅུད། གཡུ་ལྷ་ དཔོན་གྱི་དཔུང་ཡ། གེ་སར་བླ་མའི་ཆོས་བློན། འཇང་མི་ཉག་ཆོས་ཀྱི་དབང་ཕྱུག མི་མཐོང་ ཆེན་དེ་དགྲ་ལ་ཤོར་བ་འགྱོད་ཟེར་ནས་གླིང་རྒྱལ་བློན། ཕ་ཁུ། ཕུ་ནུ་ཚང་མ་འཛུམ་སོ་དཀར་
ཙམ་མེད་པར་ཞལ་རས་རྫ་ནག་པོར་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་དུས། གཡས་
གྲལ་གྲལ་གྱི་གྲལ་མགོ དངུལ་ཁྲི་ཁམ་པའི་ཡང་གོང་ནས། གསེར་པའི་ཉི་འབུམ་དར་ཡག་དེས་
གཡུ་ལྷ་དཔོན་ལ་དཔའ་དར་གཟེངས་བསྟོད་དང་སེམས་གསོ་གསེར་མགུར་མོ་ལྔ་བརྒྱ་དང་དར་ ཡུག་གཅིག་གནང་ནས་མི་ཉག་ཆོས་ཀྱི་དབང་ཕྱུག་གི་སྐུ་གདུང་རྗེས་འཇུག་བྱེད་ལུགས་དང་
དམག་བུ་རྟ་འགྲོ་འདུག་གི་བཀའ་བཀོད་བྱེད་པའི་གླུ་འདི་ཇུས་གླུ་རིང་མོར་དྲངས་ནས་བླངས་ པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ཨ་ལ་ལ་མོ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །གླིང་ཁྲ་
མོའི་གླུ་དེ་ཨ་ལ་ལེན། །ཨ་མགོ་མ་ཆོས་ཀྱི་ཉི་མ་ཤར། །ཐ་ལ་བྱང་ཆུབ་རྒྱུད་ནས་ལེན། །ཐར་
ལམ་བདེ་ཆེན་ཞིང་གི་གླུ། །འགྲོ་ཀུན་ཕ་མ་སེམས་ཅན་རྣམས། །སྡུག་བསྔལ་འདམ་ལས་ཐར་ གྱུར་ཅིག །བདེ་ཆེན་ཞིང་ལ་འཁོད་པར་ཤོག །བླ་མ་ཡི་དམ་དཀོན་མཆོག་གསུམ། །རྒྱབ་རྟེན་
ཁ་འཛིན་སྡོངས་གྲོགས་མཛོད། །ས་འདིའི་ས་ངོ་མ་ཤེས་ན། །སྐྱིད་ས་རྩྭ་ཐང་རིང་མོ་རེད། །སྡོད་ ས་ཐང་ཆེན་གྲུ་བཞི་རེད། །གླིང་རུའི་ལྷ་སྒར་གཞི་དཀྱིལ་ནས། །གུར་ཆེན་རྒྱལ་བློན་འཚོག་ས་
རེད། །ང་འདྲ་ཁྱེད་རྣམས་ལོས་མཁྱེན་ཀྱང་། །རི་ལ་ཆགས་པ་སྔ་བ་དེ། །སྲིད་པ་ཆགས་པའི་
1
གངས་རྒན་རེད། །ཤིང་ལ་འཚར་བ་སྔ་བ་དེ། །དཔག་བསམ་ཤིང་གི་སྡོང་པོ་རེད། །ཆུ་ལ་འཁྱིལ་ བ་སྔ་བ་དེ། །མ་ཕམ་གཡུ་ཡི་མཚོ་མོ་རེད། །མི་ལ་ཆགས་པ་སྔ་བ་དེ། །སྟོད་གླིང་གསེར་པ་ ཆེ་བརྒྱད་ནས། །གསེར་པ་ཨ་སྐྱིད་སྲས་པོ་ལ། །ཉི་འབུམ་གསེར་གྱི་ཉི་མ་ཟེར། །དེ་ནས་ཁྲ་
བོ་ལྷ་སྡེ་ཚོ། །ཐུགས་ཡོད་ཐུགས་ཁག་ལོས་ཡོད་དེ། །ལར་གཞི་སྔ་མོའི་གཏམ་དཔེ་ལ། །ས་ སྟེང་འཛམ་གླིང་མི་ལུས་དེ། །དང་པོ་སྐྱེ་བ་མ་ལེན་དགོས། །བླངས་ནས་སྐྱེ་འཆི་ལོས་ཡོད་
རེད། །འདས་གྲོངས་ཉི་ཟླ་གཉིས་ལ་གདའ། །ཞིག་རལ་རྡོ་རྗེ་བྲག་ལ་སྲིད། །འཕར་འབུར་དབྱར་ ཁའི་ཆུ་ལ་སྲིད། །དར་གུད་ཕྱུག་པོའི་རྒྱུ་ལ་སྲིད། །གསལ་སྒྲིབ་བླ་མའི་ལུང་ལ་སྲིད། །སྐྱེས་
ནས་མ་ཤི་གཅིག་ཀྱང་མེད། །སྲིད་པ་ཆགས་པའི་དོན་སྒོ་ལ། །འཇིག་རྟེན་འཁོར་བའི་སེམས་ ཅན་རྣམས། །ཚ་གྲང་སྡུག་བསྔལ་ལས་ལ་བརྩོན། །ཉིན་མཚན་མེད་ལ་བྲེལ་བ་ཚ། །རྒྱགས་
ལྟོགས་ཁོལ་མོའི་དབུག་གྲངས་འདྲ། །སྐྱིད་སྡུག་རྒོ་བའི་རྭ་ཚིགས་འདྲ། །དེ་ལ་གཟུར་ཐབས་
ལར་གྱིས་མེད། །དེས་ན་ཁྲ་མོ་ལྷ་སྡེ་ཚོ། །ད་ནི་འགྱོད་པ་བྱེད་ཞན་འདྲ། །ནག་པོ་བདུད་ཀྱི་ས་ ཆ་ན། །བདུད་རྒྱལ་བདུད་བློན་ཧམ་པ་ཆེ། །སྔ་རབས་སངས་རྒྱས་བསྟན་པ་བཤིག །སྨོན་ལམ་ ལོག་འདེབས་བདུད་ལ་སྐྱེས། །ད་ལྟ་གླིང་དཀར་ཁ་ཡ་རེད། །མྱུར་ལེ་བཙན་ལེ་དཔའ་ལེ་
གསུམ། །དེ་ཚོ་སྔོན་གྱི་བསྐོས་ཐང་རེད། །ངེད་ཚོ་གླིང་རུའི་ལྷ་སྡེ་འདི། །སྐྱིད་པོ་རང་གི་ཕ་ཡུལ་ དེ། །སྒར་སྡོད་མགྲོན་པོའི་ཚུགས་ས་འདྲ། །གཞིས་ཕ་མཁར་ཕ་མ་བུ་རྒྱུད་རྣམས། །ཡོད་ཀྱང་ གཤིབ་ལོང་ག་ལ་སྲིད། །དབྱར་ཟླ་སྐྱིད་ཀྱི་དར་ཞིང་དེ། །རིང་ན་ཟླ་ངོ་གསུམ་ཙམ་རེད། །རྩྭ་
ཆུ་ལོ་འདབ་རྒྱས་ལེ་དེ། །སྟོན་ཟླ་བ་མོའི་དབང་ལ་ཤོར། །སྐྱི་བསེར་རླུང་དང་བུ་ཡུག་འཚུབས། །སྐྱེ་ འགྲོ་སྡུག་གི་རང་བཞིན་རེད། །དཔྱིད་ཀ་ཉི་མ་རིང་ལེ་དེ། །རྩྭ་ཆུ་དཀོན་དང་སེར་སྣའི་ཟས། །མི་ ཚེ་ལྟོགས་པའི་རང་བཞིན་རེད། །ཚ་གྲང་སྡུག་བསྔལ་སྣ་ཚོགས་འདི། །མྱོང་དགོས་སེམས་ ཅན་བསྐོས་ཐང་རེད། །དེ་ལ་ལག་པས་བཟོ་རྒྱུ་མེད། །དེ་ནས་རྒྱལ་བློན་འདིར་འཚོགས་
རྣམས། །བདུད་ཕྲུག་རྒྱལ་བློན་ཚུར་ཆས་དེ། །ཉིན་གཅིག་ཉི་མའི་གོང་རོལ་ལ། །ལག་དམར་
ཁྲག་ལ་བསྒྲིལ་ནས་བྱུང་། །དཔའ་ཚོད་དཔུང་པ་ནོན་ནས་ཐལ། །རྒྱལ་པོ་སྒར་ལ་མཆོངས་པའི་ དུས། །གེ་སར་རྒྱལ་པོས་གདོང་ལེན་མཛད། །ལྷ་སྲུང་གཞི་བདག་མཉམ་ཆས་རེད། །དེ་ནས་
2
དགོང་ཁའི་ཉི་མ་ལ། །མ་ཐུབ་གཡུ་ལྷས་དཔུང་འཛིང་མཛད། །མི་ཉག་དབང་ཕྱུག་རྡོ་ཡིས་
བཀྲོངས། །དེ་ལ་བཟོ་ཐབས་མ་བྱུང་ཐལ། །དེ་ནས་གླིང་གི་དཔའ་བརྟུལ་ནང་། །འདིར་ཡོད་
རྟིང་མ་ལེན་མི་ཚོས། །རྒོད་པོས་རྒོད་རྟགས་བཞག་ལེ་ལ། །སྤྱི་དཔོན་རོང་ཚ་ཁྲ་རྒན་དེ། །དགུང་
ལོ་བདུན་བརྒྱ་དྲུག་ཅུ་རེད། །ད་རུང་རྟིང་མའི་ལྟད་མོ་ལ། །རྩལ་ཆེན་རྩལ་གྱི་བདུད་ཕྲུག་དེའི། །མགོ་ འཕྲུ་རྒས་པོས་ལག་ཏུ་བླངས། །དེ་ལ་རྟིང་མའི་དཔའ་དར་ལ། །སེར་པོ་གསེར་སྲང་སྟོང་རྩ་
དང་། །ཁམ་པ་དངུལ་སྲང་སྟོང་རྩ་ཡོད། །རྟ་ཁྲབ་བེར་གསུམ་འཁོར་གསུམ་བཅས། །དགུ་ཚན་
དགུ་ཡི་དཔའ་དར་ཡོད། །གཏམ་སྙན་ལྷོ་རྒྱལ་བོད་ལ་བཞག །ཕྱི་རབས་མི་ཡིས་སྨོན་རྒྱུ་རེད། །དེ་ ནས་གཡུ་ལྷ་ཐོག་འགྱུར་ལ། །དཔའ་བོ་སྟོབས་ཆེན་རྩལ་ཆེན་དེ། །སྐྱ་རིང་མདུང་མོའི་ངར་ལ་
དྲངས། །ཤུགས་ཆེན་དཔུང་གིས་རྟིང་མ་བླངས། །དེ་ལ་གསེར་སྲང་ལྔ་བརྒྱ་དང་། །རྟ་ཁྲབ་བེར་ གསུམ་ལོས་ཡོད་ལ། །ལྔ་ཚན་ལྔ་ཡི་འབུལ་བ་ཡོད། །འགྲོ་ཀུན་ཕ་མ་གེ་སར་རྗེ། །བཀའ་དྲིན་
ཁྱོད་ལས་ཆེ་བ་དེ། །ས་སྟེང་གནམ་འོག་ག་ལ་སྲིད། །འགྲོ་བ་རིགས་དྲུག་སེམས་ཅན་གྱི། །འགྲོ་ དོན་སྐྱོང་མཛད་གེ་སར་རྗེ། །སྡུག་བསྔལ་དམྱལ་བའི་སྐྱེ་འགྲོ་དག །ཐར་ལམ་བདེ་ཆེན་འདྲེན་ མཁས་ལ། །རིགས་གསུམ་གཅིག་འདུས་གེ་སར་རྗེ། །མཁའ་འགྲོ་འབུམ་གྱིས་ཚོགས་ཕུད་
འབུལ། །དེ་ནས་གླིང་དཀར་ལས་དམག་ཚོ། །ལྷ་གོང་མའི་ལུང་བསྟན་མ་བྱུང་བར། །ཚུར་དགྲ་ སྒོ་འགེལ་མ་བྱུང་ན། །ཕར་དགྲ་མི་འགྲོ་རང་སྒར་བཟུང་། །དེ་ནས་ཅི་དགོས་རིམ་གྱིས་
བལྟ། །གླུ་གོ་ན་རྣ་བའི་བདུད་རྩི་ལ། །མ་གོ་གླུ་ལ་ཡང་ལེན་ཞུ། །ཞེས་གསུངས་པར། རྒྱལ་བློན་ ཐམས་ཅད་ཀྱིས་ཉི་འབུམ་གྱི་གསུང་ལ་མངོན་པར་བསྟོད་ནས་རང་མཁར་བཟུང་ནས་བཞུགས་ ཤིང་མི་ཉག་ཆོས་ཀྱི་དབང་ཕྱུག་དེའི་སྐུ་གདུང་མེ་མཆོད་ཕུལ། གདུང་ཐལ་སོར་མོ་གང་ཡང་
མ་ལུས་པར་ཁྲ་མོ་གླིང་ལ་གདན་འདྲེན་ཞུ་རྒྱུ་བྱས། བློན་ཆུང་དང་བུ་རྟ་འདས་གྲོངས་སོང་རིགས་ ཀྱི་སྐུ་གདུང་རྣམས་རི་ལ་བསྐྱལ་ནས་བྱ་འབུལ་བྱས། བདུད་དམག་ཤི་བའི་རོ་རྣམས་ཐང་སྟོང་ དུ་བསྐྱུར། ལྷ་གོང་མའི་ལུང་བསྟན་མ་བྱུང་བར་དུ་རང་སྒར་བཟུང་ནས། གླིང་དཔའ་བརྟུལ་དེ་
ཡོད་ནང་གི་འདི་ཡོད་གཉིས་དང་མཆན་ཁེབ་བརྒྱད་ཙམ་ཤོར། ད་རུང་དགྲ་ཐག་མི་ཆོད་འདུག དགྲ་ངོ་ནག་བྱེ་རིའི་བློན་པོ་དེ། ལྕགས་སྲོག་ཐོག་དང་ཁྱད་མེད་འདྲ། དེ་བས་མི་ཚད་ཨ་བསེ་
3
གཡུ་ཡག་བཙན་པོ། སེང་ཕྲུག་ཐོག་ལྷ་བཙན་པོ། བྲག་ནག་ཁྱུང་ཚ་བཙན་པོ། བཙན་པོ་ཐོགས་ པའི་མི་གསུམ་དང་། སྟག་ལྷ་རྡོ་རྒོད་ཁྲི་བཙན། ཡང་ནག་གཤིན་བདུད་ངོ་དམར། ཀླུ་བདུད་
སྦལ་པ་ཁ་ཆེ། དེ་ཡོད་ནང་གི་འདི་ཡོད་མི་དྲུག་ཡོད་པ་དེ། ལྕགས་ཀྱི་ཕ་བོང་དང་འདྲ་ཟེར་བ་
ལྷ་ཡི་ལུང་བསྟན་ཡོད་ལུགས་ཡོད་ཟེར་ནས་དཔའ་ཡོད་རྣམས་ཀྱིས་མགྱོགས་དང་མྱུར་དུ་གདོང་ ཐུག་བྱུང་ན་བསམས། སྡར་མ་རྣམས་ནི་གླིང་སྒར་གྱིས་ད་ཡང་སྔར་བཞིན་ཇེ་ཐ་ཇེ་སྡུག རོ་ཡིས་ ལུང་པ་ཁེངས་ལེ་ཞིག་བྱ་ངེས་བསམས་པ་དང་། ང་ཤི་ཨེ་ཡོང་། ཁོ་བསད་ཨེ་འགྲོ་བསམས་
ནས་སྙིང་རྩ་འདར་འདར་འཕག་འཕག་གི་ངང་དུ་བསྡད། དེའི་དུས་བྱང་བྱེ་རིའི་རྒྱལ་བློན་རྣམས་
འདུ་འཛོམས་བྱས་ནས། བློན་པོ་དྲག་རིགས་དང་མཆན་ཁེབ་ཆེ་རིགས་མང་ཙམ་གླིང་རུའི་འོག་ ལ་ཤོར། ད་སྒར་ཆེན་གནམ་ས་ཐང་ལྷུང་འདི། ཡུན་རིང་ན་གླིང་རུའི་ལག་འོ ག་རེད། ལྷོ་འཛམ་
བུ་གླིང་གི་ས་ཆ་ལ། དགྲ་གླིང་རུ་ཟེར་བ་དེ་འདྲ་ཞིག་ཡོད་རྒྱུ་ལ། འདི་ཅི་འདྲ་ཡིན་ནམ། མི་ལུས་ ཤ་ཁྲག་མ་ཡིན། ལྕགས་སྲོག་གྲུབ་པའི་ལྷ་དང་བཙན་དང་ཀླུ། འདྲེ་ཡི་སྤྲུལ་པ་ཡིན་ཟེར་བ་བདེན་ ངེས་ཐག་ཆོད་རེད་ཟེར་ནས་སེམས་ཆུང་རྣམས་ཀྱིས་ཆང་ཨ་རག་གཉིས་ལ་ལོངས་སུ་སྤྱོད་
ཅིང་། ཡ། ད་ཟེར་བའི་གཏམ་དེ་ལོས་ཀྱང་བདེན། །གངས་རི་མཐོན་པོ་ཤེལ་གྱི་མདོག །ནམ་ ཕུགས་ཅི་ཡོང་མ་ཤེས་ཏེ། །དགུན་ཟླ་གསུམ་འཁྱགས་པའི་རང་བཞིན་ཡིན། །རི་བོ་མཐོན་པོ་
རྩྭ་ཡིས་བརྒྱན། །ནམ་ཕུགས་ཅི་ཡོང་མ་ཤེས་ཏེ། །དབྱར་ཟླ་གསུམ་རི་བོ་སྣུམ་བཞིན་ཡོད། །རྒྱ་ མཚོ་ཆེན་པོ་ཆར་གྱི་མཛོད། །ནམ་ཕུགས་ཅི་ཡོང་མ་ཤེས་ཏེ། །དབྱར་ཟླ་གསུམ་རྦ་རླབས་རང་ བཞིན་ཡིན། །བྱང་སྡེ་རྒྱལ་བློན་ཕྱུག་པོ་དེ། །ནམ་ཕུགས་ཅི་ཡོང་མ་ཤེས་ཏེ། །ད་ལྟ་རང་སྣང་
གང་ཤར་རེད། །བསམས་ཏེ་ཁྲ་བོ་ཤ་ལ་རྔམ་ཟོས་བྱས། ཆང་ཨ་རག་གཉིས་ལ་མཉམ་འཐུང་
བྱས། ཤོ་སྦག་གཉིས་ཀྱི་ལས་ལ་བརྩོན་ནས་ཤི་ཡང་འགྱོད་པ་ཅི་ལ་ཡོད། ཕོ་ཤི་དགྲ་ལ་མ་ཤི་ ན། ལོ་རྒས་རྒད་མོ་ཨེ་མི་འདྲ་ཟེར་ནས་གླུ་ལེན་བྲོ་འཁྲབ་ཀྱིས་ར་ནག་པོ་དུག་གིས་བཟི་འདྲ་
བྱས་ནས་བསྡད། རྒྱལ་པོ་ནི་ན་ཟུག་ཆེ་བས་བསམ་དྲན་མེད་པར་སྡོད་པའི་དུས། བློན་ཆེན་ཨ་
རྒྱལ་གྲགས་པ་དེ་ཡི་བསམ་པར། དེ་སྔ་ཉི་མ་ཡན་ཆད་ལ། ངས་རྒྱལ་རབས་གཉིས་ཀྱི་བློན་པོ་ བྱས། ཁ་ལ་ཅི་ཞིམ་ཟོས། ལུས་ལ་ཅི་འཇམ་གྱོན། ཆ་དང་ཤེས་པའི་འཁོར་ལོ་བསྐོར། བློ་དང་
4
རིག་པའི་གྲོས་མགོ་བཏོན། ཇུས་གྲུ་བཞི་ཉེས་པ་སྣེ་གཅིག་མེད། དུས་ད་ལོ་ཅི་ཡོང་མི་ཤེས་
འདུག ངས་གླིང་རུར་འགྲན་ཡ་མི་བྱེད་ཟེར། ཆིངས་དང་འདུན་མ་བྱུང་ན། རྒྱུ་ནོར་འཕྲོ་བརླག་ མེད་པ། རྒྱལ་བློན་སྐུ་ཚེ་བརྟན་པ། དམག་བུ་རྟ་འཆི་དགོས་མེད་པ། མི་བདེ་རང་བདེ་གཉིས་
ཀ་ཨེ་ཡོང་བསམས་ནས་རྒྱལ་པོའི་རྣ་ལམ་དུ་རླུང་སྒྲ་བཞིན་ཞུས། འོན་ཏེ་རྒྱལ་བློན་ཚོར་གཏམ་ བཤད་ཚད་རྡོ་ལ་སྣུམ་བྱུག་འདྲ། དུས་རྒྱུན་དུ་ཡིན་ན། བློན་རྒན་ཅི་ཟེར་གཏམ་ལ་ཉན། བློན་ རྒན་ཅི་ཟེར་གྲོས་ལ་བསྟོད་ཟེར། འདི་ལོ་གནམ་ལོ་གསར་ཚེས་ནས། བློན་པོའི་ཇུས་ལ་མི་
གསན་འདུག ད་ནི་སྤྱང་ཀི་འཆི་ཁར་ལུག་བརྒྱ་གསོད། མཐའ་མ་ལ་བཙས་འོ ག་ལ་ཤི ཁྲ་རྒན་ འཆི་ཁར་ཆར་རླུང་འགྲིམས། མཐའ་མ་ཚེར་ཕུང་འོ ག་ལ་ཤི རྐུན་མ་འཆི་ཁར་རྒྱ་སྡེ་གཏོར།
མཐའ་མ་བཙོན་རའི་ནང་དུ་ཤི ཟེར་བའི་དཔེ་ལྟར་ཡོང་ངེས་ཡིན་བསམས་ནས་རྒྱལ་པོའི་མདུན་ དུ་དར་དཀར་པོ་ཡུག་ཆེན་གཅིག་ཕུལ་ཏེ། ཡ། ད་མ་ཡག་མ་དགའ་མ་ལོ་གསུམ། དེ་རིང་བློན་ པོའི་བློ་ཞིག་ཡོད། ཁྱོད་རྒྱལ་བློན་དགོངས་པ་མ་ཚོམས་དང་། ཚིག་གསུམ་ཞུ་འབུལ་དེ་རིང་ ཡིན། གསན་ན་སྙན་པའི་གཏམ་ཞིག་ཡིན། མ་གསན་ཉི་མ་དེ་རིང་ཕན། གཏམ་ཚིག་གཅིག་
མི་ཞུ་ཐག་ཆོད་ཡིན། ང་རྒད་པོ་ཤི་དགའ་གསོན་སྐྱིད་ཡིན་ཟེར་ནས། ང་བློན་རྒན་ཨ་རྒྱལ་གྲགས་ པ་ཟེར། །རྒྱལ་རབས་གཉིས་ཀྱི་བློན་རྒན་ཡིན། །ཆ་དང་ཤེས་པ་ཆེ་ལེ་ཡིན། །བློ་དང་རིག་པ་ རྣོ་ལེ་ཡིན། །མོ་དང་རྨི་ལམ་གསལ་ལེ་ཡིན། །རང་རིགས་རུས་པ་དཀར་ལེ་དང་། །ཕ་ཁུངས་
མ་གཉེན་གཙང་ལེ་གཉིས། །གཡོ་སྒྱུ་བློ་ངན་མེད་ལེ་གསུམ། །ཕོ་བཟང་པོའི་རྒྱུད་ཅིག་རེད་དོ་
ཟེར། །ང་རང་བསྟོད་མིན་ཏེ་འདྲ་མ་ཡིན། །དགྲ་མ་ཡོང་གླིང་རུ་ཡུལ་ལ་བསྡད། །ཡུལ་མི་བདེ་ གླིང་རུའི་མགྲོན་པོ་བཅོམ། །རྒྱུ་ཟས་ནོར་ཞེ་འདོད་ལོས་བསམས་ཏེ། །དུས་ད་རེས་མ་བཟང་
འདྲ་མ་ལ། །གླིང་མ་བཞག་བྱང་ལ་ལག་གཡུག་བྱས། །དགྲ་འཆི་མེད་གླིང་རུས་སྒོ་ནས་
བསྐོར། །དགྲ་འཐབ་ཡ་མི་ཡོང་ལྷ་ཆེན་དཔང་། །གླིང་ཁྲ་མོ་མ་འདིའི་བཙན་ལུགས་ལ། །དགྲ་
ཉིན་རེ་བཞིན་དུ་ཇེ་བཙན་རེད། །གླིང་དཔའ་བརྟུལ་དཔུང་གི་ངར་རྒོད་དེ། །འཐབ་ཉིན་རེ་བཞིན་ དུ་ཇེ་ངར་རེད། །གླིང་བྱེས་འགྲོ་རྟ་ཕོའི་རྒྱུག་རྩལ་དེ། །བྱང་ས་ཐག་རིང་དུས་ཇེ་མགྱོགས་
རེད། །མཚོན་ངར་མ་རལ་གྲི་མདའ་མདུང་དེ། །གཡུག་མང་ན་སོ་ཁ་ཇེ་རྣོ་རེད། །ཕར་བརྒྱབ་
5
མཚོན་ཆ་མི་ལེན་འདུག །ཚུར་བརྒྱབ་གོ་ཁྲབ་མི་བརྟན་འདུག །ལས་འདི་འདྲའི་དགྲ་སྟོབས་ག་ ལ་ཡོད། །ད་ནི་མ་བཟང་གཏམ་ཞིག་གདའ། །ན་ནིང་ཀོ་དམར་ཞྭ་ཞིག་བཟོས། །ད་ལོ་མགོ་བོ་
བཅུར་རན་རེད། །ན་ནིང་ཀོ་དམར་གོས་ཤིག་བཟོས། །ད་ལོ་ལུས་པོ་ཚ་རན་རེད། །ན་ནིང་ཀོ་ དམར་ལྷམ་ཞིག་བཟོས། །ད་ལོ་རྐང་པ་ན་རན་རེད། །མི་ཐུབ་གནམ་ལ་སྦར་སྙོབ་བྱས། །ཉི་ཟླ་
ལག་པས་ལོན་རབས་མེད། །མི་ཁྱོག་རི་ལ་ཁུར་ཐག་བརྒྱབ། །ང་རང་བློན་པོའི་བསམ་པ་ལ། །ཁྲ་ མོ་གླིང་གི་རྒྱལ་བློན་ལ། །འགྲན་ཡ་མ་བཟང་བཞག་ན་བསམས། །ད་རང་ཚོད་བསྡད་ནས་མི་
ཕན་པས། །ཕར་འགྲོ་གླིང་རུའི་སྒར་ལ་འགྲོ། །དར་དང་གསེར་དངུལ་མཇལ་ཞུ་བྱེད། །རྒད་པོ་ ང་ཡིས་གཏམ་ཞིག་ཤོད། །ཨེ་ཉན་ལར་གྱི་མི་ཤེས་ཏེ། །གླིང་རྗེ་གེ་སར་རྒྱལ་པོ་ལ། །འགྲན་
ཡ་ལར་གྱིས་ཡོང་ཐབས་མེད། །གླིང་གེ་སར་རླུང་དང་མཉམ་འཚུབ་རེད། །ས་ག་ནས་འཁྲིགས་ ཡོང་ཆ་མེད་རེད། །གླིང་གེ་སར་ཐོག་དང་མཉམ་འབེབས་རེད། །བྲག་ག་དུས་གཏོར་ཡོང་མི་
ཤེས་རེད། །གླིང་གེ་སར་ཆུ་དང་མཉམ་འབབ་རེད། །ཆུ་གང་ནས་རྒྱས་ཡོང་མི་ཤེས་རེད། །གླིང་ གེ་སར་འདྲེ་དང་མཉམ་ཆས་རེད། །གང་འགྲོ་ཤེས་པ་སུ་ཡང་མེད། །རྫུ་འཕྲུལ་སྟོང་ཉིད་འཇའ་ དང་འདྲ། །འཇའ་ལག་བཟུང་བྱེད་པའི་དུས་ཚོད་མེད། །དེ་བས་རྒྱལ་བློན་རང་ཚོད་ཟུང་། །ང་
དང་བློན་པོ་ཤེས་ཆེན་འགས། །རྒྱལ་པོའི་དྲུང་གི་བཙུན་མོ་དང་། །སྲས་མོ་ཤེལ་དཀར་ལྷ་མཛེས་ བཅས། །ཞུ་བ་བཤགས་པ་བྱེད་པར་འགྲོ། །ཨེ་རེད་མ་རེད་ཐུགས་དགོངས་བཞེས། །རེད་ན་
ཉི་མ་གསུམ་ཚུན་ལ། །གླིང་རུའི་སྒར་ལ་མཇལ་ཞུ་བྱེད། །རབ་ན་འདྲ་གཉིས་ཆ་གཅིག་བྱེད། །མ་བྱུང་ མགོ་འབུལ་ཞུས་ན་བསམས། །མི་མི་གསོད་ཁས་ལེན་ལོས་ཡོད་རེད། །རྒྱུ་མི་འཕྲོག་བྱམས་ སྐྱོང་ལོས་ཡོད་རེད། །ཡུལ་སྲིད་པ་ས་ཆ་སྟོད་སྨད་དེ། །དུས་ནམ་ཞིག་གླིང་ལ་ཤོར་རྒྱུ་
རེད། །གཏེར་ནོར་བུ་བྱུ་རུའི་ཕ་རྫོང་དེ། །རྒྱུ་བདག་པོ་གླིང་དཀར་ཁྲ་མོ་རེད། །ད་ཡུན་རིང་མི་
བརྟན་ཐག་ཆོད་རེད། །དེ་ཨེ་དགའ་རྒྱལ་བློན་གྲོས་ཤིག་མཛོད། །གླུ་འཁྲུལ་བར་སོང་ན་མཐོལ་ ལོ་བཤགས། །ངག་འཆལ་བར་སོང་ན་བཟོད་པར་མཛོད། །ཁྱེད་རྒྱལ་བློན་ཐུགས་ལ་དེ་ལྟར་
ཞོག །ཅེས་ཞུས་པར། རྒྱལ་པོ་ནི་ཅི་ཚོར་དང་འདི་ཚོར་མེད་པར་འདི་བྱེད་དེ་བྱེད་ཀྱི་ཚིག་གཅིག་ ཀྱང་ཤོད་མ་ཐུབ། ཞབས་གཡོག་རྣམས་ཀྱིས་གཡས་སྐྱོར། གཡོན་སྐྱོར། རྒྱབ་བསྙེས་མདུན་
6
བསྙེས། ཟ་འོག་འབོལ་གདན་ཇེ་འབོལ་བྱས། ན་ཟུག་ལུས་ཀྱིས་མི་བཟོད་པར་ལུས་པའི་དུས།
གཡས་གྲལ་གྲལ་གྱི་གྲལ་མགོ ཤིང་ཁྲི་ནག་པོ་རྨ་བྱ་འགྱིངས་པའི་ཡང་སྟེང་དེ་ནས། བྲག་ནག་ ཁྱུང་ཚ་བཙན་པོ་དེས། གཏམ་དེ་ཚོ་རྣ་བས་ཉན་འདོད་མེད། བརྒྱད་ཅུའི་མི་རྒན་འཆལ་གཏམ་ དེས། ཇུས་གྲུ་བཞིའི་དོན་ལ་ཕན་ལེ་མེད། སྐྲག་ལེ་འཇིགས་ལེ་སྡུག་ལེ་གསུམ། མི་འཐབ་མི་ ཕོད་མི་ནུས་གསུམ། ལུས་རྒས་སེམས་ཀྱི་འགྱོད་པ་རེད། ཕྱི་ཡི་ཤ་སྐམ། ནང་གི་རུས་སྐམ།
བར་གྱི་དབུགས་ཉམས་པའི་རྒད་པོའི་གཏམ་ལ་ཆ་འཇོག་ཅི་ཡོད། ལོ་རེ་རེ་སོང་ན་ཇེ་རྒས་ཡིན། ཆ་དང་ཤེས་པ། བློ་དང་རིག་པ་གསལ་ཏུ་འགྲོ་བ་ཅི་ལ་སྲིད། རྒད་པོ་བརྒྱད་ཅུའི་སྡར་གཏམ་
དང་བཅུ་གསུམ་བྱིས་པའི་མཚར་གཏམ་གཉིས། བུད་མེད་འཆལ་མོའི་རུམ་གཏམ་གསུམ། ཆ་
འཇོག་རྒྱུ་མེད་པའི་གཏམ་གསུམ་རེད་ཟེར་ནས་རྐན་སྒྲ་བྲག་ཅ་འཁོར་འདྲ་ཞིག་བྱས་ནས་རྐང་ གཡས་པའི་སྟེང་ལ་གཡོན་པ་བཞག རྐང་མགོ་ཡུག་ཡུག་བྱས། རྐང་བརྗེས་ལན་གསུམ་བྱས།
སི་གླུ་འཚེར་འཚེར་བླངས། ཡ། རྒྱལ་བློན་རྣམས་ལས་ཨེ་འདྲ་སྡོད་ཐབས་ཅི་ལ་རེད། དགྲ་ལ་ ཕྱག་རྒྱ་བྱེད་ལེ་མིན། །ཐན་ལ་གཡང་འགུགས་བྱེད་ལེ་མིན། །སྐྱེས་ཕོ་ལུས་བླངས་པའི་དོན་
རྩ་ལ། །མགོ་འབུལ་ཕྱག་འཚལ་བྱེད་པ་ལས། །ལུས་དུར་སར་ཐེངས་དགུ་སྦས་ན་དགའ། །ང་
མི་སྡོད་རྟིང་མ་ལེན་པར་འགྲོ། །རྗེ་རྒྱལ་པོ་ལྷ་སྒར་དཀྱིལ་ལ་བཞུགས། །ཁྱོད་བློན་རྒན་གཏམ་ དེ་ལོས་ཀྱང་བདེན། །མགོ་དེ་སྐྱ་མིན་སྔོ་མིན་ལ། །དེ་ལ་བག་མའི་རེ་བ་མེད། །བློ་དེ་སྔ་བློ་ཕྱི་
བློ་ལ། །ཚེ་འདི་ལ་མུ་གེའི་རང་བཞིན་རེད། །ཁྱོད་གཏམ་འགྱོད་པ་ཅན་དང་སྡར་གཏམ་རེད། །ཁྱོད་ མི་ཤེས་བླ་མ་ཟོག་པོ་དེ། །ཆོས་རྩོད་མེད་པར་ཁ་ལྕེ་བརྡར། །ལྷ་འདྲེ་གར་སོང་རིག་རབས་
མེད། །ཤེས་ཡོན་ཏན་མེད་པའི་ཕ་ཁུ་དེ། །ཁ་ཁོག་རྒས་ནས་སྡར་གཏམ་བཤད། །ཇུས་གྲུ་བཞི་ བདེ་ལ་འཁོད་རབས་མེད། །རྒྱུ་ནོར་མེད་པའི་སྤྲང་པོ་དེས། །སྟོང་གཏམ་ཤོད་ཅིང་ཧམ་ཟོས་
བྱེད། །ཟས་གོས་ཕུན་སུམ་ཚོགས་རབས་མེད། །ཟེར་བའི་དཔེ་དེ་ལོས་ཀྱང་བདེན། །ཁྱོད་རང་ བསམ་པ་ལོས་བདེན་ཏེ། །བློན་པོའི་བློ་ལ་མི་འགྲོ་འདུག །ཕོ་ང་འདྲ་ཁྱོད་རྣམས་ལོས་མཁྱེན་
ཡང་། །མིང་བོས་ན་བྱ་ནག་ཁྱུང་ཚ་ཟེར། །ཕ་རྒྱུད་བདུད་ལ་མ་རྒྱུད་བྱ། །ཁྱུང་ཆེན་བྱ་ཡི་རིགས་ རྒྱུད་ལ། །སྤུ་རེ་སྒྲོ་རེ་མཚོན་ཆ་ཡིན། །སྒྲོ་ཆེན་རེ་ལ་མདའ་ཆེན་རེ། །སྒྲོ་ཆུང་རེ་ལ་མདའ་རྩེ་
7
རེ། །གཤོག་སྒྲོ་རེ་ལ་རལ་གྲི་རེ། །བྱ་འཕུར་གཤོག་སྒྲ་དིར་རེ་ཡོད། །འཕུར་ན་བྱ་ལམ་ཟིན་
ལེ་ཡིན། །བབ་ན་རི་རབ་ནོན་ལེ་ཡིན། །ཁྱུང་ཆེན་བྱ་དང་ཁྱུང་ཕྲུག་བུ། །བར་སྣང་མི་ལྡིང་བསམ་ པ་མེད། །བཙན་བདུད་བུ་དང་ཀླུ་བདུད་བུ། །སྤྲུལ་པ་མི་འགྱེད་བསམ་པ་མེད། །ངར་ཆེན་འཆི་
བདག་གཤིན་རྗེ་དེས། །སྲོག་གཅོད་མི་བྱེད་ཅི་ལ་སྲིད། །བྱ་ཆེན་ཐང་དཀར་རྒོད་པོ་དེས། །འཕུར་ རྩལ་མི་ངོམ་ཅི་ལ་སྲིད། །གསེར་གཤོག་ཉ་མོ་འཁྱུགས་ཆེན་དེས། །རྒྱ་མཚོར་མ་འཁྱུགས་ཅི་ ལ་སྲིད། །སྟག་མོ་འཛུམ་དྲུག་རི་མོ་ཅན། །ནགས་རྫོང་མི་ཟིན་ཅི་ལ་སྲིད། །རྡོ་མཁར་སྨུག་པོ་ དཔའ་རྫོང་ནས། །དཔའ་བོ་ཁྱུང་ཚ་བློན་ཆེན་དེས། །རྒྱལ་རྒྱུད་མི་སྲུང་ཅི་ལ་སྲིད། །དགྲ་འདྲེ་
གླིང་རུའི་ཆོ་འཕྲུལ་དེ། །ད་ལོ་རང་ཡུལ་བབ་ཞན་འདྲ། །ཇོ་རུ་ཁོ་དང་ཁྱུང་ཚ་ང་། །འཕུར་རྩལ་ གཤོག་པ་སུ་རིང་བལྟ། །རྟ་མིན་རྐྱང་མིན་བོང་བུ་མགོ །ལྷ་རྟ་འམ་ཞིག་ཡིན་རབས་ཟེར། །ང་ བྱ་རྟ་གླག་མོ་བཅུམ་ཆེན་དང་། །བང་རྩལ་རྒྱུག་ལ་སུ་མཁས་བལྟ། །གནམ་ལྕགས་ཁྲོ་ཡི་རལ་ གྲི་དང་། །ཕོ་ཐ་སྐེད་ཀྱི་ཡུ་རིང་གཉིས། །རྣོ་ངར་གཡུག་ཆོད་སུ་ཆེ་བལྟ། །དེ་ནས་རྒྱལ་བློན་ ཚོ་ཆེན་ཚོ། །མདུན་གྲལ་འཚོགས་པའི་ཡང་གོང་ནས། །རྒྱལ་པོ་ཁྲི་གདུགས་འོད་ཀྱིས་
ཁྱབ། །བློན་ཆེན་སྐར་ཚོགས་རང་བཀྲ་ཡིན། །ཉི་མ་ཟླ་བ་སྐར་མ་གསུམ། །བར་སྣང་དབྱིངས་ ན་བྲལ་མེད་ཡིན། །རྒྱལ་པོ་བློན་པོ་འབངས་སྡེ་གསུམ། །བྱང་ལུང་མཐིལ་ནས་བྲལ་མེད་
ཡིན། །ཨ་ཙི་ཤོད་པའི་ཡང་ལྕེ་དང་། །ཨ་ཁ་ཤོད་པའི་ཡང་ཁ་གཉིས། །མི་ཕོད་ཤོད་པའི་མ་
རྒན་གཅིག །མི་ནུས་ཤོད་པའི་མོ་ཧྲེང་གཉིས། །དེ་ཚོ་མི་རྒན་སྡར་གཏམ་རེད། །བཅུ་གསུམ་ བྱིས་པ་བློ་སྒོ་མཚར། །ཁ་མཚར་ལག་མཚར་གཉིས་ཀ་ཡོད། །ཟས་གོས་རྒྱུ་ནོར་ཁུར་པོ་
མེད། །བརྒྱད་ཅུ་ལོན་པའི་རྒད་པོ་དེ། །མི་བྱེད་མི་ནུས་མི་ཕོད་གསུམ། །དཔའ་རྩལ་སྙིང་སྟོབས་
ལུས་རྩལ་གསུམ། །ལོ་ན་མཐོ་བས་རང་ཉམས་རེད། །དེ་ལ་ཁ་རྩོད་བྱ་རྒྱུ་མེད། །ལོ་རེ་སོང་
བའི་ན་རྒན་དེ། །འཆི་ལ་འཚེར་ཡང་བྲོས་ས་མེད། །གཤོག་སྒྲོ་ཟད་པའི་བྱ་རྒན་དེ། །འཕུར་ལ་
འཚེར་ན་ཁ་ཟས་མེད། །ན་སོ་མཐོ་བའི་རྟ་རྒན་དེ། །རྒྱུག་ལ་འཚེར་ཡང་རང་དབང་མེད། །ལར་ གཞི་སྔ་མིའི་གཏམ་དཔེ་ལ། །ན་ནིང་གཏམ་དེ་མ་ཉན་ཟེར། །ཇུས་གྲུ་བཞི་ཕྱི་ནང་བརྗེས་ཡོང་
ཟེར། །ཇུས་ཆེན་གཡུལ་ཆེན་འཁྲུག་ཉིན་མོ། །ཤི་གསོན་ཅི་ཡོང་མ་ཤེས་ཏེ། །རྟིང་མ་ཆོད་པའི་
8
རེ་བ་ཡོད། །ང་མི་འདུག་ཁེར་རུ་དགྲ་ལ་འགྲོ། །སྐྱེས་པ་ཕོ་ཡི་ལུས་ཆས་དེ། །དེ་རིང་ཐེངས་
གཅིག་ངོམ་འདོད་ཡོད། །ང་འདྲ་ཚུར་འཁོར་མ་བྱུང་ན། །རྒྱལ་བློན་བཀའ་གྲོས་ཞིབ་ཀྱིས་
མཛོད། །དེ་མིན་དཔའ་བོའི་རྟིང་མ་ལ། །མ་བྱེད་མ་འགྲོ་བཤོལ་ཐབས་མེད། །གླིང་སྡུག་ཇོ་རུ་ མནའ་ཟན་དེས། །འཛམ་གླིང་ཁྲག་བཞིན་དཀྲུགས་དཀྲུགས་ཀྱིས། །དགྲ་སྣེ་ཇག་གིས་བརྡུང་ འདོད་ཡོད། །མེ་སྣེ་ཆུ་ཡིས་གསོད་འདོད་ཡོད། །ཆར་སྣེ་རླུང་གིས་གཅོད་འདོད་ཡོད། །ཨེ་
རེད་མ་རེད་རྒྱལ་བློན་རྣམས། །རེད་ན་ཡིན་པའི་གྲོས་ཐག་ཆོད། །མ་རེད་བློན་པོ་བཤོལ་ཐབས་
མེད། །གོ་ན་རྒྱལ་བློན་ཐུགས་ལ་ཞོག །མ་གོ་གླུ་ལ་ཡང་ཞུ་མེད། །ཅེས་ང་འགྲོ་ཁས་ལེན་བྱས་
པ་དེ། རང་ལུས་འདོམ་གང་གྲུ་བཞི་འདི། རང་ཐག་མི་ཆོད་གཅིག་ཀྱང་མེད། རང་སེམས་སྙིང་ མེད་འཁོར་འདས་ལ། དྲོ་གྲང་ཅི་ཡོང་རང་གིས་ཤེས། རང་རྟ་རང་ཆག་གསོས་ལེ་ཡིས། རིང་
ཐུང་ཅི་འགྲོ་རྟ་ཕོས་ཤེས་ཟེར་བ་ལྟར། ཡར་རྒྱལ་པོ་ལ་བཀའ་འདྲི་མེད། མར་བློན་ཚོགས་ཀྱིས་ བཤོལ་མ་མེད། འབངས་མི་སྡེས་ཁ་ཏ་མེད། བློ་རིག་པའི་གྲོས་མགོ་མ་བཟུང་། །ཧམ་ཆེན་གྱི་ དཔའ་གཏམ་མེ་ལྕེ་འབར་འདྲ་བཤད། ལྕགས་ནག་ཟིལ་འོ ད་འབུམ་རྫོང་ལྕགས་ཀྱི་ཐུ་ལུམ་དགུ་ བརྒྱ་ཡོད་པ་དེ་ལུས་ལ་ཟིང་ཟིང་འུར་འུར་གྱིས་བསྐོར། མགོ་ལ་དར་ནག་སྤྲིན་ལྟར་འཁྲིགས་
འདྲ། རྒྱབ་དར་ནགས་ལ་གྲིབ་སོ་ཁུག་འདྲ། ལྕགས་ནག་པོའི་འཁོར་གསུམ་ལུས་ལ་བསྐོར། བྱ་ཁྱུང་ཆེན་ནམ་འཕང་གཅོད་འདྲ། ཉི་མ་གཟའ་ཡིས་བཟུང་འདྲ། བར་སྣང་སྤྲིན་གྱིས་ཁེངས་
འདྲ། ཆུ་རླུང་རི་ལ་འཁྲིགས་འདྲ། རྟ་འདོ་ཆེན་གླག་མོ་བཅུམ་ཆེན་དེ་ལ་སྒ་རྒྱག སྟན་སྟོད། སྲབ་ གཡོག་དུས་གཅིག་བྱས། མི་རྟ་སྤྲུལ་པའི་འཁོར་ལོ་ལ། གནམ་ལ་འཕུར་དང་ས་ལ་འཛུལ། རླུང་ ལ་སྤྲུལ་དང་ཆུ་ལ་སྤྲུལ། འབྱུང་བ་རང་དབང་ཐོབ་ལེ་ཡིན། དེ་རིང་ཇོ་རུ་ཞགས་པས་བཟུང་དང་
མཚོན་ལ་འདྲེན། ཐེ་ཚོམ་ལར་གྱིས་མེད་བསམ་བཞིན་རྟ་ཐོག་ལ་ཐོན་ནས་ལ་ཆེན་ལ་གོམ་ཆེན་ དང་ལུང་ཆུང་ལ་གོམ་ཆུང་བྱས་ནས་ཆས་པས། དེར་ཡོད་དཔོན་དམག་རྣམས་ཀྱིས་བདུད་ལྷ་
རྣམས་ལ་ཤ་ཁྲག་གི་མཆོད་འབུལ་བྱས། དགའ་རབ་དང་ཐེའུ་རང་རྣམས་ལ་ཕག་དང་ར་ནག་ གི་ཤ་ཁྲག་མཆོད་པ་ཕུལ་ནས་བློན་པོའི་ཕྱོགས་ལ་དམིགས་པ་བྱས་ནས་བསྡད་དོ།། །།
9
ལེའུ་གཉིས་པ། གླིང་སྒར་དེ་བྲག་ནག་གཡའ་མ་སྔོ་ལེབ་ཐང་ལ་ཡོད་པས། ཁོ་ཡིས་རྫ་ཆུ་དང་དཀར་ཆུ་
བཅད་ནས་བེ་ཆུའི་རབ་ཁར་འབྱོར་བ་དང་གླིང་གི་སོ་པ་རྣམས་ཀྱིས་མཐོང་ཏེ་ལྷ་བསང་དཀར་ པོའི་བརྡ་བཏང་བར། གླིང་སྒར་ནས་དགྲ་ཡོད་པ་ཤེས་ཏེ་རང་སྒར་བཟུང་ནས་བསྡད་པར། ཉི་
མ་རི་རྩེར་ཕོག་པ་དང་ཁྱུང་ཚ་བཙན་པོ་དེ་གླིང་སྒར་གྱི་ཤར་ཕྱོགས་ནས་མེ་ལྕེ་འབར་འདྲ། གློག་ དམར་འཁྱུག་འདྲ། རྦབ་རྒོད་འགྲིལ་འདྲ། ཆུ་བོ་འབབ་འདྲ་བྱས་ནས་མཆོངས་བྱུང་བར། ཤར་སྒར་
གྱི་སྒར་སྲུང་ཞང་ཞུང་དམག་གི་ཁྲི་དཔོན་བློན་ཆེན་སྟག་མོ་ཁྲི་བཙན་དང་། གཡུང་དྲུང་དམར་པོ་
བཙན་རྒྱལ། སྟག་ལྷ་ཁྲི་རྒྱལ་གསུམ་ཡིན་པས། ཁོང་གསུམ་གྱིས་གདོང་ལེན་བྱས་པར། གཡུང་ དྲུང་བཙན་རྒྱལ་ལ་རྡོ་ཞིག་བརྒྱབ་ནས་མི་རྟ་གཉིས་ཐལ་བ་འཚུབས་སེ་ས་ལ་བསྒྲིལ། ཞང་ཞུང་ སྟག་མོ་ཁྲི་བཙན་གྱིས་ཁོ་ཡི་གདོང་བཀག་ནས་མདའ་གསུམ་འཕངས་པས། ཁོ་སྤྲུལ་པ་རླུང་
ལ་བསྐྱོད་ནས་གར་སོང་མེད་པར་ཡལ་བ་བཞིན་མི་མཐོང་བའི་ངང་ཞང་ཞུང་གི་སྒར་དཀྱིལ་དུ་ ཤོར་ཏེ་སྤྱང་ཀིས་ལུག་ཁྱུ་གཏོར་བ་བཞིན་མདུང་ནག་པོ་དུག་ཤིང་ཡུ་བ་ཅན། ལྕགས་སོ་བཅོ་ ལྔ་ཡོད་པ་དེ་ཀླད་ལ་བསྐོར་ནས་ཞང་དམག་རྣམས་ཨ་ར་ཨ་ནས་ལུང་པ་ཁེངས་ལེ། དམྱལ་བ་ མཐིང་ནག་གི་ཡུལ་འདྲ་བ་ཞིག་བཟོས་བྱུང་བར། ཞང་སྲས་ཀརྨ་ཨ་བརྟན་གྱིས་ཁོ་ཡི་གདོང་
བཀག་པར་མདུང་བསྣུན་ནས་ཞང་སྲས་བཀྲོངས། དེ་ནས་ཁོ་ལྷོ་ཕྱོགས་འོམ་འཇང་གཉིས་ཀྱི་ སྒར་ལ་གཏད་ནས་ཤོར་སོང་བར། སྟག་མོ་ཁྲི་བཙན་དང་དཔའ་བོ་གཡུལ་རྒྱལ། གཡུང་དྲུང་
ནོར་བུ་གསུམ་དེས་གུང་ཨ་ཡེར་རྒྱལ་པོའི་གདམས་ངག་སྒྲུབ་རྫས་ཀྱི་གཏེར་མདའ་རེ་ཡོད་པ་ དེ་མདའ་ལྟོང་དུས་གཅིག་སྤྲས་ནས་རྦབ་རྒོད་འགྲིལ་བ་བཞིན་ཁོ་ཡི་མདུན་དུ་མཆོངས། ཞང་ ཞུང་གཡུང་དྲུང་བོན་གྱི་གཏེར་མདའ་དེ་གསུམ་འོ ག་ནས་འཆི་བདག་གཤིན་རྗེ་ཆོས་ཀྱི་རྒྱལ་
པོ་མིན་པ་བྲོས་ནས་ཐར་ས་མེད་བསམས་ཏེ་ཕྱོགས་གསུམ་ནས་མཐའ་བསྐོར་བས། ཁོ་ཡིས་ དཔའ་ཚོད་བཟུང་། སྟག་མོ་ཁྲི་བཙན་དང་མདའ་རྒྱང་ཉེ་བའི་སར་སླེབས་པས། འདི་སུ་ཞིག་ ཡིན་ནམ་བསམས་ཏེ་མདུང་སྐྱ་རིང་གི་སོ་ཁ་སྟག་མོ་ཁྲི་བཙན་ལ་གཏད་ནས་ཤ་ཟ་ངར་ཆེན་
10
གྱི་རྟ་ལ་དྲངས་ནས་དཔའ་གླུ་འདི་བླངས་པར་གདའ་འོ ། །
གླུ་བསེར་བསེར་ཨ་སྔོན་དབྱིངས་ནས་ལེན། །ཤར་ཉི་མའི་ཟེར་མདངས་རྒྱས་ཉིན་
མོ། །དགུང་སྐར་ཚོགས་མང་ཡང་ཡལ་ནས་འགྲོ། །ས་འདི་འདྲ་ས་ངོ་མ་ཤེས་ན། །བྱང་བྱེ་རིའི་
རྩྭ་ཐང་རིང་མོ་རེད། །ཕོ་ང་འདྲ་ཁྱོད་ཚོས་མ་ཤེས་ན། །ཤར་ཁྲི་སྡེ་བཅོ་ལྔའི་བདག་པོ་ཡིན། །རྫོང་ སེང་རྫོང་རྡོ་མཁར་སྐྱ་རིང་ཡིན། །དཔའ་གཡེར་ཆེན་གོང་ལ་བུད་ལེ་ཡིན། །མ་བཙན་བྱ་ནག་
ཁྱུང་གི་བུ། །ཕ་བདུད་སྲིན་པོ་ནག་པོའི་བུ། །ང་བཙན་བདུད་ཐོགས་པའི་ཁྱུང་ཚ་ཡིན། །ཕོ་རྒོད་ པོ་གཉའ་ནས་གནོན་མི་ཡིན། །དུས་ན་ནིང་ཉི་མ་ཚུན་ཆད་ལ། །ལོ་ཨ་ལོང་འདྲ་ཞིག་ཧྲིལ་པོར་
བསྐོར། །ངེད་རང་ས་ནོར་བུའི་གཞི་གླིང་དེར། །ཁྱོད་འདྲེ་ལག་ལག་རིང་བརྐྱངས་ནས་བྱུང་། །ང་ གཏིང་མེད་རྒྱ་མཚོ་ཕྱུག་མོ་འདི། །ཁྱོད་ཀླུ་བདུད་གྲམ་ཐང་བསྒྱུར་ནས་བྱུང་། །ངེད་ལྷ་ཁང་བཀྲ་
ཤིས་ར་བ་ལ། །ཁྱོད་སྐད་ངན་ཕཊ་སྒྲ་བརྒྱབ་ནས་བྱུང་། །འདི་སྔར་གྱོད་མེད་པའི་ད་གྱོད་རེད། །ཝ་ གྲོ་ལོ་བྲོས་བྲོས་ཁུང་ལ་བྲོས། །ཁུང་དུ་བས་བཀག་ན་གང་ན་བྲོས། །ཤྭ་ཕོ་ཆེན་བྲོས་བྲོས་རི་
ལ་བྲོས། །རི་རྔོན་པས་བཀག་ན་གང་ན་བྲོས། །ཕོ་སྡར་མ་བྲོས་དུས་སྒར་ལ་བྲོས། །སྒར་དཔའ་ བོས་བསྐོར་ན་གང་ལ་བྲོས། །ཁྱོད་ཨ་རེ་གླིང་རུའི་ཕོ་ཁྲམ་དེ། །དགྲ་འཐབ་ཚོད་དཔུང་པས་མ་
ཟིན་ན། །རྨོག་དར་འཕྲུ་མི་ལག་ཤོར་རབས་ཡོད། །ཆོས་མེད་པའི་བླ་མ་ཟོག་པོ་དེས། །ཚེ་ཕྱི་ མའི་ཡར་འདྲེན་མི་ཤེས་པར། །དཀོར་ནག་པོ་ན་བུན་འཚུབ་འཚུབ་རེད། །ཤི་དམྱལ་བར་འགྲོ་ ཉིན་མཚར་མོ་ཡོད། །དཔོན་ཆོས་རྒྱལ་མཇལ་དུས་ངོ་རེ་ཚ། །ཁྲིམས་མི་དྲང་དཔོན་པོ་རྒྱུ་ཟན་ དེས། །ཕོ་བཙན་པོའི་དཔུང་རོགས་བྱས་བྱས་ཀྱིས། །འབངས་མི་སྡེ་ཞེན་ཁ་ལོག་རབས་
ཡོད། །དུས་ཕར་སོང་རླུང་རྟ་གུད་པའི་དུས། །ཁྲི་མཐོན་པོའི་སྟེང་ནས་ཕབ་ཉིན་མོ། །འབངས་
མི་སྡེའི་མདུན་ན་ངོ་རེ་ཚ། །དཔའ་མེད་ལེ་དཔའ་བོ་འཁོར་གསུམ་ཅན། །དགྲ་མི་ཐུབ་གོ་མཚོན་
གནམ་ལ་ཟིང་། །དམག་ཁྲ་མོའི་སྒར་ལ་རྩེབས་ཉིན་མོ། །བུ་དཔའ་བོ་སྟག་གཟིག་ཁ་སྤྲོད་ལ། །དགྲ་ མི་ཐུབ་མགོ་བོ་སྒུར་རུ་རུ། །ལུས་རྟིང་མ་ཤོར་ཉིན་ངོ་རེ་ཚ། །དམན་བུ་མོ་གཡུ་ཁྲ་ནོར་བུས་ བརྒྱན། །ཕ་ཨ་ཁུའི་གོ་ལ་སྡོད་ཉིན་མོ། །མཛེས་སྐྱེ་ལོ་ངོམ་ཚོད་མ་ཟིན་ན། །བུ་ཁྲམ་པས་ཁ་ རྩེད་ལག་རྩེད་བྱེད། །སྐྱ་ཐར་རེར་བྱི་ཕྲུག་ཁུར་ཉིན་མོ། །ཁྱིམ་གྲོང་ཚོའི་ནང་དུ་ངོ་རེ་ཚ། །དེ་
11
ཨེ་བདེན་སྔ་མིའི་གཏམ་དཔེ་རེད། །ཁྱོད་གླིང་མི་གཞིས་མེད་ཡུལ་མེད་འདྲ། །ངེད་བྱང་ཡུལ་ ཧམ་པས་བཟུང་ན་བསམས། །མདུང་སྐྱ་རིང་འཕྲུལ་འཁོར་རྩེ་མོ་འདི། །ཕོ་ཁྱུང་ཚ་རྒྱུག་ཞོར་
ལྡིང་ཞོར་ཡིན། །ཁྱོད་འདིར་ཡོང་མི་གསུམ་ཐབ་རྡོ་འདྲ། །ཞེས་ཟེར་ནས་མདུང་དེ་སོ་ཁ་ཕུད་
ནས་བདུད་དགའ་རབ་ཆོས་སྐྱོང་མཐུ་སྟོབས་དང་ལྡན་པས་མེ་ལྕེ་ཁྲུ་གང་ཙམ་འབར་ནས་དམར་
ལྷབ་ལྷབ་ཀྱིས་ཞང་ཞུང་སྟག་མོ་ཁྲི་བཙན་དང་དཔའ་བོ་གཡུལ་རྒྱལ། གཡུང་དྲུང་ནོར་བུ་གསུམ་ གྱི་སྟེང་དུ་མཆོངས་བྱུང་བར། དཔའ་བོ་གསུམ་པོ་དེས་ཉམས་སྣང་མེད་པར་མདའ་མོ་གསུམ་
དེ་འཕེན་གྲབས་བྱེད་སྐབས། ཞང་ཞུང་སྟག་མོ་ཁྲི་བཙན་དེས། མུ་སྟེགས་འཕྲུལ་མདའ་དེ་ལན་
གཅིག་བརྫངས་པར། ཁྱུང་ཚའི་གཤོག་པ་གཡས་པའི་སྟེང་དུ་ཐེབས་ཏེ་བྱ་གཤོག་ནག་ཐར་རེར་ གཏོར་བྱུང་ཡང་། འདུལ་སྐལ་དུས་ལ་མ་བབས་པས་གནོད་ཆེ་བར་མ་ཐུབ། ཚུར་མདུང་ལན་
མང་བསྣུན་ཡང་སྟག་མོ་ཁྲི་བཙན་ལ་བོན་ལྷ་རྣམས་ཀྱི་མགོན་སྐྱབས་ཆེ་བས་གནོད་མ་ཐུབ། གཡུང་ དྲུང་ནོར་བུ་ལྷ་རྒྱལ་དེ་ལ་མདུང་གཅིག་བསྣུན་པས་རང་སར་གྲོངས། དཔའ་བོ་གཡུལ་རྒྱལ་
འབུམ་ཐུབ་དེས་ཁོ་ཡི་རྗེས་སུ་བརྒྱུགས་ནས་མདའ་ཞིག་འཕངས་པས་ཁོ་ཡི་དཔུང་པར་ཐེབས་
ཀྱང་གནོད་མ་ཐུབ། ཚུར་མདུང་གཅིག་གཡུགས་པ་གཡུལ་རྒྱལ་གྱི་བྲང་དཀྱིལ་དུ་ཐེབས་ནས་
གྲོངས། ཁོས་དམག་སྒར་ཕར་ལ་གཤགས་ནས་ལྷོ་ཕྱོགས་ཀྱི་སྒར་ལ་གཏུགས་བྱུང་བར། འོམ་
བུའི་མགོ་འདྲེན་འཇང་སྲས་གཡུ་ཁྲི་གུང་རྗེ་དང་དཔའ་བརྟུལ་སྟག་རྒྱལ། མེ་ཉག་བཙན་པོ། ཀླུ་ ཁྲི་འབུམ་ཐུབ། སྟག་ལྷ་ཁྲི་དཀར། གཡུ་འོད་དཔའ་རྒྱལ། རྨ་བྱ་བཙན་པོ་རྣམས་དཔུང་སྒྲིག་
བྱས་ནས་ཁོ་ཡི་རྗེས་འདེད་བྱས་ཏེ་མདའ་གྲི་མདུང་གསུམ་གྱི་མཚོན་ཆ་གང་ཐོབ་འཕངས་པས།
ཁོས་གནམ་ལ་འཕུར་འདྲ། བྲག་ལ་འབབ་འདྲ། ཐང་ལ་རྒྱུག་འདྲ། ཆུ་ལ་འཁྱུད་འདྲ་སྤྲུལ་པ་སྣ་ ཚོགས་བསྐྱེད་དེ་དམག་མང་ཆག་ཉིལ་དུ་བཏང་བྱུང་བ་ན། འཛམ་གླིང་སེང་ཆེན་ནོར་བུ་དགྲ་
འདུལ་དེས་ཐུགས་ཀྱིས་མ་བཟོད་པར། སྟེང་གི་ལྷ་ཡུལ་ནས། ལྷ་ཕྲུག་མཐོང་བ་འོད་ལྡན་དང་
འོག་ཕྱོགས་ཀླུ་ཡི་ཡུལ་ནས་ཀླུ་ཕྲུག་སྣང་བ་སྔོན་མོ། ཨ་ནེ་རྒོད་ལྕམ་དཀར་མོ་གསུམ་ལ་སྐུལ་
མ་བྱས་པར། མི་དཀར་རྟ་དཀར། མི་སྔོན་རྟ་སྔོན། མི་སེར་རྟ་སེར་གསུམ་གར་ཡོང་དང་འདི་ ཡོང་མེད་པར་ཁོ་ཡི་མདུན་དུ་ཐོན་ནས་གྲི་རུབ་བརྒྱབ་ཀྱང་དེ་ཐུབ་དང་འདི་ཐུབ་མ་བྱུང་། ཁོ་
12
བྱང་སྒར་གྱི་སྟེང་དུ་བྱ་ཁྱུང་ཆེན་གནམ་ནས་འཕུར་འདྲ། ལྕགས་སྡེར་ཐང་ལ་བརྐྱངས་འདྲ། གཤོག་སྒྲོ་སྤྲིན་ནག་གཡོ་འདྲ། རྟ་འདོ་བ་གླག་མོ་བཅུམ་ཆེན་དེ། རྐང་རྨིག་བཞིར་འཁོར་ལོ་
བསྐོར་འདྲ། སྤུ་རྩེ་ནས་མེ་འབར། སྤུ་སྐེད་ནས་དུ་བ་ཐུལ་ལེ། སྤུ་རྩ་མེ་སྟག་འཁྲུགས་སེ་མཆོངས། འདན་མའི་གུར་ལ་རལ་ཤན་བརྒྱབ་ཅིང་། དམག་སུམ་ཅུ་ཙམ་ཞིག་གཡས་སྒྲིལ་གཡོན་སྒྲིལ་
བཏང་བས། གླིང་དཀར་འདན་མ་བྱང་ཁྲ་དེ་ཞེ་རྩ་གཏིང་ནས་འཁྲུགས། ང་རྒྱལ་གྱིས་མེ་འབར་
བ་བཞིན་རྟ་འདོ་བ་དངོས་གྲུབ་ལྡེམ་པར། སྒ་རྒྱག་སྟན་སྟོད། རྨེད་གཡོག་སྲབ་སྐོན་དུས་གཅིག་
བྱས། གཡུ་ཁྲབ། གཡུ་མདའ། འཁོར་གསུམ་སྔོན་པོའི་འཁོར་གྱིས་བསྐོར། མི་དང་མི་འདྲ་གཡུ་ འབྲུག་འདྲ་བ་ཞིག་བྱས་ནས་སྒ་འགྱུར་ཡོབ་འགྱུར་ལིང་ལིང་གིས་མདའ་སྐོར་གཞུ་སྐོར་བྱས། གཞུ་མོ་འཁྱོག་མེད་ཨ་ལོང་ནང་མདའ་མོ་བྲག་རི་སྟོང་གཅོད་དེ་ལྟོང་ཁ་སྤྲད། ཁོ་དང་མདའ་
རྒྱང་གང་གི་སར་ཡོང་བར། ཁྱུང་ཚ་དེས་ཞགས་པ་ཉི་ཟླ་གཟའ་འཛིན་དེ་ལྕགས་ཀྱུ་སིང་སྒྲ་ཐར་
རེ། ཨ་ལོང་རྩེ་མོ་བསྐོར་རེ། བདུད་ཞགས་མེ་ལྕེ་འབར་རེ། འདན་མ་དང་ཉེ་བཅར་གྱིས། ཁྱུང་
ཚ་བཙན་པོ་དེ་གློག་དམར་འཁྱུགས་པ་བཞིན་དུ་འདན་མའི་སྟེང་དུ་མཆོངས་ནས་ཞགས་པ་དེ་
འཕངས་པས། ལྕགས་ཀྱུ་གཉིས་འོག་ཁྲབ་ལ་ཐེབས། ལྕགས་ཀྱུ་གསུམ་མདུན་གྱི་མེ་ལོང་ཟུར་ ལ་ཐེབས། སྐེ་ལ་ཨ་ལོང་འཁོན་བྱུང་བ་དང་ཁོ་ཡིས་ཤུགས་ཀྱིས་འཐེན་པས། འདན་མ་དང་
ཁྱུང་ཚ་གཉིས་ཤུགས་རྩལ་འགྲན་པར། བདུད་ཕྲུག་རྩལ་ཆེ་བ་ལྟར་གྱིས་འདན་མ་མི་རྟ་གཉིས་ ཁྱི་ཁྲིད་པ་ལྟར་ཕར་ཙམ་དྲུད། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེ་ཐུགས་དགོངས་གཏིང་ནས་འཁྲུགས་
ཏེ་འཁོར་གསུམ་ལུས་ལ་བསྐོར་ནས་ཆས་གྲབས་བྱེད་སྐབས། རྒྱལ་པོ་སེང་ཆེན་གྱིས། དེ་རིང་ སྲས་ཆུང་ཆས་པའི་བསྐལ་བ་མེད། གཟའ་སྐར་མི་ལེགས་པས་སྐུ་ཚེ་ལ་གནོད་འཚེ་ཡོང་ཉེན་
ཆེ། དེ་ལས་སྤྲུལ་པའི་ལྷ་ཚོགས་གཏོང་དགོས་གསུངས་ནས། དགྲ་ལྷ་ཁྱུང་ཐུལ་བཙན་པོ། དགྲ་ ལྷ་དམར་ཡག་སྟག་མོ། དགྲ་ལྷ་གཡུ་རལ་སེང་ཐོད། དགྲ་ལྷ་འབྲུག་ལྕེ་མེ་འབར། དགྲ་ལྷ་སྟག་ མོ་འཛུམ་དྲུག དགྲ་ལྷ་གཟིག་མོ་ཐིག་ཡག དགྲ་ལྷ་བྲེ་སེར་ཨོག་དཀར། དགྲ་ལྷ་དོམ་བུ་ཐོད་ དཀར། འབྲོང་གཡག་དར་མ་བཅུ་གསུམ། དགྲ་ལྷ་ཉ་ཆུང་གཤོག་འཛིན། དགྲ་ལྷ་ཤ་བ་རྭ་བཅུ་
བཅས་ཀྱི་དགྲ་ལྷ་ཝེར་མ་བྱེ་བ་ས་ཡ་ལ་བཀའ་མྱུར་བསྩལ་བས། དགྲ་ལྷ་གཉན་སྟག་དམར་པོ་
13
དེ་ཁ་གདངས་ལྕེ་གཡུགས། སྟག་གཞན་དང་མི་འདྲ། རི་དེའུ་འབུར་ཙམ་ཞིག་གིས་བེ་ཆུ་ཕར་ གཅོད་མར་གཅོད་བྱས། སྡེར་མོ་གནམ་ལ་བརྐྱངས། འཛུམ་དྲུག་གིས་བར་སྣང་ཁེངས་ལེ། གཡུ་ འབྲུག་ངར་སྒྲ་སྒྲོག་པ་བཞིན་མཆེ་བ་འདོམ་པ་གང་རེ་ངོམས་ནས་འདན་མའི་དཔུང་རོགས་སུ་ བྱོན་པར། འདན་མས་ས་འཐེན་གནམ་འཐེན་གྱིས་ཤུགས་ཀྱིས་དཔུང་འཐེན་བྱས་པས། ཁོས་ ཕར་འདྲུད་མ་ཐུབ་པར་ཅུང་ཙམ་ལུས་པའི་དུས། དགྲ་ལྷ་གཉན་སྟག་དམར་པོ་དེས་འཕྲུལ་གྲི་
རླུང་དམར་དགུ་གཅོད་དེ་ནམ་མཁའ་ནས་གཡུགས་པར། ཁོ་ཡི་ཞགས་པ་དེ་ཞོབ་དྲི་ཚུབས་སེ་
དུམ་བུར་བཅད་བྱུང་བས། གླིང་དཀར་འདན་མ་དེ་ཡིས་མྱུར་བར་མདའ་ལྟོང་སྤྲད་ནས། ཡ། ཁོ་ རེ་མ་བྲོས་ཝ་མོ་མགོ །བྲོས་པའི་བུ་ལ་ཡོན་ཏན་མེད། །ཁྱོད་གོམ་གསུམ་ཕར་ལ་བྲོས་པས་
ན། །བྱང་བྱེ་རི་རྒྱལ་པོའི་ཤ་དེ་ཟོ། །སྟག་བརྟུལ་རྣམས་ཀྱི་རྐང་འདྲེན་གྱིས། །བྱེ་རྒྱལ་རླུང་ལ་ བསྐུར་རྟགས་གྱིས། །བྱེ་ཡུལ་སྟོངས་པར་འགྱུར་རྟགས་གྱིས། །ཁྱོད་གོམ་གསུམ་བྲོས་ན་ཁྱི་
དང་འདྲ། །ཞེས་ཟེར་ནས་མདའ་དེ་མེ་ལྕེ་རླུང་དང་བཅས་བར་སྣང་འུར་སྒྲས་ཁེངས་པ་ཞིག་བྱས་ ནས་བརྫངས་པར། ཆོས་སྐྱོང་སྲུང་མ་དང་དགྲ་ལྷ་ཝེར་མའི་དཔུང་གིས་མདའ་སྣེ་འཚོས་པས། མདའ་རྩེ་ནས་མེ་ལྕེ་མི་ཡི་བང་ལུས་ཙམ་དམར་ལྷབས་སེ་འབར་ཞིང་། ཆོས་སྐྱོང་དངོས་རྒྱུག་ གིས་འུར་སྒྲ་གཡུ་འབྲུག་སྒྲོག་འདྲ། གཞུ་སྐུད་ལྡིར་སྒྲས་དགྲ་བོའི་རྣ་བ་གས་འདྲ། བྲག་སྲིན་
རྐན་སྒྲ་ཐགས་སེ། རྫ་རི་རེ་རེའི་ཁུག་སོ་ནས་འབྲོང་ཁྱུ་ཁོལ་རྒྱུག་ཉིལ་ལེ། རྫ་ལུང་རེ་རེའི་སྤང་ ལྗོངས་ནས་གནའ་རྒོ་བ་རྐང་འགྲོས་ཐར་རེ། ཆུ་ལུང་རེ་རེའི་ཁུག་སོ་ནས་ཆབ་ཆུ་མོ་གླུ་ལེན་ ཐར་རེ་བཞིན་གྱིས་གནམ་ས་གཡོ་འགུལ་ཨེ་འགྲོ་བསམ་པ་ཞིག་གི་ངང་ནས་མདའ་མོ་དེ་ཁོ་
ཡི་མིག་རྫི་མའི་མཚམས་སུ་ཕོག ཁོ་ཡི་ཀ་ལི་དེ་ལྷ་ལ་མཆོད་པ་ཕུལ་བ་ལྟར་ཁ་ཕྱེ། ཀླད་པ་གྲོ་ ལོ་འགུལ་འགྱུར་ཤིག་ཤིག་གིས་ཚོར་མེད་དུ་བརྒྱལ། བློན་འདན་མའི་མདའ་ཡི་ཤུགས་རྩལ། ཆོས་སྐྱོང་སྲུང་མའི་ནུས་མཐུ། ལྷ་དང་བླ་མའི་བཀའ་བཀོད། སྔ་རབས་དམ་སྲི་སྨོན་ལོག་དེ།
བློན་འདན་མ་གྲུབ་ཆེན་ས་ར་ཧ་ཡི་འདུལ་སྐལ་ཡིན་པའང་མགོ་ཡར་ཐོད་གཉེར་མ་ཕྱིས་རྒྱུ་མེད། སྔོན་གྱི་ལས་ལ་གཟུར་རྒྱུ་མེད། དཔོན་ཆོས་རྒྱལ་ཁ་ཡིག་ནོར་མེད་ཡིན་ཟེར་བ་ལྟར་ཁོ་འགྱེལ་
སོང་བར། འདན་མས་མྱུར་བར་ལྷ་ཞགས་བྱ་འཛིན་ཉི་ཟླ་འཕྲུལ་ཞགས་དེ་འཕངས་ནས་ཤ་ལུག་
14
ཐག་པས་བཏགས་འདྲ། ལག་གཉིས་སྐེ་ལ་བཏགས། ཕྱི་བཀྱིག་ཨ་ལོང་འདྲ་ལེ། ནང་བཀྱིག་
གྲུ་གུ་འདྲ་ལེ་ཞིག་བྱས་པར། འདན་སྲས་གཡུ་འོད་འབུམ་མེ་དང་། འདན་རྣམ་རྒྱལ་ཐོག་ཁྲི་
གཉིས་ཕྱག་རོགས་ལ་བྱོན། ལུས་གཡས་གཡོན་ནས་བཟུང་སྟེ་ལྷ་སྒར་གྱི་ནང་དུ་ཁྲིད། ལྷ་གུར་ གྱི་འགྲམ་དུ་ལྕགས་ཕུར་བུ་ཆུང་ལོ་བརྒྱད་ཙམ་བརྒྱད་ལ་གཟུགས་གཞི་བརྒྱངས་ནས་སྐེ་ཡར་ ལ་བཏགས། རྐང་པ་མར་ལ་འཐེན། ལུས་འབྱུང་བཞི་ལྕགས་ཐག་གིས་བསྡམས་ནས་བཞག་
པར། ཅུང་ཙམ་ནས་ཁོ་དྲན་པ་གསོས་པ་དང་གཟེར་ཟུག་མི་བཟོད་པར་ཡོད་པས། ཞེ་སྡང་སྦྲུལ་ ལ་ཚེར་ལྕག་བརྒྱབ་པ་ལྟ་བུ། དུག་ནག་པོ་ཁོག་ལ་མིད་པ་བཞིན་བྱུང་ནས། ཡ། གླིང་ཇོ་རུ་མ་ ངན་བུ་སྡུག་སྣ་ལུད་དེའི་མདུན་དུ་ང་ན་ཟུག་འདི་འདྲ་བ་མྱོང་དགོས་ཅི་ཡོད་བསམས་ནས་སོ་
སྒྲ་སྒྲོག བདུད་ཀྱི་ཕོ་ལྷ་དང་མགུར་ལྷ་སོགས་ལ་འབོད་པ་བྱས་པར། ཁོ་བདུད་ཀྱི་བུ་དངོས་ཡིན་ པས། ནམ་མཁའ་ནས་སྤྲིན་ནག་པོ་འཁྲིགས་ཤིང་དེའི་ནང་ནས་འབྲུག་ནག་མེ་གཤོག་ཅན་གྱིས་ འུར་སྒྲ་སྒྲོག་ཅིང་ཐོག་སེར་འཕངས་བྱུང་བར། རྒྱལ་པོ་སེང་ཆེན་གྱིས་སྤྲུལ་པ་བསྟན་ཏེ་མིང་
མེད་ཐལ་བ་རླུང་ལ་བསྐུར་བ་ལྟ་བུར་ལྷ་འདྲེ་དང་བདུད་ལྷ་དེ་དམ་ལ་བཏགས། དེས་ནས་རྒྱལ་
པོ་སེང་ཆེན་གྱིས་གནམ་ལྕགས་ཀྱི་ཕུར་པ་དེ་ཁོ་ཡི་མགོ་སྟེང་དུ་བཞག་ནས། ཡ། ཁོ་རེ། བདུད་ ཕྲུག་ཁྱོད་འདྲ་བས་གླིང་ལ་བརྙས་པ་ཆེ་ལེ་དེས། གླིང་གི་དཔའ་བརྟུལ་དང་དམག་མང་ཁྲག་ལ་ བསྒྲེས། དགེ་སྡིག་སྙིང་རྗེ་ཁྱོད་ལ་མེད། །ཤ་ཚ་ཡ་ང་ཁྱོད་ལ་མེད། །ངོ་ཚ་ཞེ་ཁྲེལ་ཁྱོད་ལ་
མེད། །དགའ་སྡུག་བཟང་ངན་ཁྱོད་ལ་མེད། །ཕྱི་ནང་གསང་གསུམ་ཁྱོད་ལ་མེད། །ལྷ་ངོ་མཆོད་ བསྟོད་ཁྱོད་ལ་མེད། །སྔར་བསམ་ཕྱི་དྲན་ཁྱོད་ལ་མེད། །ཕ་འདུན་བུ་འདུན་ཁྱོད་ལ་མེད། །ཚེ་ རོགས་བུ་རྒྱུད་བརྩེ་དུང་དང་། །སྤུན་ཕུ་ནུ་གཉིས་ཀྱི་འདུ་ཤེས་དང་། །ཡུལ་འབངས་སྡེ་གྲོང་
པའི་བསམ་ཤེས་སོགས། །མེད་པ་ཀླ་ཀློ་ཟོག་པོ་ཁྱོད། །ང་རྒྱལ་ཞེ་སྡང་གཏི་མུག་དང་སྡིག་པ་ མ་བྱས་ལས་ཤིག་མེད། ང་གེ་སར་རྒྱལ་པོས་གར་ཁྱབ་ལ། ང་རྒྱལ་སྡིག་སྒྲིབ་དག་ལེ་ཡིན།
ངས་སྔ་དྲོ་གསོད་པའི་བཤན་པ་བྱེད། ཕྱི་དྲོ་འགྱོད་པ་དྲག་པོ་བྱེད། ཁ་ཏོན་དགེ་སྦྱོར་བཤགས་ པ་བྱེད། དགོང་མོ་ཐར་པའི་ལམ་ལ་འདྲེན། སྡིག་པའི་ཁུར་པོ་ཕབ་ནས་དགེ་བ་ཆོས་ཀྱི་འབྲས་ བུའི་ལོངས་སྤྱོད་དེ། ཕ་ཚ་བུ་རྒྱུད། གཉེན་ཉེ་བ། ཤ་ཕུ་ནུ། འགྲོ་བ་རིགས་དྲུག་གི་སེམས་ཅན།
15
མཐོ་ནམ་མཁའི་བྱ་རིགས་མན་ཆད། དམའ་ས་གཞིའི་འབུ་རིགས། ཆུ་ནང་ཉ་སྦལ། རྐང་བཞི་ ཟོག་སོགས་ཆོས་སྒྲ་རྣ་བས་ཐོས་ཚད་དེ་རིན་ཆེན་མི་ལུས་ཐེངས་གཅིག་ཐོབ་པར་ཁས་ལེན་
ཡོད་ཀྱང་། ཁྱོད་ནི་གཅིག་ཀྱང་མི་ཤེས། གཉིས་ཀྱང་མི་དྲན། གསུམ་ཡང་མི་འགྱོད། ཁྱོད་ནི་
ང་རྒྱལ་དང་ཞེ་སྡང་། སྡུག་བསྔལ། ཕྲག་དོག་གིས་མནན་པའི་དམ་ཉམས་དམ་སྲི། སྔོན་སངས་ རྒྱས་མར་མེ་མཛད་ཀྱི་དུས་སྨོན་ལམ་ལོག་འདེབས་བྱས་པའི་ལས་ངན་གྱིས་དང་པོ་སྦྲང་བུའི་
ལུས་ལ་བླངས། གཉིས་པ་ཕག་གི་ལུས་བླངས། སྐྱེ་ལུས་ལྔ་བརྒྱའི་མཐའ་མར། རྒྱ་སོག་གཉིས་ ཀྱི་མཚམས་སུ། བྱ་ནག་སྲིན་མོའི་བུ་ལ་སྐྱེས་ནས་མི་མིན་བྱ་མིན་ལུས་ངན་བླངས། ཁྱོད་བྱ་
གཤོག་གིས་བར་སྣང་འཕུར་ནས་བྱ་རིགས་གཞན་གྱི་སྤུ་སྒྲོ་བར་སྣང་གཏོར། སྐབས་རེ་ཆུར་
འཛུལ། ཆུ་ནང་སྦལ་པ་ལ་སོགས་ཁྲག་གི་འཁོར་ལོ་བསྐོར། སྐབས་རེ་སྟག་གཟིག་མི་ཟན་ལ་ སྤྲུལ་ནས་མི་ཡུལ་ཁྲག་གི་འཁོར་ལོ་བསྐོར། སྐབས་རེ་རླུང་ལ་སྤྲུལ་ནས་ལྷ་ཁང་གི་གདུགས་
དང་དར་ལྕོག རྒྱལ་མཚན་རྣམས་ཀྱང་གཏོར། སྐབས་རེ་དཀོན་གཉེར་གྱི་ཁོག་ལ་ཞུགས། ལྷ་
ཁང་ནང་གི་ལྷ་སྐུ་རྟེན་སྲུང་དང་རྒྱལ་བའི་བཀའ་ལུང་གི་པོད་རྣམས་མེ་ལ་བསྲེགས། སྐབས་རེ་ ཁྱོད་ཀྱིས་བདུད་ཕྲུག་གི་ངོ་བོ་དངོས་སུ་བྱས་ནས་དགེ་འདུན་རྣམས་ལ་ནང་འཁྲུག་དང་ལྷ་བླ་
མའི་དབུ་འཕང་ཕབ། སྐབས་རེ་གཤིན་རྗེའི་ཡུལ་དུ་སོང་། ཆོས་ཀྱི་རྒྱལ་པོར་རྫུན་ཤོད་བྱས།
ཚེ་འདས་གྲངས་ལས་འདས་པ་དམྱལ་ཁམས་ལ་བཅུག ནག་ཕྱོགས་ཀྱི་བསྟན་པ་སྲུང་། དཀར་ ཕྱོགས་སངས་རྒྱས་ཀྱི་བསྟན་པར་གནོད་གང་ཐུབ་བྱས། ཡ། ད་ཁྱོད་ཀྱིས་བསམ་བློ་ལེགས་
པར་ཐོང་། འགྱོད་པ་དང་བཤགས་པ་གྱིས། །སྔ་དྲོ་སྲོག་གཅོད་མ་བྱས་ན། །འགྱོད་པ་དྲག་པོ་ མི་ཤེས་ཟེར། །འགྱོད་པ་དྲག་པོ་མ་བྱས་ན། །བཤགས་པའི་ཁ་ཏོན་མི་དྲན་ཟེར། །བཤགས་
པའི་ཁ་ཏོན་མ་བྱས་ན། །བྱང་ཆུབ་སེམས་དཔའ་ག་ནས་ཐོབ། །བྱང་ཆུབ་སེམས་ནི་མ་སྐྱེས་ ན། །སྟོང་ཉིད་སྙིང་རྗེ་ཅི་ལ་ཤར། །སྟོང་ཉིད་སྙིང་རྗེ་མ་ཤར་ན། །ཐར་པའི་ལམ་སྣེ་ག་ནས་
ཟིན། །སངས་རྒྱས་ཟེར་ནས་མཆོད་བསྟོད་བྱེད། །བླ་མ་གྲྭ་པར་ལ་ཞིག་ཡོད། །ཕོ་དང་མོ་ལ་ ལ་ཞིག་ཡོད། །དཔོན་དང་གཡོག་ལ་ལ་ཞིག་ཡོད། །ཕ་དང་བུ་ལ་ལ་ཞིག་ཡོད། །མ་དང་བུ་
མོར་ལ་ཞིག་ཡོད། །ཚ་བོ་ཞང་པོར་ལ་ཞིག་ཡོད། །ལ་མེད་ན་ལེགས་སོ་ཅི་ལ་ཟེར། །དོན་མེད་
16
ན་འཁོར་བ་ཅི་ལ་འཁོར། །ཆོས་མེད་ན་དགེ་སྡིག་སུ་ཡིས་ཤེས། །ཨེ་རེད་ཁྱོད་ཀྱིས་བསམ་
བློ་ཐོང་། །དམྱལ་ཁམས་བཅོ་བརྒྱད་ཟེར་བ་དེ། །ཁྱོད་ཀྱི་ལུས་ལ་འཁོར་རྒྱུ་ཡིན། །བྲོས་དབང་ མེད་ལ་གབ་དབང་མེད། །གཤིན་རྗེ་ཆོས་རྒྱལ་མ་མཇལ་བར། །ཕྱི་དབུགས་ནང་དབུགས་བར་
དབུགས་གསུམ། །དབུགས་གསུམ་འཆི་གསོན་མཚམས་ལ་ཡོད། །དེར་ཤི་གསོན་བྱེ་མའི་ལ་
ཁ་ཟེར། །བར་དོའི་འཕྲང་ལ་ས་རོང་རྩུབ། །འགྲོ་འདུག་གཉིས་ལ་དཀའ་བ་ཆེ། །འགྲོ་བདེ་འདུག་ བདེ་ཡོང་ས་མེད། །བཤགས་པ་བྱས་ན་ཨེ་འདྲ་ཡོད། །འགྱོད་པ་བྱས་ན་ཨེ་འདྲ་ཡོད། །ཐར་ བའི་ལམ་དེ་ངོ་བོ་ཟུང་། །མི་ཐར་ལམ་ལ་འགྱོད་བཤགས་གྱིས། །ཨེ་ཤེས་མ་ཎི་ཡིག་དྲུག་
ཐོན། །ཁྱོད་འདན་མ་བུ་ཡི་དཔའ་རྟགས་རེད། །གེ་སར་རྒྱལ་པོའི་དགྲ་སྐལ་རེད། །འཛམ་གླིང་ ཡོངས་ཀྱི་སྤྱི་དགྲ་རེད། །སངས་རྒྱས་བསྟན་པའི་ཆོས་དགྲ་རེད། །མགོ་ནག་མི་ཡི་སྲོག་དགྲ་ རེད། །ཁྱོད་འདྲ་ས་སྟེང་ག་ལ་ཡོད། །དེ་རིང་གསོན་ཐར་རེ་བ་མེད། །ཅེས་གསུངས་སོ།། །།
17
ལེའུ་གསུམ་པ། ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ཨ་སྔོན་གནམ་འདྲ་ལེན། །སེམས་སྟོང་པ་འཇའ་ཡི་གུར་
ཁང་དེར། །ཆོས་བྱིན་རླབས་ཉི་ཟླ་བཞིན་དུ་ཤར། །གླུ་ཐ་ལ་བདེ་ཆེན་ཞིང་ནས་ལེན། །མ་རིགས་ དྲུག་སྡིག་པའི་འཁོར་བ་ནས། །སངས་རྒྱས་པའི་གོ་འཕང་ཐོབ་ལེ་ལེན། །ཤི་དམྱལ་བའི་གླིང་
ཆེན་བཅོ་བརྒྱད་དེ། །སྐྱབས་དམིགས་པ་བྱེའུ་ཁྱུ་འཕུར་འདྲ་བཞིན། །ཡང་དག་པའི་ཞིང་ཁམས་ བདེ་འགྲོ་ཤོག །བསམ་དཀར་སེམས་བཟང་ཀུན་ལ་ཡོད། །དེ་རིང་སྐྱིད་པའི་ཉི་མ་རེད། །ང་
འདྲ་གླིང་གི་རྒྱལ་པོ་ལ། །ཚེ་སྟོད་ཁྲམ་པ་ཇོ་རུ་རེད། །རྨ་སྨད་ཨབ་རའི་སྟག་ཐུལ་རེད། །བར་
དུ་དམག་དཔོན་དགྲ་འདུལ་རེད། །བདུད་རྒྱལ་དབང་ལ་སྡུད་མི་རེད། །བདུད་སྡེ་བྲན་ལ་བཀོལ་
མི་རེད། །ཚེ་སྨད་དུས་གསུམ་སངས་རྒྱས་ཡིན། །རིགས་དྲུག་ཐར་ལམ་འདྲེན་མི་ཡིན། །དེ་ཚོ་ ཡིན་ལུགས་འདྲ་མ་ཡིན། །དེ་ནས་བྱ་ནག་ཁྱུང་ཚ་བུ། །ཁྱོད་སྔ་རབས་སྐྱེ་བ་འདི་གོང་དུ། །ལྷོ་
བྲག་མཁར་གྱི་ལྷ་ཁང་ནས། །རྗེ་མི་ལས་སྲས་མཁར་བཞེངས་ཉིན་མོ། །ས་སྤར་མོ་གང་ཙམ་ཁྱོད་ ལ་མེད། །རྡོ་ཆར་ཐིགས་ཙམ་ཞིག་ཁྱོད་ལ་མེད། །ཤིང་ལྕགས་ཡུ་ཙམ་ཞིག་ཁྱོད་ལ་མེད། །ཟས་ ཁ་གང་ཤི་འདྲེ་ཁྱོད་ལ་མེད། །དངུལ་དཀར་མོ་འབུལ་བ་ཁྱོད་ལ་མེད། །ཁ་ཡ་རབས་མ་ཎི་ཁྱོད་ ལ་མེད། །ནམ་ལངས་ན་དགོན་པའི་དཀོར་ལ་རྔམ། །ནགས་རོང་དཀྱིལ་གྱི་དུག་སྦྲུལ་འདྲ། །ལྕེ་
མོ་རིན་ཆེན་སྲོག་ལ་རྔམ། །བྲག་དམར་དཀྱིལ་གྱི་བཙན་དམར་འདྲ། །རླུང་རྟ་མི་ཕྱུགས་སྲོག་ལ་ རྔམ། །ནག་པོ་བདུད་ཀྱི་ཕ་ཚང་བཟུང་། །བསམ་ངན་ཞེ་ངན་ཁོག་ངན་གསུམ། །ངན་པ་རང་གིས་
བྱས་ལེ་དེར། །ལུས་ངན་བླངས་པའི་མདོག་ངན་མ། །མུན་གླིང་འཁྲུག་པའི་སྡིག་པ་དེར། །འགྱོད་ བཤགས་རྩེ་གཅིག་མ་བྱས་པར། །ཡར་ལ་བརྩིག་པ་མར་ལ་བཤིག །རྡོ་ཆེ་ཆུང་བང་རིམ་བཅུ་
ཙམ་གཏོར། །སྡུག་སྡིག་པའི་རྩ་བ་རང་ལ་འཁོར། །ཁྱོད་ཁ་མཚར་ཁ་ངན་སྡིག་ལ་བྱས། །ཁ་དུག་ ཆུ་འདྲ་དེ་མཚར་བཤད་བྱས། །བསམ་ངན་སེམས་གནག་གཞན་ལ་བྱས། །ཟས་མི་གཙང་ཆུ་
མགོ་སྐྱག་པས་བཀང་། །ལུས་མི་གཙང་རྣམ་སྨིན་ཁྱོད་ལ་འཁོར། །ཁྱོད་ཅི་འདྲ་བྱས་སམ་ཨེ་དྲན་ འདུག །དེ་ནས་མ་བསྡད་རྒྱ་ཡུལ་སོང་། །ཟས་སློང་སྤྲང་པོའི་ཆ་ལུགས་བྱས། །ཉིན་མོ་གཉོམ་
18
ཆུང་སྤྲང་པོའི་ཆས། །ཁ་ནས་དགེ་བ་མ་ཎི་ཟེར། །སེམས་ལ་གཡོ་སྒྱུ་སྡིག་པ་བསམས། །མཐའ་ ཡས་ཉེས་མེད་རྒྱ་མཚོའི་ཉ་ཆུང་དེ། །དོན་མེད་རྒྱ་མཚོའི་གཏིང་ནས་བཟུང་། །རི་གསེབ་གླ་བ་ ཉེས་མེད་དེ། །ཐག་རྙི་ཁྲ་བོས་དོན་མེད་བཟུང་། །དེ་ནས་ནུས་པ་ཇེ་ཆེར་སོང་། །ཁྲ་རིང་མེ་
མདའ་རྒྱབ་ལ་ཁུར། །དུག་རྫས་ནག་པོ་རུམ་ལ་བསྐོར། །དུག་མདའ་འཕེན་ཞིང་ཤྭ་ཕོ་བསད། །དེ་ ནས་སྟོབས་རྩལ་ཇེ་ཆེར་སོང་། །ཤ་ཁྱི་བདུན་གྱི་བདག་པོ་བྱས། །ཕ་གཞིས་ཕ་མཁར་བྲག་
ལ་བཟུང་། །ཤ་དགའ་སྲིན་མོ་མཆེ་བ་ཅན། །ངན་པ་ལག་སྦྲེལ་ཚེ་རོགས་བྱས། །རྒྱ་སྡེ་ཀུན་
ལ་དཔུང་པ་ངོམས། །ནམ་ལངས་ནས་རི་བོའི་རྩེ་ལ་འགྲིམས། །དགོང་ཕྱི་དྲོ་ཤ་རྒྱབ་བཅུ་རེ་
བཀལ། །ཟ་ཤ་དམར་ཟོས་སྡིག་ལ་དགའ། །དེ་ནས་སྐྱེ་བ་རྫོགས་པའི་དུས། །རྒྱ་སོག་གཉིས་ཀྱི་ བར་མཚམས་སུ། །ཧམ་ཆེན་རྒྱལ་པོ་ཧ་ཤང་ལ། །ལྟས་ངན་རྒྱལ་པོའི་བུ་ལ་སྐྱེས། །བྱང་ཁྲི་སྡེ་ བཅོ་བརྒྱད་ཁ་ལོ་བསྒྱུར། །ཁྲིམས་མི་དྲང་ཁྲམ་པའི་དཔུང་རོགས་བྱས། །རྒྱུ་རང་རྒྱུད་སེར་སྣས་ རྒྱུ་ཧམ་ཆེ། །མི་རྒྱུ་ཕངས་མེད་ཧམ་ཟོས་བྱེད། །ཨ་སྔོན་གནམ་དང་དབང་ཐང་མཉམ། །རྩལ་
དྲུག་ཆེ་བའི་བློན་ཆེན་ཟེར། །བདུད་བློན་བརྒྱད་ཅུས་མཐའ་ནས་བསྐོར། །གཙོ་འཛིན་མི་ཕོ་བཅོ་ ལྔ་དེས། །ནག་པོ་རྒྱ་དེ་དགྲ་ལ་བཟུང་། །རྒྱ་ནག་ཡུལ་གྱི་ཚོང་ལམ་བཀག །རྒྱ་གར་སྟོད་དེ་དགྲ་ རུ་བཟུང་། །རྒྱ་གར་ཆོས་ཀྱི་ལམ་སྒོ་བཀག །དམ་ཚིག་རྒྱལ་ཁམས་ཀུན་དང་འགྲས། །ཁམས་
གསུམ་ཀུན་གྲགས་བྱེ་རི་རྒྱལ། །སྲིད་གསུམ་ཟིལ་གནོན་བདུད་བློན་རྣམས། །ལར་གཞི་སྔ་མོའི་
གཏམ་དཔེ་ལ། །དབྱར་རྟ་གྱེན་ལ་འགྲོ་ལེ་དེ། །དགུན་ལ་ཡོད་ན་དགའ་རྒྱུ་ལ། །སྤྲང་པོ་ཆང་བཟི་
འཁོར་ལེ་དེ། །མི་ཚེ་འཁྱོལ་ན་དགའ་རྒྱུ་ལ། །སྦལ་པས་དབྱར་ཟླ་མཐོང་ལེ་དེ། །དགུན་ལ་ཡོད་ན་
སྐྱིད་རྒྱུ་རེད། །ཨ་ཙི་བྱེ་རིའི་རྒྱལ་བློན་ཚོ། །གཞེས་ནིང་ལོ་ཡི་དགུ་ནིང་ལ། །ལས་བྱ་བ་ཅི་འདྲ་ བྱས་ནས་ཡོད། །རང་སེམས་རང་ལ་མི་འཁོར་ལེ། །བསམ་བློ་སྔ་ཕྱི་མ་ཤེས་རེད། །ཕོག་ཐུག་
འགྲོ་ལེ་མ་ཤེས་རེད། །ཆོས་ངོ་མ་ཤེས་ཕཊ་ཤི་དེ། །ལྷ་འདྲེ་འཁྲུག་པ་མི་ཤེས་རེད། །བཟང་ངན་
མ་ཤེས་ཧག་ཤར་དེ། །གཏམ་ཁ་ཉོ་ལེ་མ་ཤེས་རེད། །ལར་གཞི་སྔ་མིའི་གཏམ་དཔེ་ལ། །དབྱར་ ཟླ་གསུམ་ཤྭ་ཕོའི་མགོ་རྭ་དེ། །ཁྲ་རིལ་ལེར་འགྲོ་ཉིན་རང་གི་དགྲ། །སྤྲིན་ན་བུན་གཡུ་འབྲུག་
སྐད་སྒྲ་དེ། །མཚོ་བྱེ་མར་འགྱུར་དུས་རང་གི་དགྲ། །སྟག་དམར་ཡག་འཛུམ་དྲུག་ང་རོ་དེ། །རྔོན་
19
ས་མདའ་རང་གིས་ཉོ་ལེ་རེད། །བུ་ཁྲམ་པ་ཧམ་པ་ཆེ་ལེ་དེ། །ཡུན་མི་རིང་ཁྲིམས་ར་བཙོན་ལ་ ཚུད། །ངེད་གླིང་དཀར་ལྷ་སྡེ་ཁྲ་མོ་ནས། །ཚོང་དཔོན་ཟླ་བ་དོན་གྲུབ་དང་། །ཉི་མ་ལྷ་གྲགས་སྐུ་
མཆེད་ལྔ། །ཁྱོན་བསྡོམས་མི་ཕོ་བཞི་བརྒྱ་ཙམ། །ཁ་བཅད་མིག་བྲུས་སྲོག་ལ་གཏུགས། །ཟས་ ནོར་དར་གོས་གསེར་དངུལ་སོགས། །ཕྲོགས་པས་མ་ཚད་གཏམ་ཞིག་བསྐུར། །ང་ཇོ་རུ་སྤྲུལ་ པ་མ་ཆེ་སྟེ། །སྤྲུལ་ན་འཇའ་དང་མཉམ་འགྲོ་ཡིན། །ང་ཇོ་རུ་རྒྱུ་འདོད་མ་ཆེ་སྟེ། །འཛམ་གླིང་ ནོར་གྱི་བདག་པོ་ཡིན། །ང་ཇོ་རུ་ཕ་ཡུལ་མ་བསྲུངས་ཏེ། །ལྷོ་འཛམ་གླིང་ཉིན་གཅིག་སྐོར་མི་
ཡིན། །རེད་ཨེ་བསམ་ནག་པོ་བདུད་ཕྲུག་ཁྱོད། །ལྷ་བླ་མའི་ཆོས་མགོ་ཤོར་ཁ་དེར། །དགོན་ གྲྭ་ཚང་མ་འགྲིམས་གྲོང་གསེབ་འགྲིམས། །ཆོས་མ་ཎི་མི་ཀློག་བུ་མོ་བསམས། །སེར་འཛར་
རེར་འགྲོ་ཉིན་འགྱོད་པ་ཡོད། །གོང་དཔོན་པོ་ཁྲིམས་མགོ་ཤོར་ཁ་དེར། །ཕོ་བཙན་པོར་དགའ་
དང་གཉོམ་ཆུང་སྡང་། །རྒྱུ་ཟས་ནོར་ཕངས་སེམས་མེད་པར་ཟ། །ཐོབ་གོ་ས་ཤོར་ཉིན་འགྱོད་པ་ ཆེ། །བུ་དཔའ་བོ་རང་སྲོག་ཤོར་བ་དེར། །བུ་འདྲ་གཉིས་ཐུག་དུས་སྙིང་རྩ་འདར། །དམན་བུ་མོ་ གནས་མགོ་ཉེས་ཁ་དེར། །གཟའ་ཚེ་རོགས་མི་ལྟ་འཆལ་པོ་ལྟ། །སྐྱ་ལྷང་ངེར་འགྲོ་ཉིན་འགྱོད་
པ་ཆེ། །དེ་ཟེར་ལེ་གཏམ་ལ་བདེན་ལུགས་ཡོད། །དེ་ནས་བདུད་བློན་ཁྱུང་ཚ་བུ། །ཁྱོད་སྔར་ལོ་ སྡིག་པ་བསགས་ལེ་དེ། །ད་ཡང་འགྱོད་པ་ཨེ་དྲན་འདུག །ཤེས་ན་མ་ཎི་ཡིག་དྲུག་ཐོན། །མ་ ཤེས་དཀོན་མཆོག་གསོལ་བ་ཐོབ། །ཁྱོད་ཤེས་ན་ངན་སོང་མེད་པ་དང་། །ལམ་བར་དོ་མི་
གཏོང་ཁས་ལེན་ཡོད། །ཁྱོད་གང་དགའ་རང་དབང་ཐོབ་ལེ་འདྲེན། །ཁྱོད་བསམ་པ་ཆོས་ལ་
དཀར་ཟེར་ན། །ཁྲ་མོ་གླིང་རུའི་གྲལ་ལ་སྡོད། །མགོ་ཡར་ཐོད་ཀ་ལི་བཀོག་ལེ་དེར། །ལུས་རྨ་
མེད་ནད་མེད་ལྷུན་གྱིས་འགྲུབ། །མ་འཆི་ཚེ་ཡི་དངོས་གྲུབ་ཡོད། །གླིང་དཔའ་བརྟུལ་ཁྱོད་འདྲའི་ གྲལ་ལ་འཇོག །ང་གེ་སར་དཔོན་གྱི་བློན་པོ་གྱིས། །ཁྲ་མོ་གླིང་ལ་འགྲོ་རྒྱུ་གྱིས། །གལ་ཏེ་དེ་
འདྲ་མ་བྱུང་ན། །རྟ་རྫི་ཐབ་གཡོག་ཁྱི་གཡོག་དང་། །མེ་ཆུ་ཐབ་གཡོག་ཤིང་འཐུ་སོགས། །ཨེ་
ཡོང་རང་གིས་བསམ་བློ་ཐོངས། །དེ་འདྲ་ལས་དབང་མེད་ཟེར་ན། །ཚེ་རབས་དུས་ཀྱི་ཁུག་སོ་
བར། །སྲིད་པ་བརྒྱ་ལ་འགྱུར་བ་མེད། །འགྲོ་ས་གཅིག་ལས་ག་ལ་ཡོད། །ཅི་དགའ་ཁྱོད་ཀྱིས་ གདམ་ག་སྐོར། །གླུ་གོ་ན་རྣ་བའི་བདུད་རྩི་གྱིས། །མ་གོ་གླུ་ལ་འཁྲུལ་བ་མེད། །ཅེས་གསུངས་
20
པར། ཁོ་སྙིང་དྲན་པའི་ཨ་སྒམ་གས་པ་འདྲ་ཞིག་བྱུང་ནས། ཆོས་མ་ཎི་ཟེར་ན་མགོ་བོ་ན། ལག་ འཁོར་ལོ་ཟེར་ན་མགོ་ཡུ་འཁོར། ལྷ་སངས་རྒྱས་ཟེར་དུས་སྙིང་ཆུ་འཁྲུག ཆོས་བྱིན་རླབས་
ཟེར་དུས་ཡིད་སེམས་སྐྱོ། སྡུག་ཁོ་ལ་བླ་མ་སྒོམ་ལེ་ལས། ང་སྐྱེས་པ་ཕོ་ཡི་ལུས་སྟེང་ལ། སྐྱིད་
སྡུག་ཞག་རེ་ཞོགས་རེ་ལོས་ཡོང་རེད། དབྱར་གྱི་ཆུ་ལ་འཕར་འབུར་མང་། ཕྱུག་པོའི་རྒྱུ་ལ་དར་ གུད་མང་། དཔྱིད་ཀྱི་ཉི་མ་གྱ་གྱུར་མང་། དྲོ་གྲང་སྣ་ཚོགས་ཡོང་རབས་ཡོད། ཤི་ཡང་འགྱོད་པ་ ཅི་ལ་ཡོད། །ང་ཡི་རོ་ས་འོག་སོང་ནའང་། གཏམ་བཟང་ས་སྟེང་འདུག་ལེ་ཞིག་བྱེད། བྱང་བྱེ་ རི་རྒྱལ་པོའི་བློན་ཆེན་ལ། དཔའ་ཡ་མེད་ཁྱུང་ཚ་བཙན་པོ་དེས། ཕོ་རྒོད་ཞན་གྱི་གཏམ་ཞིག་
འཇོག་དགོས་བསམས་ནས། སོ་སྒྲ་གྲོ་ཡོས་འཆའ་འཆའ། མིག་ནས་ཁྲག་ནག་མིག་ཆུ་ཐར་ཐར་ གྱིས། ཨབ་ཤ་ཇོ་རུ་ལྟས་ངན་ནག་ཙོག་ཁྱོད་འདྲ་བར་བླ་མ་དང་ཕ་མ་ཟེར་བ་ག་ལ་སྲིད། ཡུལ་
སྡེ་ཁྲག་དཀྲུག མ་ཉེས་ཁག་གཡོག་བྱེད་མི། ཉེས་མེད་ཁྲིམས་ལ་སྦྱོར་མི། རྨ་མེད་ཕུ་འདེབས་
བྱེད་མི་ཁྱོད། ང་བྱང་བྱེ་རིས་རང་ཡུལ་ཟིན་པ་ལ། དགྲ་གླིང་རུས་མགོ་སྐོར་དེ་ཙམ་བྱས། བསྐོས་ པའི་མི་དེ་དམར་གསོད་བཏང་། གྲུ་བཞི་ས་དེ་ཧམ་པས་འཕྲོགས། དེ་རིང་ཁེ་ཕམ་ཐུག་ཉིན་མོ། ཁྱོད་བྱམས་སེམས་སྙིང་རྗེ་ཡོད་མདོག་པ། དེ་གང་བཤད་རྫུན་གཏམ་ཤར་ཤར་རེད། ཟེར་ནས་
འཛམ་གླིང་སེང་ཆེན་རྒྱལ་པོར། ཆོས་བྱིན་རླབས་ཟེར་བ་སྣང་བར་མེད། སྔ་མོ་སོང་བའི་ལམ་
དང་ད་ལྟ་སྡོད་པའི་སར་རང་དབང་མེད་ན་རང་སྲོག་གཅོད་ཟེར་ནས་ངན་གཏམ་མང་པོ་བྱས་ཏེ་ རྒྱལ་པོ་བྱ་ཐབས་བྲལ་བས། སྒ་སྡེ་དང་ཁྲོ་ཐུང་། འཇིགས་མེད། དར་འབུམ། ཀུན་དགའ་རྒྱལ་ མཚན་སོགས་ལ་རྒྱལ་པོས་བཀའ་གནང་ནས། ནག་པོ་བདུད་ཕྲུག་འདི་ལུང་པ་འདི་ཡི་བཞི་
མདོ། རྫ་ཆུ་དང་དཀར་ཆུ་བེ་ཆུ་གསུམ་འདུས་པའི་ལུང་མདོ་དེར་དོང་རིམ་པ་གསུམ་གྱི་འོག་
མགོ་བོ་ས་ལ་གཏད། རྐང་མཐིལ་གནམ་ལ་གཏད་ནས་དེ་ཡི་སྟེང་མཆོད་རྟེན་ནག་པོ་བང་རིམ་ བཅུ་གསུམ་ཡོད་པ་ཞིག་བཞེངས། བསྐལ་པ་ཇི་སྲིད་ཀྱི་བར་དུ་ཆུ་ཁའི་བྱེ་མ་དཀར་པོ་འབྲུ་ལ་
མ་འགྱུར། རྡོ་ཨ་དཀར་ལུག་ལ་མ་འགྱུར། ཕ་བོང་རྟ་འདྲ་རྟ་ལ་མ་འགྱུར། གད་པ་འབྲི་འདྲ་འབྲི་
ལ་མ་འགྱུར། གངས་རི་དཀར་པོ་ཤེལ་ལ་མ་འགྱུར། གོ་རའི་རྫ་རི་རྒྱ་ཞིང་ཆུ་མར་མ་འགྱུར་བའི་ བར་སྐྱེ་བ་ལེན་རྒྱུ་མེད་པའི་སྨོན་ལམ་གྱིས་གསུངས་ནས། བར་དོ་ངོ་སྤྲོད་ཐུབ་ཕྱིར་གཤིན་རྗེ་
21
ཆོས་ཀྱི་རྒྱལ་པོ་འཇིགས་སུ་རུང་བ། ལས་མཁན་སྟག་མགོ་ཅན་དང་གཟིག་མགོ་ཅན། དྲེད་
མགོ་ཅན་དང་དོམ་མགོ་ཅན། སྦྲུལ་མགོ་ཅན་དང་ཁྱུང་མགོ་ཅན་སོགས་ཞི་དྲག་དམ་པ་རིགས་ བརྒྱ་དངོས་སུ་བྱོན་པ་ཞིག་མཛད་ནས་གསོལ་བ་སྨོན་ལམ་མང་དུ་བཏབ་པ་ན། གླིང་གི་དཔའ་
བརྟུལ་དར་ནག་ཅན་དང་རྔ་སྒྲ་ཅན། དུང་སྒྲ་ཅན། ཕུར་པ་ཅན་དང་ཞགས་ནག་ཅན། ཟོར་ནག་
ཅན་རྣམས་ཀྱིས་རྒྱབ་ནས་རྒྱོབ་རྒྱོབ་གསོད་གསོད། ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་སྒྲས་གནམ་ས་གཡོ་བ་ ལྟར་བྱས་ནས་ཁོ་མར་བརྫངས་ཏེ་རྒྱལ་པོའི་བཀའ་བཞིན་དོང་རིམ་པ་གསུམ་གྱི་འོ ག་ཏུ་མནན་
ནས་དེའི་སྟེང་མཆོད་རྟེན་བང་རིམ་བཅུ་གསུམ་ཡོད་པ་ཞིག་ཉི་མ་བདུན་ལ་བཞེངས་ནས་བདུད་ ཕྲུག་དམ་སྲི་ཁྱུང་ཚ་བཙན་པོ་དེ་དམ་ལ་བཏགས། གླིང་དཀར་གྱི་རྒྱལ་བློན་ཐམས་ཅད་ཐུགས་
ལྷོད་ལ་བབས་ནས་བཀྲ་ཤིས་སྨོན་ལམ་དང་ཇ་ཆང་ཤ་ཐུད་ཀྱི་ཟས་སྣའི་ལོངས་སྤྱོད་ཕུན་སུམ་ ཚོགས་པ་ལྷ་དང་མཉམ་པ་ལྟར་མཛད་ནས་བཞུགས་སོ། །
དེའི་དུས་བྱང་གི་རྐྱང་མོ་རི་ཐང་གི་དམག་ཐམས་ཅད་ཀྱིས། ཁ་ཉིན་ཉི་མ་སྔ་དྲོ་ལ། །དཔའ་
བོ་ཁྱུང་ཚ་བཙན་པོ་དེ། །དགྲ་ལ་ཁེར་ཆས་བྱས་ནས་སོང་། །ཤི་ཟེར་བ་སྒྱུ་མ་རྨི་ལམ་རེད། །བུ་དེ་ ལ་ཁ་ཡ་སུ་ཡིས་ཡོང་། །ཉི་ཟླ་གཉིས་དང་མཉམ་ཆས་རེད། །དགྲ་བྲག་ཆེན་ཡིན་ཡང་ཟིལ་གྱིས་
གནོན། །བར་རླུང་དམར་ཡིན་ཡང་མཉམ་འགྲོ་བྱེད། །རི་ཆེན་པོ་ཡིན་ཡང་འུར་གྱིས་བསྐོར། །ཆབ་ ཆུ་བོའི་དཀྱིལ་ལ་ཉ་ལྟར་འཁྱུག །སྟོབས་ཆུ་སྲིན་ཡིན་ཡང་ཁོ་ལ་འཇིགས། །མི་དེ་ལ་སྤྲུལ་པ་སྣ་ ཚོགས་ཡོད། །འབྱུང་བར་རང་དབང་ཐོབ་ལེ་ཡིན། །སྐྱེ་འཆི་ཡོང་བ་ཅི་ལ་སྲིད། །དཔའ་ཉི་ཟླ་
འདྲ་བའི་བློན་ཆེན་དེ། །དུས་ཉིན་མཚན་མང་པོའི་དུས་ཚོད་ལ། །ས་གར་སོང་གར་ཡོད་ཆ་མེད་ རེད། །ཡག་པའི་རྟིང་མའི་སྐད་སྙན་དང་། །ངན་པའི་སྡུག་གཏམ་གླེང་མཁན་སོགས། །གཅིག་ ཀྱང་མེད་པ་ཅི་ཡིན་ནམ། །ཟེར་ཏེ་བློ་མ་བདེ་བར་ཡོད་པས། ཨ་བསེ་གཡུ་ཡག་བཙན་པོས་ གཙོས་པའི་བློན་པོ་འགའ་ཡིས། སྟོང་ཉིད་འཇའ་ལ་ལག་བཟུང་མེད། །ཉི་མ་གཟའ་དང་ཐུག་
ནའང་། །ཕྱི་ཉིན་མི་ཤར་ག་ལ་སྲིད། །ནམ་ཟླ་དགུན་ལྷགས་ཆེ་བའི་དུས། །མེ་ཏོག་རྩ་བ་མ་སྐམ་ ན། །དཔྱིད་དུས་མི་འཁྲུངས་ཅི་ལ་སྲིད། །སྟོབས་ཆེན་ཁྱུང་ཚ་བཙན་པོ་དེ། །གླིང་རུའི་སྒར་ལ་
ཆས་ནའང་། །སྐུ་སྲོག་ཤོར་བ་ག་ལ་སྲིད། །ཁེ་ཕམ་ཅུང་ཙམ་བྱུང་ནའང་། །བྲོས་ནས་ཐར་ལེ་
22
ཡོང་ངེས་ཡིན། །སྤྲུལ་པ་མེ་ཆུ་རླུང་གསུམ་ལ། །ཇོ་རུས་བྱ་ཐབས་ཡོད་ལེ་མེད། །ཟེར་ཏེ་བློ་བདེ་ བའི་ངང་བསྡད། ཡང་ལ་ལས། སྐྱེ་འཆི་འཇིག་རྟེན་ཀུན་ལ་ཡོད། །འདས་གྲོངས་ཉི་ཟླ་གཉིས་
ལ་ཡོད། །ཞིག་རལ་རྡོ་རྗེ་བྲག་ལ་ཡོད། །འབྲོང་བྲེ་སེར་རྫ་ལམ་འགྲིམ་ཉིན་མོ། །མགོ་རུ་ཐུར་ འགྲོ་མཁས་ཆེ་ཞན་རེད། །རྔོན་རྒད་པོའི་མདའ་དང་ཐུག་ཉེན་ཡོད། །སྟག་དམར་ཡག་ནགས་ རྫོང་ཟིན་ཉིན་མོ། །ལུས་དཔའ་རྩལ་འཛུམ་དྲུག་ཡོད་ཞན་འདྲ། །དམའ་ས་མདའི་འཇབ་རྙི་ཐུག་ རབས་ཡོད། །བདེ་མྱུར་ཅན་གྱི་ཉ་ཆུང་དེ། །རྒྱ་མཚོའི་དཀྱིལ་ནས་འཁྱུགས་ཞན་འདྲ། །མཐའ་
ལྕགས་ཀྱུའི་རྩེ་ལ་འཁོན་རབས་ཡོད། །དཔའ་རྩལ་དྲུག་ཅན་གྱི་བློན་ཆེན་དེ། །དུས་རྒྱུན་དུ་རྫུ་ འཕྲུལ་ཆེ་ཞན་འདྲ། །བུ་འདྲ་གཉིས་ཐུག་ན་ལ་ཐང་མེད། །གླིང་གི་ཇོ་རུ་ཟེར་བ་དེར། །ལྷ་ཀླུ་
གཉན་གསུམ། མེ་ཆུ་རླུང་གསུམ། བཙན་དང་ཐེའུ་རང་སྣ་ཚོགས་ལ་སྤྲུལ་རྒྱུ་ཡོད་རབས་ཟེར་ བས། ད་ཧ་ཅི་གོ་ཟེར་ཏེ་ཐམས་ཅད་བློ་མི་བདེ་བར། ཁྱི་ཞ་བོས་གནམ་ལ་བལྟས་ཀྱང་། སྐར་ མའི་གྲངས་ཚད་མི་ཟིན། ཁྱི་ནག་མར་གྱིས་རྒྱགས་ཀྱང་། ཁོག་པའི་བཅུད་ལ་མི་ཕན་ཟེར་བ་
ལྟར་ཤོད་ཚོད་དང་བྱེད་ཚོད། འགྲོ་ཚོད། ར་མདའ་རྗེས་གཅོད་ཅི་བྱེད་འདི་བྱེད་མེད་པར་ལུས་ སྐབས། བློན་ཆེན་ཨ་རྒྱལ་གྲགས་པ་དེས། ད་བློན་པོ་སྤྲུལ་པ་ཅན་བྱ་ནག་ཁྱུང་ཚ་མི་དགོས།
སྟེང་གི་ལྷ་དང་བར་གྱི་གཉན། འོག་གི་ཀླུ། སྤྲུལ་པ་འཁོར་ལོའི་རྒྱལ་པོ། སྒྱུ་མ་མཁན་གྱི་མིག་
འཕྲུལ་ཇི་ལྟར་ཡིན་ཡང་། ཕྱི་ཡི་རྒྱལ་ཁབ་གཞན་གྱི་ཚུལ་ལ་དཔྱད་ན། ཆུ་སྤར་མོས་འཚོག་པ་ ལར་ནས་མེད། རི་ཐག་པས་སྡོམ་པའི་དཔེ་ཡང་མེད། གནམ་གདན་ལ་འདིང་བའི་ཚུལ་ཡང་
མེད། ད་ཇོ་རུ་དེ་ལ་འགྲན་ཐབས་མེད་པ་ཞིག་ཡིན་པས། རང་བྱས་ལས་དེ་རང་ལ་སྨིན། གནམ་ རྡོ་གནམ་ལ་འཕེན་ལེ་དེ། མགོ་རྡོ་རང་གིས་ཉོ་འདོད་རེད། བློན་ཁྱུང་ཚ་འམ་ཞིག་མི་ཤེས་ཏེ།
འདིར་བཞུགས་རྒྱལ་བློན་ཚང་མ་འདི་མུར་འགྲོ་རྒྱུ་རེད་བསམས་ནས། རྒྱལ་པོའི་མདུན་དུ་དར་ དཀར་པོ་དྲི་མ་མེད་པ་ཞིག་ཕུལ་ཏེ། ཡ། ང་རྒད་པོའི་བློ་ཆ་ཞིག་ཡོད་པས། ཁྱེད་རྣམས་ཀྱིས་ རེད་དང་མ་རེད། གོ་བ་རྣ་ལྕོག་སྦུགས་ནས་ལོན། ཤེས་པ་བྲང་ཁོག་སྟོད་ལ་སྐོར། མི་ལ་ལྟ་ བའི་རྒྱང་ཤེལ། རང་ལ་ལྟ་བའི་ཤེལ་སྒོ། རང་གཞན་བར་གྱི་མེ་ལོང་། ཕར་བལྟ་ཚུར་གསལ་
ཡོང་རབས་ཡོད། སྔ་དྲོ་བྱ་རིགས་ཤི་ལེ་དེ། དེ་ལྟར་སྤུ་ལ་རྟག་དཔྱད་གྱིས། བྱ་རིགས་རྒུམ་
23
བུ་ཇི་ལྟར་འཐུ། ཟེར་བའི་དཔེ་དེ་ཨེ་མི་བདེན། ཁྱོད་རྣམས་ཆ་འཇོག་འགའ་རེ་གདའ། ང་ཡི་
འཆར་སྒོ་གཅིག་ཀྱང་ཡོད་ཟེར་ནས་བློན་པོ་དབུ་ཉེས་ཤོར་བར་སེམས་ཐག་གཅོད་པའི་གཏམ་ ངན་གྱི་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ས་འདི་ས་ངོ་ལོས་ཤེས་ཀྱང་། །བྱང་ལྷོ་སྡེ་ཆགས་པའི་གཞི་དཀྱིལ་
རེད། །བློ་ད་ལོ་མི་འདྲི་དམུ་གབ་རེད། །ཕོ་ང་འདྲ་བསྐལ་བའི་མི་རྒན་རེད། །བློ་ཆ་ཤེས་གཉིས་ ཀྱི་བདག་པོ་རེད། །རྒྱལ་རབས་གཉིས་ཀྱི་བློན་རྒན་རེད། །ཇུས་རང་ཐག་ཆོད་པའི་ཤེས་ཆེན་ རེད། །ལོ་ནམ་ཟླ་དེ་ཙམ་རྒས་ནའང་། །གྲོས་སྡེ་མགོ་འཚོ་བའི་མི་རྒན་དེ། །དུས་ད་ལོ་རྩིས་
མཐོང་ཆུང་ནའང་། །བློ་སེམས་དཀར་གངས་རི་དཀར་པོ་ལ། །མདོག་མི་འགྱུར་སེངྒེ་འཁོར་ས་
ཡིན། །ཨ་རེ་རྒྱལ་པོ་ཐུགས་སེམས་འཁྲུག །ད་ཐུགས་འཁྲུག་བྱས་ནས་ཅི་ལ་ཕན། །ལས་ཨེ་འདྲ་ སྔ་མོའི་གཏམ་དཔེ་ལ། །གྱོད་ཁ་མཆུ་ལ་ཁའི་ཁྲག་གཞོང་དེ། །དམར་ཐར་རེར་མ་ཐོར་ཚུན་ཆད་ ལ། །འདུན་མ་གཏམ་གྱི་ཤོད་མཁན་དགོས། །དམར་ཐར་རེར་ཐོར་གྱི་ཉིན་མོ་ལ། །ལྷུ་བཅུ་བཞི་
སྒྲིག་པ་སེམས་ཆུང་རེད། །དགྲ་འཐབ་ནས་ཕམ་ཁ་ཁུར་བའི་དུས། །ཆིངས་འདུན་མ་འགྲིག་ཀྱང་
ཕན་པ་མེད། །ངས་ཁར་རྩང་ཉི་མའི་ཡན་ཆད་དང་། །ན་ནིང་ལོ་ཡི་ཚུན་ཆད་གཉིས། །གཏམ་
བཤད་ཚད་བསམ་དཀར་སེམས་དཀར་ཡིན། །བློ་དཀར་ཚད་ཇུས་ལ་ཕན་ཐབས་ཡིན། །གྲོས་ བྱས་ཚད་རྒྱ་སྡེ་སེམས་ལ་བསམས། །ཁྱོད་རྒྱལ་བློན་ཉི་ཟླ་སྐར་གསུམ་དེས། །ཁྲ་འཁྱིལ་ལེར་
གླིང་བཞི་བསྐོར་ཉིན་མོ། །སྤྲིན་ན་བུན་ཞེ་ཁ་ངན་པ་ཡིས། །ནགས་འཚུབས་སེ་མུན་གླིང་གྱུར་བས་ ན། །མ་སྐྱེ་འགྲོ་ལོང་བ་ཆ་འགྲིག་བསམས། །ཁྱོད་རྒྱལ་བློན་གསེར་དངུལ་ནོར་གྱི་མཛོད། །རྒྱུ་ རང་ལ་ཡོད་པའི་བསོད་ནམས་དེ། །རྟེན་ཉར་ཚགས་བང་མཛོད་མ་ཟིན་པར། །ནོར་བང་མཛོད་ སྟོངས་ན་མུ་གེ་ཡོང་། །དེ་བསམ་བཞིན་གཏམ་གྱི་གྲོས་མགོ་ཟུང་། །རྗེ་རྒྱལ་བློན་དཀར་ཡག་
གངས་རི་ལ། །ངང་ཆེ་ལེ་ཤེལ་མདོག་རང་བཞིན་དེ། །ཐོག་བསེར་བུས་ནམ་ཟླ་འཚོ་ཉིན་མོ། །སེང་ དཀར་མོ་འགྱིང་ཚོད་མ་ཟིན་ན། །གངས་དཀར་མོ་ཆུ་ལ་འགྱུར་ཉིན་མོ། །མགོ་གཡུ་རལ་འདམ་
ལ་ཟུག་ཉེན་ཡོད། །དམའ་རྒྱ་གྲོང་ཁྱི་དང་ནོར་ཡོང་བསམས། །བློ་དཀར་བའི་གཏམ་དེ་ལན་མང་ ཞུས། །དེ་ཞུས་ཀྱང་རྣ་བས་ཉན་མི་དཀོན། །གཏམ་བཤད་ཚད་རྡོ་ཐོག་ཆུ་འབབ་རེད། །ཚིག་
24
འགྲེལ་པ་མེད་པ་བྲག་ཅ་འདྲ། །གཏམ་ཆ་འཇོག་མེད་པ་རླུང་འཚུབ་འདྲ། །དུས་ད་ནི་རྒད་པོའི་
བསམ་བློ་ལ། །ངས་བཤད་བཤད་རང་དམའ་འབེབས་ལེ་མིན། །དགྲ་ལ་དཔའ་བསྟོད་བྱེད་ལེ་ མིན། །དུས་ན་ནིང་དབྱར་ཟླ་དང་པོ་ནས། །ད་བར་དུ་དགྲ་འཐབ་ལན་མང་བྱས། །ཇུས་རྒྱལ་ ཁ་ཐོབ་པ་སྤུ་ཙམ་མེད། །བློན་ངར་ཚད་མཐོ་ཚད་བཙན་ཚད་དེ། །རླུང་བསེར་མས་རྩྭ་ཕུང་
འཁྱེར་འདྲ་བྱས། །ཆུ་ཆེན་པོས་བྱེ་ཕུང་བཤིག་འདྲ་ཡིན། །མེ་དམར་མོས་རི་བོ་འཚིགས་འདྲ་
གསུམ། །དེ་འདྲ་གསུམ་ངན་པ་རང་ལ་བྱུང་། །ད་ཚར་བའི་ལས་ལ་འགྱོད་རྒྱུ་མེད། །ཁར་རྩང་དོན་
གྱི་ཡང་སྙིང་ལ། །ཁྱོད་རྒྱལ་བློན་གྲོས་གླེང་བྱེད་པའི་དུས། །ང་བསམ་དཀར་བློན་པོས་གཏམ་ཞུ་ བྱས། །ཆིངས་འདུན་མ་འགྲིག་ན་ལྷ་རབ་ཡིན། །གལ་སྲིད་འདུན་མ་མ་བྱུང་ན། །རྒྱལ་བློན་དབུ་
ཉེས་མ་སོང་གོང་། །འབངས་སྡེ་འཕྲོ་བརླག་མ་ཤོར་གོང་། །རྒྱུ་ནོར་མི་ལ་མི་ཤོར་ཕྱིར། །རང་
མཁར་རང་ལ་དག་པའི་དུས། །རྒྱུ་ནོར་མནངས་ཆེན་བྱུ་རུའི་རྫོང་། །གསེར་དངུལ་དར་ཟབ་ནོར་ བུའི་རིགས། །རྒྱལ་པོ་བཙུན་མོ་བློན་པོ་རྣམས། །མི་བཞུགས་རྒྱ་ལ་སོང་ན་བསམས། །རྒྱ་ནག་ ཁྲིམས་ཀྱི་རྒྱལ་པོ་ལ། །མགོ་བཏགས་ཞུ་བ་ཕུལ་ན་བསམས། །རང་མགོ་རང་གིས་མ་ཁེབས་ ན། །མགོ་འབུལ་གཞན་ལ་ཞུས་པས་ཆོག །རྒྱ་ལ་མོ་གླིང་ལ་མ་འདོད་ན། །རྒྱལ་ཁབ་ཕྱི་ནང་
གར་སོང་ལ། །མགོ་འབུལ་ཞུས་ན་རང་སྲོག་ཐར། །དེ་ནས་རང་ཡུལ་རང་ས་དེར། །ཕར་སོང་ ལོ་ཟླའི་དུས་ཚོད་ལ། །དཔོན་གཡོག་རང་གནས་འཁོར་ཡོང་ཟེར། །ཞུ་བའི་གཏམ་ལ་ལན་མང་ ཕུལ། །ཁྱེད་རྒྱལ་བློན་མ་ཉན་མཐའ་མ་ལ། །བྱ་ནག་ཁྱུང་ཚ་བཙན་པོ་དེ། །སྤྲུལ་པའི་འཁོར་
ལོ་ཡོད་ཞན་འདྲ། །གླིང་གི་ཇོ་རུ་རྒྱལ་པོ་དེར། །དཔེ་དང་འདྲ་མ་ཨེ་འདྲ་གདའ། །ངེད་བྱེ་ཡུལ་ རྒྱལ་པོ་བློན་པོ་ཚོས། །འདྲ་འདྲ་བསམ་ཡང་འགྲན་ཐབས་དཀའ། །མེད་དོན་རྩ་བ་བཤད་པས་
ན། །མི་ལུས་བླངས་པ་འདྲ་འདྲ་ལ། །སྲོག་ལ་ཕྲ་སྦོམ་མ་ཡོད་དེ། །ལུས་དང་རིགས་ཀྱི་སྐྱེ་ལུགས་ དང་། །དཔོན་ཆོས་རྒྱལ་བཀའ་ཡིག་དེ་དང་གཅིག །ཕ་བཟང་མ་ཁུངས་དེ་དང་གཉིས། །ལྷ་གོང་ མའི་མགོན་སྐྱབས་དེ་དང་གསུམ། །ལས་འདྲ་འདྲ་བསམས་ཏེ་འདྲ་རྒྱུ་མེད། །དེ་སྐྱེ་བ་སྔོན་གྱི་
བསྐོས་ཐང་ཡིན། །གླིང་གེ་སར་མ་ངན་ཇོ་རུ་དེ། །སྔོན་མ་སྤྲང་ཕྲུག་ཡིན་ཞན་འདྲ། །བར་གླིང་
ཡུལ་སྟོད་པའི་དཔོན་ལ་བསྐོས། །ཁོས་ཡར་ཁམས་བྱང་དང་སེར་པོ་ཧོར། །སྨུག་པོ་འཇང་དང་
25
ཁུ་ནུ་མོན། །རྒྱལ་ཁབ་བཅུ་གསུམ་ཁ་ལོ་བསྒྱུར། །ད་ལོ་བྱང་ལ་ཡོང་རྒྱུ་དེ། །ལན་མེད་ཁག་
མེད་གཉིས་ཀ་ཡིན། །བྱ་ཕར་འཕུར་གཤོག་པ་མ་བརྐྱངས་ན། །རྡོ་ཚུར་འཕེན་ཐེབས་དོན་ཅི་ལ་ ཡོད། །མདའ་ཕར་འཕངས་ཤྭ་བ་མ་བསད་ན། །བཀའ་ཡུལ་ལྷ་ཁྲོ་དོན་ཅི་ལ་ཡོད། །དགྲ་ཕར་ བརྒྱབ་རྒྱུ་ནོར་མ་ཕྲོགས་ན། །དཔུང་ཤ་ལན་དམག་དཔུང་ཅི་ལ་ཡོང་། །ད་དུང་མཛེས་འདོད་
རང་མགོ་བསྐོར། །ད་བཟོ་ཐབས་ལར་གྱིས་ཡོད་ལེ་མེད། །བྱ་ནག་ཁྱུང་ཚ་བཙན་པོ་དེ། །ཤར་
གླིང་རུའི་དབང་ལ་ཤོར་ངེས་རེད། །ཡུན་རིང་སྒུག་དང་མ་སྒུག་མེད། །དེ་བས་བཙན་རྫོང་བཟུང་ ན་དགའ། །རང་རིགས་རྒྱལ་བློན་འབངས་སྡེ་ཚོ། །མི་གཅིག་ཤི་བར་དགའ་རྒྱུ་མེད། །རྒྱུ་ཤོར་
དམག་ཤོར་ཡུལ་ཤོར་གསུམ། །ཡོང་ལེ་ལག་པའི་མཐིལ་ལ་ཡིན། །དགྲ་དོ་ཡ་མ་བྱེད་རང་ཚོད་ བཟུང་། །ལར་གཞི་སྔ་མོའི་གཏམ་དཔེ་ལ། །རྟ་རྒྱུག་ཚོད་ཟིན་ན་མགྱོགས་པ་ཡིན། །དགྲ་འཐབ་ ཚོད་ཟིན་ན་དཔའ་བོ་ཡིན། །ཇུས་རང་མགོ་ཐོན་ན་ཕྱུག་པོ་ཡིན། །ཟས་ཟ་ཚོད་ཟིན་ན་མཛངས་
མ་ཡིན། །གཏམ་ཤོད་ཚོད་ཟིན་ན་མཁས་པ་ཡིན། །དེ་ཨེ་རེད་བསམ་བློ་ཡང་ཡང་སྐོར། །དགྲ་ འཐབ་ན་འཐབ་ལུགས་ཨེ་འདྲ་ཡོད། །ས་བཙན་ཆུ་བཙན་རྫོང་བཙན་གསུམ། །བཙན་གསུམ་མི་ བཟུང་ཀ་མེད་རེད། །གླིང་རུ་དམག་གི་བུ་རྟ་དེ། །གནམ་ནས་བྲག་ཆར་འབབ་འབབ་རེད། ། དེ་ལ་ལར་གྱིས་མ་མོས་ན། །མ་སྡོད་རྒྱལ་བློན་ཆེ་གྲས་རྣམས། །བཞེངས་པའི་མཁར་གྱི་རྒྱུ་
ནོར་དང་། །བསགས་པའི་ཟས་ཀྱི་སྙིང་བཅུད་བཅས། །འདོ་བ་རྟ་དང་སྨུག་ཆུང་དྲེལ། །གསེར་ དངུལ་བྱུ་རུའི་གཡང་རྟེན་རྣམས། །ཁྱེར་ནས་གྲུ་གུ་ཡུལ་ལ་འགྲོ། །ཐོག་རྒོད་གེ་སར་རྒྱལ་པོ་
ལ། །དམག་གཡུལ་དཔུང་རོགས་ཞུ་རྟེན་ལ། །ཅི་མཁོ་རྒྱུ་ནོར་འབུལ་ན་བསམས། །ཡང་ན་ནག་ པོ་རྒྱ་ལ་འགྲོ། །རྒྱ་ཡི་ཉི་མ་ཁྲི་བཙན་ལ། །དེ་བཞིན་མགོ་འབུལ་ཞུས་ན་བསམས། །དགྲ་ལན་ གྱོད་ལན་སྤྲོད་རོགས་ཞུ། །དེ་ཚོ་ལར་གྱིས་མ་ཤེས་ན། །དགྲ་འཐབ་མི་ཁེ་ཐག་ཆོད་རེད། །ཉི་
མ་སེར་པོའི་ཟེར་ལམ་དེ། །ཁྲ་ཆུང་མིག་གིས་བརྟན་ལེ་མེད། །མེ་ལྕེ་འབར་བའི་རླུང་སྒྲ་དེ། །རི་ བོ་ནགས་ཀྱིས་བརྟན་རབས་མེད། །དགུན་དུས་བ་མོའི་འཁྱགས་རླུང་དེ། །སྤང་དཀར་མེ་ཏོག་
བརྟན་ལེ་མེད། །ཆུ་ཆེན་འབབ་པའི་རྦ་ཀློང་དེས། །རྒྱ་ཟམ་སྐེད་གཅོད་གཏོང་ལེ་ཡོད། །གླིང་རུ་ གྲུབ་པའི་ལྷ་དམག་དེར། །བྱང་དམག་འཐབ་ཡ་ཡོང་ལེ་མེད། །ངས་འགྱོད་གཏམ་སྡར་གཏམ་མ་
26
ཡིན་ཏེ། །ཁ་ཉིན་བཤད་ཚད་བདེན་པ་ཡིན། །བློ་བསམ་བློ་བསྐོར་ཚད་སྤྱི་སེམས་ཡིན། །དོན་
རང་རྒྱུད་རྒད་པོ་འཆི་འཚེར་མིན། །དགྲ་མ་འཐབ་ཐར་བསམ་སེམས་ལ་མེད། །མ་ཆག་གསེར་ གྱི་ཕ་བོང་དེས། །རྒྱུ་ཡིན་པའི་དོན་གོ་མ་ཆོད་ན། །མ་ཐུབ་བཤན་པ་ལག་དམར་དེར། །དགྲ་ ཁ་ཡ་བྱེད་པའི་དོན་མཁོ་མེད། །རེད་ཨེ་བསམ་རྒྱལ་བློན་རིན་པོ་ཆེ། །གླུ་འཁྲུལ་བར་སོང་ན་
བཟོད་པར་གསོལ། །ངག་འཆལ་བར་སོང་ན་མཐོལ་ལོ་བཤགས། །ཁྱེད་རྒྱལ་བློན་ཐུགས་ལ་
དེ་ལྟར་ཞོག །ཅེས་ཟེར་བར། རྒྱལ་བློན་ཐམས་ཅད་ནས་ཅི་དྲག་གང་དྲག་གིས་ཉི་མ་དམར་ཐག་
མ་ཆོད་བར་དུ་གྲོས་གླེང་བྱས་ཀྱང་། མི་བརྒྱ་ཁ་བརྒྱ་ལྕེ་བརྒྱ་ལ། མི་སེམས་མི་གཅིག་རླུང་ལྟར་
འཚུབས། རྒྱལ་པོའི་སེམས་ལ་མཐོ་ན་བསམས། བློན་པོའི་སེམས་ལ་རྒྱུ་ནོར་བསམས། གཡོག་ པོའི་སེམས་ལ་ཟས་ནོར་བསམས་ཟེར་བ་ལྟར་ཁ་མཐུན་ཁ་སྤུ་དང་དོན་བརྗོད་དོན་གོ་མ་མཐུན།
ས་རུབ་པའི་དུས། རྒྱལ་པོའི་སེམས་ལ། ཡ། ད་བློན་རྒན་གྱིས་ཟེར་བ་ལྟར། མགོ་འབུལ་ཕྱག་ རྒྱ་བྱེད་པ་ལས། ཤི་བ་ཐེངས་དགུ་བྱས་ན་དགའ། འོན་ཀྱང་རང་འོག་དམག་ཆེན་འདི། རྩིས་
མེད་ཤི་ནས་ཡུལ་དང་ལུང་པ་མི་རོས་ཁེངས་ལེ། མཐའ་མ་འདི་བྱེད་དེ་བྱེད་ཚིག་གཅིག་མེད་
པར། ས་སྟོངས་ལུང་སྟོངས་འགྱུར་ངེས་ཐག་ཆོད་གདའ། དེ་བས་ས་བཙན་དང་ཆུ་བཙན། མཁར་
བཙན་གསུམ་ལ་རེ་བ་བཅོལ་ནས་དགྲ་འཐབ་དམག་འཐབ་བྱེད། དེའི་རིང་བློན་པོ་འགའ་ཞིག་ གྲུ་གུ་ཡུལ་དུ་མངགས། གསེར་དངུལ་རྒྱུ་ནོར་འདྲ་སྤྲད་ན། དམག་རོགས་འདྲ་ཡོང་ཤས་ཆེ།
ཡང་ན་རྒྱ་ཟི་ལིང་གནམ་ཁྲི་གོང་མ་ལ། སྟོབས་དང་ལོངས་སྤྱོད། འཕྲུལ་དང་སྒྱུ་མ་མཁས་པ་སྣ་
ཚོགས་ཡོད་པས་དེ་རུ་འགྲོ། ད་གཏམ་ཞིག་མ་བཤད་ན་མི་ཡོང་བསམས་ནས་ཟ་འོག་འབོལ་
གདན་སུམ་བརྩེགས་ཀྱི་གོང་ནས་ཡར་བཞེངས། ལག་གཡོན་པས་འགྲམ་པ་བསྐྱོར། གཡས་
པས་ལག་བརྡ་བྱེད་ཅིང་། ཡ། དེ་རིང་བློན་ཚོགས་རྣམས། བློན་རྒན་གྱིས་ཟེར་བ་དེ། ངེད་རྒྱལ་
པོའི་སེམས་དང་མཐུན། གཏམ་འདྲ་མས་ཚིག་དོན་ཆོད་ལེ་གཅིག ཟས་ཞིམ་པོ་ལྟོ་གོ་ཆོད་ལེ་ གཉིས། གོས་མཛེས་མོས་ཁྲོམ་མདོག་ཆོད་ལེ་གསུམ། ལས་བྱ་བ་རྣམ་གསུམ་དོན་ལ་གནས་ དགོས་པ་ཞིག་གདའ་ཟེར་ནས་རྒྱལ་པོའི་བཀའ་གླུ་ཉི་མ་རང་ཤར་གྱི་རྟ་ལ་དྲངས་ནས་གླུ་འདི་ བླངས་པར་གདའ་འོ །།
27
ང་འདྲ་རྒྱལ་པོ་ཉི་མ་དེ། །བྱེ་རིའི་སྟག་རྩེ་གཡུལ་རྒྱལ་ཟེར། །ཤོད་མི་དགོས་དགུང་གི་འབྲུག་
ལྟར་གྲག །ཕྱིས་མི་དགོས་དངུལ་དཀར་མེ་ལོང་འདྲ། །ཤོད་མི་དགོས་མཐོན་པོའི་ཉི་ཟླ་འདྲ། །སྨོན་ མི་དགོས་ཕྱུག་པོའི་བང་མཛོད་འདྲ། །ད་ནི་ལས་ཀྱི་བྱ་བ་ལ། །དང་པོ་རྒྱལ་རྒྱུད་འཛིན་ཐབས་
བྱེད། །གཉིས་པ་རྟིང་མ་ལེན་ཐབས་བྱེད། །གསུམ་པ་དགྲ་མགོ་འགོག་ཐབས་སོགས། །བློ་དང་ རིག་པའི་གྲོས་བཀོད་འདི། །ཉིན་མཚན་གཉིས་ལ་ཐག་མ་ཆོད། །ལར་གཞི་སྔ་མིའི་གཏམ་དཔེ་
ལ། །ལམ་སྐྱ་མོ་མེད་ན་འགྲོ་ཐབས་བྲལ། །ཤེད་ཆེན་པོ་མེད་ན་བྲོས་ཐབས་མེད། །རྒྱུ་ཟས་ནོར་ མེད་ན་མི་ཚེ་སྡུག །ལྟ་བའི་མིག་གིས་མ་བལྟས་ན། །ཤར་ལྷོ་ནུབ་བྱང་ཤེས་ལེ་མེད། །བཤད་ པའི་གཏམ་ལ་མ་ཉན་ན། །བཟང་ངན་དབྱེ་བ་ཆོད་ལེ་མེད། །འགྲོ་བའི་རྐང་ཆུང་མ་གཡུགས་
ན། །བསམ་པའི་ས་ཆར་རྩེབས་ལེ་མིན། །དེས་ན་རྒྱལ་པོའི་བསམ་བློ་ལ། །གཅིག་ནས་བློན་ རྒན་ཁ་ལ་ཉན། །གཉིས་ནས་དུས་ཚོད་འགྲོ་སྟངས་དང་། །གསུམ་ནས་ལས་འབྲས་སྨིན་ལེ་
སོགས། །འདྲ་བསམ་རྒྱལ་པོའི་སེམས་ལ་གདའ། །ཁར་རྩང་ཉི་མའི་ཡན་ཆད་དང་། །ན་ནིང་ཉི་
མའི་ཚུན་ཆད་གཉིས། །དགྲ་འཐབ་ལན་མ་བཅུ་གཉིས་གཏུགས། །ཉི་མ་དེ་རིང་ཕན་ཆད་ལ། །མི་ གཅིག་མི་གཉིས་མ་རེད་མོད། །བརྒྱ་སྟོང་ཁྲི་འབུམ་ཕྱེད་བགོས་བཏང་། །ཆུང་ཆུང་དཔའ་བོ་མ་ རེད་མོད། །ཆེ་ཆེ་ཐོབ་ཚད་བློན་ཆེན་རེད། །རེ་ཞིག་བཙན་རྫོང་བཟུང་ན་བསམས། །ཞེས་ཟེར་ ཏེ་སང་དང་གནངས་ཀྱི་ཉི་མ་ལྔ་ཡི་ཚུར་ནང་ལ་ཤར་ལྷོ་ནུབ་བྱང་གི་ཕོ་བྲང་རྣམས་དཔའ་བོ་ཁྲི་ དམག་སྟོང་དམག་སོ་སོས་བསྐོར་རྒྱུར་གྲོས་ཐག་བཅད། བློན་པོ་རྣམས་ནས་རྒྱལ་པོའི་བཀའ་
ལ་མངོན་པར་བསྟོད་དེ་རང་རང་གི་བབས་ཐོབ་བཞིན་བཙན་རྫོང་ཟིན་པར་བློ་མཐུན་ནས་གྲོས་ ར་གྲོལ། ཉི་མ་གསུམ་གྱི་རིང་འགྲོ་འདུག་གི་གྲ་སྒྲིག་བྱས་ནས་བཞུགས་སོ།། །།
28
ལེའུ་བཞི་པ། དེའི་དུས་གླིང་པ་རྣམས་ལྷ་གུར་དཀར་མོ་མཐོང་བ་རང་གྲོལ་གྱི་ནང་དུ་བདུད་པོ་ཆམ་ལ་
ཕབ་པས། རྒྱལ་བློན་ཐམས་ཅད་ལ་དཔའ་དར་ལེགས་འབུལ་བྱས། ཁྲི་ཐོབ་ཁྲི་དང་གདན་ཐོབ་ གདན་ལ་བཞུགས། ཇ་ཆང་ཤ་ཐུད། དཀར་གསུམ་མངར་གསུམ་གྱི་ལོངས་སྤྱོད་ལྷ་དང་མཉམ་
པར་བྱས་ནས་བཞུགས་ཡོད་སྐབས། མ་ནེ་ནེ་གནམ་སྨན་རྒྱལ་མོ་དེ་ཡིས་སྤྲུལ་པའི་འཁོར་ལོ་རྒྱ་ ཆེན་བསྐོར། ལུང་བསྟན་མཁའ་འགྲོ་འབུམ་གྱིས་གཡས་གཡོན་བར་མཚམས་མེད་པར་བསྐོར་ ནས་རྒྱལ་པོ་སེང་ཆེན་གྱི་ལྷ་གུར་གྱི་སྟེང་སྤྲིན་དཀར་འདབ་ལོ་ཅན་ཞིག་གི་ཐོག་སྐུ་རྡོ་རྗེ་སྐྱིལ་ ཀྲུང་མཛད། སེང་ལྡེང་ཌཱ་རུ་གཡས་ལ་བསྣམས། དངུལ་དཀར་དྲིལ་ཆུང་གཡོན་ལ་བསྣམས་
ནས། རྒྱལ་པོ་སེང་ཆེན་ལ་ལུང་བསྟན་གནང་བའི་གླུ་འདི་ཚེ་གླུ་འགྱུར་མེད་ཀྱི་རྟ་ལ་དྲངས་ནས་ གསུངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ལ་མོ་ཨ་ལ་རེད། །སྐྱབས་བསླུ་བ་མེད་པ་དཀོན་མཆོག་
གསུམ། །གསོལ་བ་སྙིང་གི་རྒྱུད་ནས་འདེབས། །བྱིན་རླབས་ཐུགས་རྗེས་མགོ་ནས་འཚོས། །དངོས་ གྲུབ་ཁྲ་མོ་གླིང་ལ་ཕོབ། །བཞག་པ་སྒང་པ་བོད་ལ་ཞོག །ས་འདིའི་ས་ངོ་མ་ཤེས་ན། །བར་སྣང་ སྟོང་པའི་གཞལ་ཡས་རེད། །སྤྲིན་འདབ་ལོ་ཅན་གྱི་ཡང་སྟེང་རེད། །ས་གཞི་ས་ལ་མིང་ཐོགས་
པ། །བྱང་བྱེ་རི་རྒྱལ་པོའི་རྩྭ་ར་རེད། །རྐྱང་ཐང་ན་ལུང་སྤང་ལུང་རེད། །ལྷ་གུར་དཀར་མོའི་ནང་ བཅུད་ན། །སེང་ཆེན་ནོར་གྱི་བདག་པོ་བཞུགས། །ང་འདྲ་ང་ངོ་མ་ཤེས་ན། །ང་མོན་ནེ་མཐིང་ གི་བླ་མཚོ་ནས། །ཨ་ནེ་གུང་སྨན་རྒྱལ་མོ་ཡིན། །སེང་ཆེན་རྒྱལ་པོའི་ཨ་ནེ་ཡིན། །མ་ཤེས་ ལུང་བསྟན་བྱེད་མི་ཡིན། །མ་རིག་ལམ་སྣེ་འདྲེན་མི་ཡིན། །མ་གོ་གོ་བརྡ་སྤྲོད་མི་ཡིན། །མ་
ཚོར་དྲན་པ་གསལ་མི་ཡིན། །དེ་ནས་སེང་ཆེན་རིན་པོ་ཆེ། །ཡར་གསོན་དང་འདྲ་མ་ཨེ་འདྲ་ གདའ། །དཔྱིད་ཟླ་གསུམ་འབྲུ་དྲུག་ས་ལ་འདེབས། །དབྱར་ཟླ་གསུམ་ལྗང་ཆུང་མ་འཁྲུངས་
ན། །མ་སེམས་ཅན་འཁོར་བ་སུ་ལ་བརྟེན། །མ་སེམས་ཅན་འཁོར་བ་མ་ཟིན་ན། །བོད་མགོ་
29
ནག་འཚོ་ཁུངས་ག་ལ་ཡོད། །བོད་མགོ་ནག་འཚོ་ཁུངས་མ་ཡོད་ན། །ཆོས་སངས་རྒྱས་བསྟན་
པ་སུ་ཡིས་སྲུང་། །ང་ཨ་ནེ་གོང་སྨན་རྒྱལ་མོ་དེ། །ས་མོན་ནེ་མཐིང་ནས་མ་ཡོང་ན། །གླིང་རྒྱལ་ པོར་ལུང་བསྟན་སུ་ཡིས་བྱེད། །གླིང་རྒྱལ་པོར་ལུང་བསྟན་མ་བྱས་ན། །དགྲ་ཇག་པ་ཡོང་ཚོད་
སུ་ཡིས་ཤེས། །དགྲ་གང་ནས་ཡོང་ལེ་མ་ཤེས་ན། །གླིང་རྒྱལ་བློན་སྐུ་སྲོག་ག་ལ་བརྟན། །གླིང་
རྒྱལ་བློན་སྐུ་སྲོག་མ་བརྟན་ན། །བོད་རིགས་དྲུག་འགྲོ་དོན་སུ་ཡིས་སྐྱོང་། །དེ་ཡིན་ནས་ཨ་ནེའི་ ལུང་བསྟན་ལ། །བྱང་བྱེ་རིའི་སྟག་རྩེ་རྒྱལ་བློན་རྣམས། །ཟླ་བ་གསུམ་དང་ཞག་མང་ལ། །རྐྱང་ མོ་རི་ཐང་བཟུང་ནའང་། །དུས་དེང་སང་གཏམ་གྱི་གྲོས་ཁ་ལ། །ཡུལ་དེ་ནས་དམག་ས་མ་ ཟིན་ཟེར། །ད་མི་སྡོད་རང་ས་རང་བཙན་ཟུང་། །ཤར་རྫོང་ལྷོ་རྫོང་ནུབ་རྫོང་དང་། །བྱང་རྫོང་
དཀྱིལ་རྫོང་བྱུ་རུའི་རྫོང་། །གཡུ་རི་མཁར་རྫོང་གནས་མཆོག་ན། །འགྲོ་ངེས་པ་བྱེ་རིའི་རྒྱལ་
བློན་ཡིན། །དེ་བཞིན་དུ་བཙན་རྫོང་བཟུང་བས་ན། །གླིང་ཁྲ་མོ་བྱ་ཐབས་ཁག་ལེ་གདའ། །གླིང་
དཔའ་བརྟུལ་ཚོ་བཞི་རུ་བཞིར་བགོས། །དཀྱིལ་སྒར་རྒྱལ་པོ་ཁྱོད་དང་གཅིག །ལྡོང་སྤྱི་དཔོན་ཕ་ ཁུ་ཁྲོ་རྒྱལ་སོགས། །གླིང་གསེར་པ་ཤོག་ལ་ཤོག་མཐུད་ནས། །དཀྱིལ་སྒར་མ་ཐོར་བཟུང་ལེ་
དགོས། །དེ་མིན་བཙན་རྫོང་མ་བཟུང་གོང་། །གླིང་ཁྲ་མོས་ས་འགོག་སྔོན་ནས་ཁོག །ཨ་མཚར་ ལེའི་ལྟད་མོ་བལྟ་རྒྱུ་ཡོད། །རེད་བསམ་ན་ལ་མོ་དོ་དགོང་ཆས། །ནམ་སྐྱ་རེངས་ལངས་དུས་ དམག་སྒར་ཁྱོག །སང་ཉི་མ་གཅིག་དང་སང་ནུབ་གཉིས། །གནངས་ནམ་མཁའ་ལངས་དུས་
ས་འགག་སྲུང་། །མཁར་བཙན་པོའི་སྒོ་མོ་མ་བཟུང་གོང་། །གླིང་ཁྲ་མོས་རྫོང་གཞིས་འཁོར་ལེ་
གྱིས། །ཁྱོད་མངོན་པར་མཁྱེན་པ་ལོས་ཡོད་དེ། །མ་ཨ་ནེའི་ལུང་བསྟན་དེ་འདྲ་ཡིན། །གླུ་གསན་ ན་རྒྱལ་པོས་བཀའ་བཀོད་གྱིས། །མ་གསན་ལུང་བསྟན་རིམ་བཞིན་ཡོད། །ཅེས་གསུངས་ནས།
གུང་སྨན་རྒྱལ་མོ་མི་སྣང་བར་བྱོན་པར། སེང་ཆེན་ནོར་བུ་དགྲ་འདུལ་དེས་མྱུར་བར་དྲིལ་ཆུང་ གི་བརྡ་བཏང་བར། མི་ཆུང་དང་ཕྱིང་སྔོན། གཡུལ་རྒྱལ་ནོར་བུ་བཅས་གསོལ་དཔོན་ཞབས་
གཡོག་རྣམས་ཀྱིས་ལྷ་མཆོད་ཀླུ་མཆོད་གཉན་མཆོད་ཕུལ། ཇ་ཆང་བསྣམས་ནས་རྒྱལ་པོའི་ སྐུ་དྲུང་དུ་བྱོན་པས། རྒྱལ་པོས་ཐང་སྟོད་སྨད་བར་གསུམ་གྱི་དམག་སྒར་རིང་རིང་རྣམས་ལ་
བརྡ་དང་ཉེ་ཉེ་རྣམས་ལ་བང་ཆེན་མངགས་ནས་དཔའ་བརྟུལ་དམག་དཔོན་ཆེ་གྲས། མིང་ཐོབ་
30
བརྒྱ་དཔོན། སྟོང་དཔོན། འབུམ་དཔོན་ཐམས་ཅད་ཇ་ཡུན་གསུམ་གྱི་ཚུར་ནང་དུ། ལྷ་གུར་གྱི་
ནང་ལ་འཛོམས་དགོས་པའི་གསུང་འཕྲིན་གནང་། དེས་ན་མི་ཆུང་གིས་རྔ་བརྡུངས། ཕྱིང་སྔོན་
གྱིས་དུང་བཏང་། ཐག་རིང་ལ་བང་མི་མངགས་ནས་གླིང་པ་མཐོ་དམན་ཀུན་ལ་བརྡ་སྦྱར་བས། ཇ་ཡུན་གསུམ་གྱི་ནང་། གླིང་གི་ཕ་ཁུ། དམག་དཔོན། རུ་འདྲེན་རྣམས་ཀྱིས་གཙོས། གླིང་ལྷ་
སྡེ་དཀར་པོའི་དཔུང་དམག་རྣམས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འཛོམས་ཤིང་། གཡས་གྲལ། གཡོན་གྲལ། རྒྱབ་གྲལ། མདུན་གྲལ་རང་རང་ཐོབ་ཐང་གི་གདན་ལ་འཁོད། རྒྱལ་པོ་སེང་ཆེན་
གྱིས་བཀའ་མཛད་པ། རྟེའུ་མེ་མཚོ་དམར་མོ་ལ། །སྟག་རོང་བཙན་གྱི་སྡེ་པ་དེའི། །ལྷ་རྒོད་དམར་ ནག་ཁྲོ་ཚ་དང་། །རོང་ཚ་ཉི་མ་ཁྲི་བཙན་སོགས། །བཙན་པོ་དཔུང་གི་དམག་སྡེབ་ལ། །ཞང་
ཞུང་སྟག་མོ་ཁྲི་བཙན་མཐུད། །སྟག་གཟིག་ཞལ་དཀར་དཔུང་རོགས་གྱིས། །དེ་མིན་མདུན་གྱི་ རུ་འདྲེན་ལ། །རྨུ་སྤྱང་ཉི་མ་གྲགས་པ་དང་། །རིན་ཆེན་བསོད་ནམས་རྒྱལ་བ་གཉིས། །ནག་རུ་
ཐར་པ་བསམ་གྲུབ་གསུམ། །དཔུང་ཆེན་དམག་གི་རུ་འདྲེན་མཛོད། །རུ་འཛིན་སྤྱི་ཁྱབ་རྒྱལ་ཚབ་
ལ། །ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ཆས། །རུ་ཤོག་རྟིང་གི་རྗེས་སྣོན་ལ། །འོ མ་བུ་བཙན་གྱི་དཔུང་ཤོག་ ནས། །འཇང་སྲས་དམག་གི་ཡ་བདག་བྱོན། །དམུ་རྒྱལ་གྲགས་པ་ནོར་བུ་དང་། །སྐྱེས་མཆོག་ ཐར་པ་རྒྱལ་མཚན་སོགས། །དཀྱིལ་རུ་འདྲེན་པའི་རུ་འཛིན་མཛོད། །མདོ་མཁར་གནམ་རྫོང་
ཕྱུག་མོ་ལ། །བདུད་རྒྱལ་ཡིན་པའི་འཁོར་ཁྱིམ་ཡོད། །མ་ཤོར་ཐབས་ཀྱིས་ལེན་རྒྱུ་གྱིས། །ཨེ་ གོ་གླིང་དཀར་རྒྱལ་བློན་རྣམས། །གསན་ན་རྒྱལ་པོའི་བཀའ་བཀོད་ཡིན། །མ་གསན་ཐུགས་
ལ་འཁྲུལ་བ་མེད། །ཅེས་བཀའ་བསྩལ་བ་དང་། དེའི་དུས་བྱེ་རིའི་ལས་དམག་རྣམས་ཀྱང་རང་
མཁར་ལ་ཕྱིར་འཐེན་བྱས་ནས་ཉིན་མཚན་གསུམ་གྱི་དུས་རང་མཁར་ལ་འབྱོར། བྱེ་རི་སྟག་རྩེ་ རྒྱལ་པོ་དང་བློན་འཁོར་ཆེ་གྲས་རྣམས་ཕོ་བྲང་ལ་འཛོམས་ནས་མོ་མ་དང་རྩིས་པ། ལུང་བསྟན་ མངོན་ཤེས་ཡོད་པའི་བླ་མ་རྣམས་འདུ་འཛོམས་དགོས་པའི་གྲོས་གླེང་བྱས་ནས་ཆང་ཨ་རག་
དང་ཤོ་རྩེད་གསུམ་ལ་གཡེངས་ནས་གླིང་དམག་ལ་དོགས་ཟོན་མེད་པར་བསྡད་པའི་སྐབས། བྱེ་ རིའི་སོ་པ་ཕྱི་ནང་གསུམ་ཡོད་པ་དེས་གླིང་དམག་རྣམས་བཤར་ཡོང་བ་མཐོང་བ་དང་ཟིང་ཟིང་ ལོང་ལོང་གིས་དུང་བརྡ་བཏང་བར། རྒྱལ་བློན་ཐམས་ཅད་ཀྱིས་ཨ་དེ་འདྲ་མི་བདེན། མི་ན་ལེ་
31
མ་གོ་ཤི་ལེ་གོ རྒྱུ་བརླགས་ལེ་མ་ཤེས་རྙེད་ལེ་ཤེས། རྒྱུ་གཡར་ལེ་མེད་པར་སྐྱེད་ཀ་བྱུང་ཟེར་ བའི་དུས་དེ་ད་རེས་བྱུང་། དཔྱིད་འབྲུ་ས་ལ་མ་བཏབ་པར། སྟོན་འབྲས་སྨིན་དོན་ཅི་འདྲ་རེད།
རང་མཁར་འདིར་ཅི་ཟེར་རྩེབས་བསམས་ཏེ་ཐམས་ཅད་མཁར་གྱི་རྩེ་མོར་དོན་ནས་ལྟ་བའི་དུས། ཤར་ལྷོ་ནུབ་བྱང་ནས་ཁྲ་ཤར་ཤར། སྨུག་ལྷོག་ལྷོག དམར་ལྷབ་ལྷབ། སྔོ་ཐིང་ཐིང་གིས་ཤར་ ལྷོ་ནུབ་བྱང་གི་མཁར་ལ་གཏད་ནས་དམག་རུ་ཁག་བཞི་ལྔ་ཙམ་ཡོང་བ་མཐོང་བས། བློན་པོ་ འགའ་ཞིག་གིས་རྒྱང་འཐེན་གྱི་ཤེལ་མདུང་བཙུགས་ཏེ་ལྟད་མོ་བལྟས། བཙུན་མོ་བློ་མ་བདེ།
སེམས་སྡུག་བསྔལ་གྱིས་ཁེངས། རྒྱང་ཤེལ་ཚུར་ཕྲོགས་ནས་ལྟ་བའི་དུས། བསམ་པ་སེམས་
ཀྱིས་མི་ལངས། ལྟ་བ་མིག་གིས་མི་བཟོད་པའི་དམག་ཆེན། གནམ་ཨ་སྔོན་ས་ལ་ལྷུང་འདྲ། ས་ དོག་མོས་མ་ཁྱོག་འདར་ཡོམ་ཡོམ་བྱེད་པ་འདྲ་བའི་དམག་སྒར་ཞིག་ཡོང་བ་མཐོང་བས། རྒྱང་ ཤེལ་ལ་ལྟ་བཞིན་བློན་པོ་ལ་སྐད་ཆ་དྲིས།
བློན་པོ་རྣམས་ཕར་ལྟ་ཚུར་ལྟ། ཕར་འདྲི་ཚུར་འདྲི་བྱེད་པའི་དུས། སེང་ཕྲུག་ཐོག་ལྷ་བཙན་
པོ་དེས། ཡ། གླིང་རུའི་སྒར་ལ་ཕར་བཤར་ཚུར་བཤར་སྐོར་ཐེངས་མང་པོ་བྱས། ང་ཡིས་གླིང་
སྡུག་མུ་གེ་ཕོ་སྟོངས་ཚོ་མི་ཤེས་ཟེར་བ་ག་ལ་ཡོད། གླིང་སྡུག་ཀོ་གྱོང་སྐམ་པོ་ཚོར། མ་འཐབ་
བསམ་པ་ག་ལ་ཡོད། གླིང་སྡུག་དམར་ཆེན་གཏོར་མ་དེ། མགོ་རྟིང་མང་པོ་སློག་ལེ་ཡིན། གླིང་ སྡུག་མེ་ལྕེ་ཡར་འབར་དེ། ཆུ་དགྲ་མང་པོས་བསད་ལེ་ཡིན། མ་ཤེས་ཟེར་བ་མ་ཡོད་མོད་ཟེར་ བ་དང་། མོ་མ་ཧྭ་ཤང་ཧུ་ཤུ་དེས་ལྷ་བདུད། གཤིན་འདྲེ། མ་ཏྲ། རུ་ཏྲ་སོགས་དགའ་རབ་ལྷ་ལ་
མི་བརྟེན་གཅིག་ཀྱང་མེད། ལྷ་སྲུང་མས་མ་མཁྱེན་གང་ཡང་མེད། གཙོ་ཆེན་དགའ་རབ་དབང་
ཕྱུག་མཁྱེན། ཡང་སྒོས་ཐེའུ་རང་རྣམ་གསུམ་མཁྱེན། བླ་མ་ཀུན་ཤེས་ཐིག་པོ་མཁྱེན། སྔར་བྱུང་
ཕྱི་ཡོང་ད་ལྟ་མཁྱེན་ཟེར་ནས་མོ་རྩིས་མངོན་པར་རྟོགས་པའི་མོ་བཤད་བྱས་པར། དེ་ཡོད་རྒྱལ་ བློན་ཚང་མས། འགྱོད་འགྱོད་ལན་ལན་གྱིས། དགྲ་མ་འཐབ་གོང་ནས་དགྲ་དོགས་དང་། ཆུ་
མ་ཡོང་གོང་ནས་ཆུ་རགས། མེ་མ་བྱུང་གོང་ནས་མེ་འགོག ནད་མ་བྱུང་གོང་ནས་སྨན་པ་ཟེར་ བ་དེ་མ་ཤེས་པས་ལན། ཕར་འགྲོའི་དམག་གིས་གླིང་དགྲ་འགོག་མ་ཐུབ། དགྲ་ནང་ལ་ཤོར། ཆུ་རུམ་ལ་བོར། ནད་ལུས་ལ་འཁོར་ཟེར་བ་ལོས་ཀྱང་བདེན། ད་ཅི་དྲག་གང་དྲག་ཟེར་ནས་
32
གྲོས་གླེང་བྱས་མཐར། བླ་མར་མཁོ་བའི་སྒྲུབ་རྫས་ནོར་བུའི་རིགས་བསྒྲུབ་པར་ཁ་མཐུན་ནས་
གཏེར་སྒམ་གཡང་སྒམ་སོགས་མི་ཚེ་བསགས་པའི་ནོར་རྫས་རྣམས་བླ་མའི་མདུན་དུ་ཕུལ། བླ་ མ་ཧྭ་ཤང་ཧུ་ཤུ་དེས་སྒྲུབ་རྫས་རིན་ཆེན་སྣ་ཚོགས་པ་དང་འབྲས་དཀར། འབྲས་སྔོན། དཀར་
གསུམ་མངར་གསུམ་གྱི་བཅུད་འཛོམས་ཟས་རིགས། ཤིང་རིགས་སྣ་ཚོགས། ཤ་ཁྲག་ལ་སོགས་ གཅན་གཟན་སྣ་ཚོགས་ཀྱི་སྤུ་རིགས་སོགས་ཀྱི་མཁོ་རྫས་རྣམས་གྲ་སྒྲིག་བྱས། བྲག་ལུང་ནོར་ བུ་གཏེར་རྫོང་། བྱུ་རུའི་གཏེར་རྫོང་ཡོད་པའི་ཉེ་འགྲམ། བྲག་ནག་སྲིན་མོ་འགྱིངས་འདྲ། ཧེ་
རུ་སྟོབས་ལྡན་གྱི་སྒྲུབ་ཕུག་ཡོད་པའི་མཚམས་སུ། འདྲེ་དང་བཙན་བདུད་ཀྱི་རྒྱུད་པ་ཡིན་པའི་
མཚམས་གཡོག་བུད་མེད་གསུམ་དང་བཅས་སྒྲུབ་པར་བཞུགས། གཏོར་མ་རི་བོ་འདྲ་བ་ཞིག་
བཟོས། ཕྱོགས་བཞིའི་གཏོར་ཐག་ནས་བླ་མ་དང་མཚམས་གཡོག་གསུམ་གྱིས་བཟུང་། དེ་ལྟར་ གཏོར་སྒྲུབ་དང་འཆི་མེད་ལྕགས་ཀྱི་རིལ་བུ་ཚེ་མདུད། སྲུང་མདུད་སྣ་ཚོགས་པར་སྒྲུབ་པ་བྱས་
ནས་བསྡད། ཉིན་ལྔ་སོང་མཚམས་སུ། གླིང་གི་དཔའ་བརྟུལ་རྣམས་ཤར་ལྷོ་ནུབ་བྱང་གི་ཕྱོགས་ སོ་སོ་ནས་བཤར་ཡོང་བར། དང་པོ་རྒྱལ་པོའི་ཕོ་བྲང་ཐད་ནས་སྨུག་ཁྲིགས་སེ། ཁྲ་སྤུངས་སེ། འོད་ཆེམ་ཆེམ་འཇའ་ཚོན་ཐང་ལ་ཤར་བ་བཞིན་ལྕགས་ཐང་ལུང་གཞུང་། བྲག་རི་ཨ་མ་འདྲ་
བའི་ས་གཞུང་། རི་ཨ་ཕ་འདྲ་བའི་ཕ་རི་ནས་གླིང་དམག་གི་དཀྱིལ་སྒར་ལ། སེང་ཆེན། རོང་ཚ་
ཁྲ་རྒན། ཉི་འབུམ་གཙོས་སྟོད་གླིང་སྨད་གླིང་བར་གླིང་གསུམ་གྱི་དམག་རྣམས་བབ་བྱུང་བར། བྱེ་རི་རྒྱལ་པོ་དགོངས་པ་གཏིང་ནས་འཚོམས་ཏེ། ཡ། ང་ཡི་ས་ཡི་ཨ་མ། ཆུ་ཡི་གཞུང་ཐིག
རི་ཡི་ཨ་ཕ། ཡུལ་གྱི་ཨ་ཁུ་འདྲ་བའི་གཏེར་ས། ཤེལ་དཀར་རྒྱང་གྲགས་དེ་ཡིས་འདོ་བ་དར་
མཛེས་ཀྱི་སྟེང་ནས་མི་དཀར་དུང་སྒོང་འདྲ་བ། །ཁྲབ་དཀར་གངས་རི་འདྲ་བ། །སེངྒེ་གངས་ལ་ འགྱིངས་འདྲ། །སེང་ཐོད་གཡུ་རལ་རྒྱས་འདྲ། །གཡས་སྟག་དོང་མེ་རི་འཛུམ་ཆེན་ནས་མདའ་ མོ་ཤ་བཟའ་གསེར་དོང་མ་དེ་བླངས། གཡོན་གཞུ་ཤུབས་ཐིག་ལེ་དགུ་འགྱུར་ནས། གཞུ་མོ་ པདྨ་ནོར་བུ་དགའ་འཁྱིལ་དེ་བཏོན། མདའ་མོ་གཞུ་སྟེང་ལ་བཞག འགྱིང་འགྱིང་། དལ་དལ་
ལྷོད་ལྷོད་ཀྱིས་གཞུ་མཐེབ་མ་སྤྲད་པར། གཡས་པས་འགྲམ་པ་བསྐྱོར། གཡོན་པས་མདའ་གཞུ་ བཟུང་ནས། ཡ། ཁོ་རེ་ཁྱོད་རང་ཟེར་བ་དེ་རང་རེད། །གངས་དཀར་མོ་གནམ་ལ་འཁོར་འདོད་
33
རེད། །ཆུ་ཆེན་པོས་རི་ཀླུང་ཁེངས་ལེ་དེ། །དམའ་རྒྱ་ཟམ་འགྲུལ་ལམ་གཅོད་འདོད་རེད། །ཁྱོད་ མི་ཕོ་དཔའ་བཤད་ཆེ་ལེ་དེ། །མགོ་ལག་ཨ་ཕོའི་དཔའ་དར་ཡིན། །ཡིན་ལུགས་འདྲ་མ་ག་ལེར་ ཡོད། །ཅེས་ཟེར།
ཤེལ་དཀར་རྒྱང་གྲགས་ཀྱིས་མདའ་མོ་དེ་འུར་ལྡིར་གནམ་ས་ཁེངས་པ་ལྟར་བརྫངས་
པས། ཁོ་ཡི་མགོ་རྨོག་དཀར་དཀྱིལ་དུ་ཕོག་ནས་རྨོག་དཀར་གཏོར་བྱུང་ཡང་ཁོ་བདུད་ཀྱི་བུ་ དངོས་ཡིན་ཞིང་འདུལ་བའི་དུས་ལ་མ་བབས་པས་ལུས་ལ་གནོད་མ་ཐུབ། ཚུར་ཡང་མདའ་
ཞིག་བརྫངས་བྱུང་བ་ཤེལ་དཀར་རྒྱང་གྲགས་ཀྱི་སྙིང་སྟེང་མེ་ལོང་དཀྱིལ་དུ་ཐེབས་ཀྱང་དགྲ་
ལྷ་ཝེར་མ་རྣམས་ཀྱིས་མདའ་ཤུགས་བླངས་པས་མེ་ལོང་དང་གོ་ཁྲབ་སིང་སྒྲ་ཐར་རེར་གཏོར་
བ་ལས་གནོད་མ་ཐུབ། དེ་ནས་གྲི་བཏོན་ནས་ཇ་ཡུན་ཙམ་འཐབ་ཀྱང་ཁེ་ཕམ་མེད་པར་གཉིས་ ཀས་རང་ཚོད་བཟུང་ནས་སོ་སོར་བྱེར། གཉིས་ཀ་ཧུ་ཤུ་གཡག་རྒོད་ངར་ངར་གྱིས་ངལ་གསོ་ བྱས་ནས་བསྡད་པར། ཁོ་ཡི་བསམ་པར། ངས་དེ་རིང་གླིང་ཕྲུག་འདི་ལ་ཁ་ཡ་མ་བྱུང་ཡང་། ད་
རེས་སྒར་དེ་ཁྲག་བཞིན་དུ་དཀྲུག་ན། དཔའ་བརྟུལ་འགའ་ཞིག་གི་མགོ་སྐེ་ལོན་པ་ཐག་གིས་ཆོད་ བསམས་ནས་ཕར་བྲོས་པ་བཞིན་གྱིས་མཆན་ཁེབ་བློན་པོ་འགའ་དང་མཉམ་དུ་སྒར་དཀྱིལ་དུ་
མཆོངས་པའི་དུས། ཤེལ་དཀར་རྒྱང་གྲགས་དེ་ཡིས་མདའ་ལྔ་བསྟུད་མར་འཕངས་པས། བྱེ་རིའི་ མི་རྟ་ལྔ་བཅུ་ཙམ་ཞིག་གཡས་འགྱེལ་གཡོན་འགྱེལ་དུ་བཏང་ཡང་། ཁོ་ཡིས་མཆན་ཁེབ་བློན་ པོ་གསུམ་དང་ཧྲག་བསྡུས་གང་ཡོད་དང་གྲ་སྡེབ་བྱས། རལ་གྲི་ཤུབས་ནས་བཏོན་ཏེ་མུ་པའི་
སྒར་དཀྱིལ་དུ་མཆོངས་ནས་མུ་པའི་དམག་སུམ་ཅུ་ཙམ་ཞིག་གྲི་འོག་ཏུ་བཏང་། གུར་དཀར་ པོ་གངས་རི་འདྲ་བ་དེའི་ནང་ནས། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེ། མི་དཀར་སེངྒེ་འདྲ་བ། འཁོར་ གསུམ་གཡུ་རལ་རྒྱས་འདྲ། ཟླ་བ་ནམ་མཁར་ཚེས་འདྲ། བར་སྣང་འོད་ཀྱིས་ཁེངས་ལེ། འཕྲུ་ དཀར་སྤྲིན་དཀར་འཁྲིགས་འདྲ། ཁྲབ་དཀར་འབུམ་རྫོང་རི་མོ་བཀྲ་ཤིས་རྟགས་བརྒྱད། རྒྱལ་
སྲིད་སྣ་བདུན་གཞི་བརླིང་ཆགས་པ་དེ་སྐུ་ལ་གསོལ། རྟ་འདོ་བ་ཁྱུང་གཤོག་སྔོན་པོའི་གོང་ལ་
ཐོན་ནས་གཡས་འགྱུར་གཡོན་འགྱུར་ལིང་ལིང་། རྒྱབ་དར་ས་ལ་དྲུད་ལ་ཁད། སྒ་འགྱུར་ཡོབ་
འགྱུར་ཤིག་ཤིག དཀར་པོ་དུང་དཀར་འདྲ་བ། ཁྲུང་ཁྲུང་གནམ་ནས་འཕུར་བ་བཞིན་ཁོ་ཡི་གདོང་
34
ལ་གློག་འཁྱུགས་པ་ལྟར་ཆས་པས། ཁོ་ཡིས་གླུ་ལེན་མེད་པར་རྟ་ཐོག་ནས་ལྷ་སྲས་དགྲ་ལྷ་རྩེ་
རྒྱལ་གྱི་བྲང་མཚམས་ནས་ལག་གཡོན་པས་བཟུང་། གཡས་པས་ཐོང་རྩ་ནས་བཟུང་སྟེ། དགྲ་ ལྷ་རྟ་ཐོག་ནས་འཕངས་ཏེ་གནམ་ལ་བསྐོར་ཅིང་ས་ལ་བརྡབ་དགོས་བསམས་ནས་འཐེན་བྱུང་
བར། དགྲ་ལྷ་རྩེ་རྒྱལ་གྱིས་ཀྱང་དེ་ལྟར་ཁོ་ཡི་བྲང་མཚམས་ནས་བཟུང་ཏེ་ཡར་གཡུགས་མར་ གཡུགས། ཕར་འཐེན་ཚུར་འཐེན་གྱིས་འཛིང་མོ་བྱས་པར། བདུད་ཕྲུག་ཤུགས་ཅུང་ཆེ་བས། དགྲ་
ལྷ་རྟ་ཁྱུང་གཤོག་གི་སྟེང་ནས་ས་སྟེང་དུ་ཕབ་བྱུང་བར། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དཔའ་ངར་ཁྲོ་ ཆུ་འཁོལ་བ་བཞིན་འཁྲུགས་ནས་ཤུགས་ཀྱིས་འཐེན་པས། ཁོ་རྟ་ཐོག་ནས་ཕབ་སྟེ་སྟག་མོ་ཁ་ འཛིང་བྱེད་པ་བཞིན་ཕར་འདེད་ཚུར་འདེད་ཀྱིས་གཡུག་སྐོར་ལན་བཅོ་བརྒྱད་བྱས་ཀྱང་ཁེ་ཕམ་
མ་བྱུང་། གྲི་མཚོན་གཡུག་སྐོར་ལན་མང་བྱས་ཀྱང་། གཉིས་ཀར་མཚོན་མ་སོང་། ལྷ་སྲས་དགྲ་ ལྷ་རྩེ་རྒྱལ་གྱིས་ཞབས་གཡས་པས་རྡོག་ཐོ་འགའ་རེ་བརྒྱབ་པས། ཁོ་ཡི་མཆན་ཁེབ་མི་བདུན་
བསད། ཁོ་ཡིས་རྡོག་ཐོ་རྒྱག་ལོང་མེད་པར་སོ་སྒྲ་བསྒྲགས། མིག་རྩ་ཁྲག་གིས་ཁེངས་བཞིན་ཁུ་ ཚུར་རྔ་མོ་བརྡུང་བརྡུང་བྱས་ཀྱང་ཕན་ཚུན་ཅི་ཐོབ་དང་འདི་ཐུབ། དེ་ཕོག་དང་འདི་གནོད་གཅིག་ ཀྱང་མེད་པའི་སྐབས། དགྲ་ལྷ་གཉན་སྟག་དམར་པོས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་དཔུང་པ་ནས་ བཟུང་སྟེ་ཁོ་ཡི་མགོ་ལ་གཅིག་བརྒྱབ་པས། འཇོར་སྤང་ལ་ཟུག་པ་བཞིན་སོང་བས། ཁོ་མགོ་
ནག་ཐོམ་ཐོམ་དུ་སོང་ཡང་ཤི་འཐམ་རོ་འཐམ་གྱིས་དགྲ་ལྷ་ལ་འཐམ་ནས་ལག་གཉིས་མི་གློད་
པས། དགྲ་ལྷས་རྨ་རྒྱལ་ལ་དམིགས་པ་བྱས་ནས་ཁུ་ཚུར་ལན་གཉིས་བཏབ་པ་གཅིག་སོག་པར་ ཐེབས། གཅིག་མཆིན་འོག་ཏུ་ཐེབས་ཏེ་ཁོ་ཡི་ཁ་ནས་ཁྲག་དང་ཀླད་པ་མཉམ་བསྲེས་དུ་གཏོར་ ཡང་། ཁོ་བདུད་ཕྲུག་དངོས་ཡིན་པས། དགྲ་ལྷ་སློད། རྐང་རྒྱུག་གིས་ཕར་བྲོས་ནས་རྟ་ཐོག་ལ་
བཞོན་ཏེ་རལ་གྲི་བཏོན་ཞིང་བྲོས་པས། ཆོས་སྐྱོང་སྲུང་མ། རྨ་རྒྱལ་སྤོམ་ར། གཉན་སྟག་དམར་ པོ་སོགས་ཀྱིས་གཡས་རྒྱུག་གཡོན་རྒྱུག་གིས་ཁྱི་དར་མས་ཤ་བ་དེད་པ་བཞིན་ཁོ་སྒར་གྱི་ཟུར་
དུ་བཀར་བྱུང་བར། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེ་ཡིས་རལ་གྲི་ཡ་ཟི་དཀར་ཕྲེང་གི་ཤུབས་ཁ་སྤར་ ནས་དྲག་རྩུབ་ཤ་ཟན་གྱི་རྟ་ལ་བསྐྱོན་ནས་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ཨ་ལ་གླུ་ཡི་ཨ་མ་རེད། །ཨ་མ་མེད་ན་བུ་ཚ་མེད། །བླ་མ་མེད་
35
ན་ལྷ་ཆོས་མེད། །དགེ་སྡིག་མེད་ན་དུད་འགྲོ་ཡིན། །གླུ་ཨ་ལ་ལེན་པ་ཆོས་ལ་ལེན། །ཆོས་
བྱིན་རླབས་ཨ་དང་ༀ་ནས་ལེན། །ཐ་ལ་ཐར་པའི་ལམ་ནས་ལེན། །མ་གྱུར་སེམས་ཅན་སྙིང་
རྗེས་སྐྱོང་། །རིགས་དྲུག་ཆོས་ལ་མ་བསྒྱུར་ན། །དགེ་སྡིག་ཟེར་བ་མ་ཡོད་གདའ། །གླུ་ཐེངས་
གསུམ་ལེན་དོན་དེ་འདྲ་ཡིན། །གླིང་ཁྲ་མོས་ཨ་ལ་ཐ་ལ་ལེན། །དོན་དགོས་པ་ཡོད་ནས་ལེན་ལེ་ ཡིན། །བདུད་ནག་པོས་ཧ་ར་ཧུ་རུ་ལེན། །ཡང་དོན་ནད་ཡམས་ཤ་ལ་ལེན། །དེ་ཁམས་གསུམ་
མི་གཅིག་རང་རང་སྐད། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །དབྱེར་མེད་ཁ་
ལོ་ཆོས་ལ་བསྒྱུར། །དྲིན་ཆེན་བླ་མ་འདྲེན་འདོན་ཆེ། །ཕ་མ་བྱམས་སྐྱོང་སྙིང་རྗེ་ཆེ། །དྲོད་ཆེན་ཉི་ མས་ས་གཞི་དྲོས། །དྲིན་དེ་གསུམ་ཡན་ལ་ཆེ་རྒྱུ་མེད། །ང་ལྷ་སྲས་དགྲ་ལྷ་བྲོས་པས་ན། །གླིང་ ཁྲ་མོ་ཝ་མོ་ཁྱུ་གཅིག་རེད། །བྱང་ས་མཐའ་འགྲིམས་ནས་དོན་སྒོ་མེད། །ཅེས་གླུ་རྫོགས་པ་དང་
ཡ་ཟི་དཀར་ཕྲེང་ཤུབས་ནས་བཏོན་ཏེ་གཡུགས་པས། ཁོ་ཡི་མགོ་སྐེ་བཅད། མགོ་འཕྲུ་གོང་ལེན་ བྱས། དེ་ནས་མཆན་ཁེབ་བློན་པོ་གསུམ་དེ་མཆོངས་བྱུང་བར། ཡ་ཟི་དཀར་ཕྲེང་ལན་གཅིག་
གཡུགས་པས། གཡུགས་ཐེངས་གཅིག་ལ་མཆན་ཁེབ་བློན་པོ་གསུམ་དེ་བསད། དུས་གཅིག་
ལ་དཔོན་གཡོག་བཞི་དེ་བསད་ནས་མགོ་འཕྲུ་བླངས་པས་ན། དེ་ཡོད་བྱེ་རིའི་ལས་དམག་ཧྲག་
བསྡུས་རྣམས་ལམ་གང་ཐོབ་ཀྱིས་ཕྱིར་བྲོས་བྱས་པར། དགྲ་ལྷས་རྗེས་འདེད་བྱས་པས། དེ་ཡོད་ ཐམས་ཅད་ཀྱིས་ཕྱག་འཚལ་མགོ་འབུལ་ཞུས། དེ་ཉིན་བྱེ་རིའི་ལས་དམག་གཅིག་ཀྱང་ལོག་རྒྱུ་ མེད་པར་གྱུར་བས། བྱེ་རི་སྟག་རྩེ་གཡུལ་རྒྱལ་དང་བློན་པོ་ཆོས་གྲུབ་དཔའ་བོ་སོགས་མཁར་
ནང་དུ་ཡོད་པ་རྣམས་ལ་གཏམ་ངན་གྱི་སྐད་ཆ་ཙམ་ཞིག་གོ་རྒྱུ་མེད། དཔའ་བོ་ཆོས་གྲུབ་དེས།
ཡ། ད་བསམ་པ་མེད་དེ་བསྐོས་ལེ་རེད། ཤ་ཕུ་ནུ། གཉེན་ཉེ་བ། བུ་ཚ་ཞང་མང་ཆེ་བ་དགྲ་ལ་ ཤོར། ད་དུས་ལ་བབས་པ་ཡིན་པ་འདྲ་ཟེར་བར། བློན་པོ་འགའ་ཞིག་གིས་དཔའ་ཁ་ཁས་ལེན་ བྱས་ནས་རྟ་ལ་སྒ་སྲབ་བསྒྲིགས། ལུས་ལ་འཁོར་གསུམ་བསྐོར། ཤི་བ་ལ་ཐེ་ཚོམ་མེད་པར་ གླིང་གི་ཝ་ཕྲུག་མ་ངན་ཇོ་རུ་ཨབ་ཤ་མན་ཆད་ནས་གཡོག་ཨ་སྡུག་ཆུ་ལེན་ཡན་ཆད་སུ་ཐུག་
རོ་ལ་བསྒྱུར་ཨེ་ཐུབ་བལྟ་ཟེར་ནས་འགྲོ་ཆས་བྱེད་སྐབས། བཙུན་མོ་ཤེལ་དཀར་གཡུ་མཚོ་དེ་
ཡི་བསམ་པར། ད་མ་ལེགས་མ་བཟང་ཐག་གིས་ཆོད། ད་ནི་བྲོས་པའི་ལམ་དེ་བཀག སྡོད་པའི་
36
མཁར་དེ་ཤོར། བསགས་པའི་ཟས་དེ་ཟད། བསྐོས་པའི་མི་དེ་ཤི ད་འགྲོ་ཐབས་འདུག་ཐབས་
མ་བྱུང་ཐག་ཆོད་རེད་བསམས་ནས། ཡ། རྒྱལ་བློན་རྣམས་དེ་འདྲ་ལར་གྱིས་མ་གསུངས། ང་
བུད་མེད་སྲོག་ཐེངས་དགུ་བཅད་ཀྱང་རྟིང་མ་མི་ལོན། ད་མིང་མི་ཁ་ངན་རྒྱུ་གཅིག་ཀྱང་མེད། ང་ སོང་ནས་རྒྱལ་པོ་སེང་ཆེན་ལ་ཞུ་འབུལ་འདྲ་བྱས་ན། རབ་ན་རྒྱལ་ས་རང་གནས་དང་། འབྲིང་ ན་སྲོག་གི་སྐྱབས་གནས། ཐ་ན་རྟ་གསོ་ཁྱི་སྐོར་གྱི་གྲལ་ལ་བསྐོ་ཤས་ཆེ། གལ་སྲིད་དེ་ལྟར་མ་ བྱུང་ན། ཤི་བར་ན་ཚ་མེད་པར་རྣམ་ཤེས་སྤར་ཟེར་བ་ཡོད་རབས་གྲགས། ཤི་ན་མཉམ་ཤི་དང་ གསོན་ན་མཉམ་གསོན་འདྲ་ཨེ་ཡོང་བལྟ་ཟེར་ནས་ཞུ་འབུལ་བྱས་པར། སྟག་རྩེ་གཡུལ་རྒྱལ་
དེ་ཡིས་འཁོར་གསུམ་ལུས་ལ་བསྐོར། གཟའ་སྒྲ་གཅན་གནམ་ནས་ལངས་འདྲ། གསལ་ཉི་ཟླ་ གྲིབ་སོས་བསྒྲིབས་འདྲ་ཞིག་བྱས། རྟ་འདོ་ཆེན་ཁྱུང་གཤོག་དེར་སྒ་ཆས་སྤྲས་ནས་གཡོག་གོ་ ཆོད་རྣམས་ལ་བཀའ་བསྩལ་བཀའ་བཀོད་ཡར་ལྡོག་མེད་པའི་དཔའ་གླུ་ངར་མ་ཟིལ་ཆེན་གྱི་རྟ་ ལ་དྲངས་ནས་གླུ་འདི་བླངས་པར་གདའ་འོ ། །
གླུ་བསེར་གཅིག་བསེར་གཉིས་བསེར་དང་གསུམ། །བསེར་གསུམ་ཐོག་ནས་གླུ་ཞིག་
ལེན། །བསེར་གླུ་འབོད་ལེ་བྱང་གི་སྐད། །བྱང་བྱེ་རི་མི་འགྱུར་ཕ་སྐད་ཡིན། །བྱང་བྱེ་རི་ན་
ཐང་རིང་མོ་ནས། །དཔའ་ཡ་མེད་བྱང་མི་སྟག་བརྟུལ་ལ། །ཕོ་ལན་མེད་མགོ་འཛིན་སྟག་རྩེ་
རྒྱལ། །དགྲ་ཇོ་རུའི་མགོ་སྐེ་ལེན་རྒྱུ་ཡིན། །དམག་བུ་རྟ་ཁྲི་ཚོ་ཤོར་ན་ཡང་། །རྒྱ་ལ་ཆེན་སྔ་
མིའི་གཏམ་དཔེ་ལ། །ནམ་སྟོད་སྨད་རྨི་ལམ་ཁག་ཁག་ཡིན། །ཚེ་སྟོད་སྨད་བསོད་ནམས་ཁག་
ཁག་ཡིན། །སྟག་ཤར་པའི་དགྲ་བཏུལ་རྟིང་མ་དེ། །ལས་རླུང་རྟ་སྔ་ཉི་ཕྱི་ཉི་ཡིན། །དེ་ཨེ་བདེན་
ལྟོས་དང་རྗེས་ལ་ཡོད། ཁོ་མ་ངན་ཇོ་རུ་ཨབ་ཤ་དེ། །དུས་ན་ནིང་རྒྱལ་རྒྱལ་ད་བར་རྒྱལ། །དུས་ ད་རེས་རྒྱལ་ཐག་ཆོད་ལེ་ཡིན། །ང་མི་སྡོད་ཇོ་རུའི་སྒར་ལ་འགྲོ། །དུས་དེ་སྔ་ཉི་མ་ཡན་ཆད་
ལ། །ཟས་ཞིམ་པོ་ཚྭ་ཡི་ཚོ་བཅུད་དེ། །ཐེངས་གཅིག་ལ་ཚིམ་པ་ཡོང་ལེ་མེད། །གོས་མཛེས་ པོ་ལུས་ཀྱི་ཆ་ག་དེ། །ཉིན་གཅིག་ལ་ཁྲོམ་གཤོག་ཡོང་ལེ་མེད། །བུ་དཔའ་བོ་དགྲ་ཡི་གདོང་
ལེན་དེ། །ཉིན་གཅིག་ལ་རྒྱལ་ཁ་ལོན་ལེ་མེད། །དབྱར་ཟླ་གསུམ་མེ་ཏོག་སྤང་ལ་ཤར། །ཕྱུགས་ བེའུ་ལུག་སྣང་བ་དགུང་ལས་མཐོ། །སྟོན་ཟླ་གསུམ་ལྷགས་པ་བ་མོས་བཅོམ། །ཤ་རུས་པའི་
37
སྙིང་ཁུང་གྲང་གིས་བཟུང་། །ལས་ཚེ་སྟོད་དབང་ཐང་དར་བའི་དུས། །དཔའ་རྟིང་མ་ངོམ་ཞིང་
སྙན་གྲགས་མཐོ། །བར་ཚེ་སྐེད་དབང་པོ་མར་གུད་དུས། །ཕྱོགས་ཕན་ཚུན་ཡོངས་ནས་དགྲ་ལ་
འཛིན། །མི་ཁ་ས་སྟེང་ཡོངས་ལ་ཁྱབ། །འཆི་རན་ཁར་ཟས་མེད་གོས་མེད་འགྱུར། །ལྟོ་ཕོ་བ་མི་
ཁེངས་མུ་གེས་ཤི །གླིང་ཇོ་རུ་དེ་དང་མི་འདྲ་རེ། །ངས་དེ་རིང་འགྲོ་བའི་ལམ་ཞོར་ལ། །ཁོ་ཇོ་རུ་ མགོ་ནས་མཉེས་ནས་ཡོང་། །ཁོ་མཆན་ཁེབ་ཁྲམ་པ་དཔུང་རོགས་ལ། །ཕོ་རྒོད་བསམ་འདན་ མ་དཔའ་ལ་དང་། །ཤུགས་ཆེ་བསམ་སྒ་སྡེ་ཉི་འབུམ་བཅས། །དཔའ་བཙན་བསམ་དགྲ་ལྷ་གཡུ་
ལྷ་དང་། །ཇུས་མཁས་བསམ་ཤན་པ་དུང་སྐྱོང་སོགས། །དམན་མོ་ཨ་སྟག་ཀླུ་མོ་གཙོས། །ཞང་
ཞུང་སྟག་མོ་ཁྲི་བཙན་དང་། །སྟག་གཟིག་ཞལ་དཀར་ལྡན་པ་གཉིས། །ལ་ཕུའི་ཨ་ནུ་ཞལ་དཀར་ གསུམ། །ཐང་རྩེ་ནམ་མཁའ་འཇིགས་མེད་བཅས། །ཕོ་རྒོད་ནས་དམག་ལ་མ་ཆས་ཏེ། །གཡོག་ ཡར་འཁོར་ཟས་གོས་དོན་ལ་རེད། །དཔོན་ཨ་ཁུས་བཀའ་བརྡ་གང་གནང་རེད། །ཟོག་བདག་
མེད་ཟ་ཁ་རི་ལ་གཏད། །མདའ་སྐྱེན་པོས་ཕུ་གསོད་མདའ་གསོད་རེད། །མི་བདག་མེད་ས་མཐའ་
སྟོང་སྐོར་བྱེད། །ལྟོ་ཕོ་བ་གང་རྒྱགས་གང་ཞིམ་ཡིན། །དེ་འདྲ་བས་བློན་པོ་ཁྲི་དཔོན་ཚོ། །དཔའ་ ཨེ་གདའ་ཉི་མ་དེ་རིང་བལྟ། །དེ་ཨེ་རེད་བློན་ཚོགས་ཐུགས་ལ་ཞོག །ཅེས་ཟེར་བར། བློན་པོ་ རྣམས་ཀྱིས་ང་འགྲོ་ཁོ་འགྲོ་ཟེར། དགའ་དགའ་སྐྱིད་སྐྱིད་སྲོག་ལ་ཕངས་མེད་ཀྱིས་རྒྱལ་པོའི་
དཔུང་རོགས་ལ་འགྲོ་རྒྱུ་ཐག་བཅད། རྒྱལ་རྒྱུད་དུས་ལ་མ་ཕན་ན། བློན་པོ་བསྡད་ཀྱང་ཡི་མུག་ རེད་ཟེར་ནས་ཆང་ཨ་རག་ལ་བཟི་བཏུང་། ཁྲ་བོ་ཤ་ལ་ཚོ་ཟོས་བྱས། རང་རང་རྟ་ལ་སྒ་ཆས་
དང་ལུས་ལ་འཁོར་གསུམ་བསྐོར། སང་ཉིན་ཉི་མ་མ་ཤར། ནམ་སྐྱ་རེངས་ནམ་མཚན་གོང་མའི་ དུས། རྔ་བརྡུང་དར་འཕྱར། དུང་འབུད་བྱས་བྱུང་བ་དང་སྟོང་དམག་དྲུག་དེར་རྒྱལ་བློན་དཔའ་
བོ་དྲུག་གིས་སྐར་མ་སྨིན་དྲུག་གནམ་ནས་ཤར་བ་ལྟར་མགོ་འདྲེན་བྱས། ཁྲ་སྤུངས་སེ། དམར་
ལམ་མེ། ནག་ལྷང་ངེ་། འཕྲུ་མི་གཅིག་ཟིང་ཟིང་ལོང་ལོང་གིས་གླིང་སྒར་ལ་གཏད་ནས་བཤར་ བར། གླིང་གི་ཤར་ལྷོའི་སྒར་ལ་གཡུ་ལྷ་དང་དུང་སྐྱོང་སྟག་ལྷ་ཁྲི་དཀར། བྷེ་རའི་གཡུ་རུ་འབྲུག་ རྒྱལ། འཆི་བདག་ཡ་མེད། འབྲུག་ལྷ་ཐོག་བཙན་བཅས་ཀྱི་དམག་སྒར་གྱིས་དྲེལ་ལ་དང་དྲེལ་ ལུང་བཟུང་ནས་བསྡད་ཡོད་པས། སོ་པ་ཕྱི་ནང་གཉིས་ཀྱིས་ལྷ་བསང་བཏང་ཞིང་དུང་འབུད་
38
དར་འཕྱར་བྱས་ནས་དམག་སྒར་ལ་བརྡ་བཏང་བ་ན། གཡུ་ལྷ་དང་ཞང་ཞུང་སྟག་མོ་ཁྲི་བཙན།
དུང་སྐྱོང་སྟག་ལྷ་ཁྲི་དཀར། བྷེ་རའི་འཆི་བདག་ཡ་མེད་བཞི་དེ་སྒར་མཐའ་ལ་ཐོན་ནས། དེ་རིང་
བདུད་རྒྱལ་དང་བདུད་བློན་དེ་ཚོ་སྲོག་ཕངས་མེད་ཀྱིས་ཤི་མཆོངས་བྱེད་པ་ཐག་གིས་ཆོད་སྙམ་ ནས་འཁོར་གསུམ་དགྲ་དར་འཚུབས་སེ། རྟ་ཕོ་སྒ་སྲབ་རུགས་སེ། ཕྱི་ནང་བར་གསུམ་ལྕགས་
རི་བསྐོར་བ་བཞིན་དམག་གིས་བསྐོར་ནས་བཞུགས་པའི་དུས། ཤར་སྟོད་འཇང་སྒར་གྱི་ཕྱོགས་ སུ་ཨ་བསེ་གཡུ་ཡག་བཙན་པོ་དེ་སྔོན་ནས་མཆོངས་ཤིང་། ལྕགས་མདའ་བཅུ་གསུམ་བསྟུད་
མར་འཕངས་བྱུང་བས། འཇང་སྒར་ནས་མི་ལྔ་བཅུ་ཙམ་ཤི་རྨས་བཏང་། ཡང་ཁོ་ཡིས་མདུང་སོ་ ཤུབས་ནས་ཕུད་དེ་གཡུ་ལྷའི་སྟེང་དུ་མཆོངས་བྱུང་བར། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེས་ རྟ་འདོ་བ་གནམ་ཡག་གི་ཁ་རུ་འཐེན་ནས་ཁོ་ཡི་གདོང་བཀག་སྟེ་ལྕགས་མཁར་སྒོ་བརྒྱབ་པ་
བཞིན་བྱས་པས། ཨ་བསེ་གཡུ་ཡག་དེ་ཡིས་མདུང་སྐྱ་རིང་གནམ་ལ་ལན་གསུམ་བསྐོར་ནས།
ཡ། ཁོ་རེ་མི་སྔོན་རྟ་སྔོན་ཅན། །ཁྱོད་འདི་ན་ཡོང་དོན་ཅི་འདྲ་ཡིན། །ང་རང་ས་རང་ཡུལ་སྡོད་པ་
ལ། །ཁྱོད་མི་འཁྱམ་ཁྲམ་པའི་མགོ་སྐོར་དེ། །བརྙས་པ་ཆེ་ལེ་མ་རེད་ཨང་། །སྲོག་ནག་པོ་འབེན་ ལ་འཇོག་མི་དེ། །གོམ་གསུམ་མི་གཏོང་ཐག་ཆོད་ཡིན། །ཕོ་ང་དང་ང་ངོ་མ་ཤེས་ན། །ས་གྲུ་བཞི་ བྱང་གི་ཤར་ལྷོ་ནས། །ཕོ་རྒོད་པོ་ཨ་བསེ་གཡུ་ཡག་ལ། །འདྲེ་འཆི་བདག་གཤིན་རྗེའི་དུར་སྒོ་
འདྲ། །ཁྱོད་ཚེ་ཟད་སྲོག་ཟད་རླུང་རྟ་ཟད། །ཁྱོད་ཟད་གསུམ་སྔོན་པོ་སྒོ་འགྲིམས་རེད། །ཁྱོད་རང་ ཚོད་བཟུང་ནས་རང་ལམ་ལོག །རྒྱ་ལར་ནས་རང་ཚོད་མ་བཟུང་ན། །མཚོན་སྔོན་མོའི་ཆར་པ་
ཀླད་ནས་འབེབས། །ལུས་དུམ་བུ་ཁྲག་རལ་ཉིལ་ལེ་བཟོ། །ཁྱོད་རྣམ་ཤེས་བར་དོ་འཁྱམས་ལེ་
བཟོ། །འབྲུག་ཕོ་ཐོང་འདྲ་བའི་གཡུ་ཡག་ཡིན། །ཐོག་སེར་བ་ས་ལ་འབེབས་ཉིན་མོ། །རྩྭ་རྩི་ཤིང་ རྐང་གཅིག་འཇོག་བསམ་མེད། །ང་ཨ་བསེ་གཡུ་ཡག་མེ་ལྟར་འབར། །དམའ་ཐང་ལུང་འགྲིམས་ ནས་ལ་ཀླུང་བཤར། །དམའ་ཐལ་ཕུང་མགོ་ནས་ཨབ་ར་སྒུག །འཛུམ་སྟག་མོ་ཡིན་པའི་སྣང་བ་ ཤར། །ཁ་ཟ་རྒྱུ་ཁྱི་ཤ་ཨབ་ཤ་རེད། །དེ་ཨེ་བདེན་བསམ་དང་མི་བདེན་བསམས། །འཇང་ཚོ་
ཆེན་རྒྱལ་ཁམས་དགུ་པོ་དེ། །དགྲ་ཤ་པ་གླིང་རུས་དབང་ལ་བསྡུས། །ཇུས་གྲུ་བཞིའི་ཕ་ཇུས་ གླིང་གིས་ཕྲོགས། །ཁྱོད་དབང་མེད་གླིང་གི་གཡོག་པོ་ཚོ། །ལུས་གྲུ་བཞི་རང་དབང་མ་ཡོད་
39
པར། །ལག་གཉིས་མི་ཡི་གཡོག་པོ་རེད། །རྐང་གཉིས་མི་ཡུལ་ས་མཐའ་འགྲིམས། །ཁ་ཟས་
མེད་ལུས་ལ་གོས་མེད་རེད། །དཔོན་ཇོ་རུས་ཁ་ལག་གར་གཡུགས་ལ། །ཁྱོད་གཡུ་ལྷ་ལག་གི་ རྩེད་ཆས་རེད། །དུས་ད་རུང་འཁོར་གསུམ་ལུས་ལ་བསྐོར། །དགྲ་དཔའ་སྐད་ངར་སྐད་འབྲུག་
ལྟར་སྒྲོག །བྱང་བྱེ་རི་ལྷགས་པ་སྡང་ས་ཡིན། །གནམ་ཨ་སྔོན་སྤྲིན་སྨུག་རླུང་གིས་གཏོར། །ཁྱོད་ མཚོ་མཐའ་མ་འགྲིམས་ཀ་མེད་རེད། །དུས་དེ་རིང་ང་དང་ཐུག་ལུགས་ལ། །དཔའ་སུ་རྒོད་དཔུང་ པ་བསྡུར་བས་ཆོག །ང་ཚུར་ཆས་རྒྱལ་བློན་དྲུག་པོ་འདི། །ལུས་སྟོབས་རྟེན་སྙིང་གི་ཁྲག་ལིང་ ཡིན། །མིག་བལྟ་རྟེན་ཁྲ་ཆུང་ཨ་འབྲས་ཡིན། །ལས་ཅི་མ་ཡིན་གྱི་མི་ཞིག་མིན། །དུས་དེ་རིང་
ཉི་མའི་གོང་གང་ལ། །ཡུལ་ལུང་པ་དམག་དང་བུ་རྟས་བཀང་། །རོ་རུས་པས་ས་གཞི་ཁེངས་ལེ་
གཅིག །ཁྲག་དམར་མོས་ཡུར་ཆུ་འཐེན་ལེ་གཉིས། །རྟ་སྔོན་པོས་ལུང་པ་ཁེངས་ལེ་གསུམ། །དེ་ མ་བྱས་ཟེར་ན་རྒྱལ་བློན་མིན། །གླུ་གོ་ན་གཡུ་ལྷ་སྔོ་སྡུག་ཉོན། །ཕོ་ད་མཆོངས་ད་མཆོངས་ཨ་ བསེ་བུ། །རྟ་ད་རྒྱུགས་ད་རྒྱུགས་ལྷོ་སྤྲིན་རྟ། །དུས་དེ་རིང་རྣོན་པོའི་ཁ་ལམ་ནས། །ཐར་ཟེར་བ་
བསྐལ་བའི་སྐད་ཆ་རེད། །ཅེས་ཟེར་ནས་མདུང་སྐྱ་རིང་གཡས་སྐོར་བྱས་ནས་མཆོང་གྲབས་བྱེད་ པའི་སྐབས། འཇང་གཡུ་ལྷ་དེ་ཡིས། ཡ། ཁོ་རེ་མ་བྲེལ་མ་བྲེལ་ཝ་མོ་མགོ །བྲེལ་ཆེ་བའི་བུ་ལ་
ཡོན་ཏན་མེད། །མེད་པའི་རྩ་བ་འགའ་རེ་གདའ། །ཁྱོད་དང་ང་གཉིས་ངོ་ཤེས་རེད། །ང་རྒྱུས་ཅུང་ ཞིག་ཁྱོད་ལ་གདའ། །ཁྱོད་རྒྱུས་ཅུང་ཞིག་ང་ལ་ཡོད། །ཕ་རྒྱུས་བུ་ལ་ཡོད་པས་ན། །གཤིབ་ཡུན་ རིང་བའི་བདེན་ཚིག་ཡོད། །རྒྱལ་རྒྱུས་བློན་ལ་ཡོད་པས་ན། །ཁྲེལ་ལ་རྒྱ་ཅི་ཡོད་བདེན་ཚིག་
ཡོད། །ཁྱོད་མ་ཤེས་བསམ་པ་ཅི་ལ་ཡོད། །ཆོས་མེད་བླ་མ་ཟོག་པོ་དེ། །བསྐྱེད་རིམ་སྒོ་གསུམ་ བྱེད་ཞན་འདྲ། །དཔའ་མེད་སྡར་མ་ཝ་མོ་མགོ །སྟོང་གཏམ་ངུ་ཟུག་བྱེད་ཞན་འདྲ། །རྒྱུག་མེད་
རྟ་ཕོ་བོང་བུ་དེ། །ཁ་ངར་བྱས་དང་མ་བྱས་མེད། །འཕྱོར་མོ་ན་ཆུང་སྣང་མཐོ་མ། །སྐད་ལུགས་ སྙན་དང་མ་སྙན་མེད། །ཅི་རེད་མ་རེད་ད་ལྟ་ལྟོས། །ཁྱོད་ཀྱིས་ཅི་བྱེད་ང་ཡིས་བྱེད། །མདའ་
རིང་ནས་འཕངས་ན་སྡར་མ་རེད། །གྲི་འགྲམ་ལ་བཅར་ན་དཔའ་བོ་རེད། །ཟེར་ཏེ་གུ་ཟི་སྐྱ་རིང་ གནམ་ལྕགས་ཀྱི་རལ་གྲི་ཤུབས་བཀྲ་མེ་ལྕེ་འབར་བ་དེའི་དཔའ་ལུང་མཛུབ་མོར་བསྐོར་ནས་ འཇང་གླུ་གནམ་ས་འགྱུར་མེད་ཀྱི་གླུ་བླངས་པར་གདའ་འོ །། །།
40
ལེའུ་ལྔ་པ། ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་འགྱུར་མ་འགྱུར་འགྱུར་བ་གསུམ། །གླུ་འགྱུར་བ་མེད་པ་འཇང་
གི་གླུ། །གནམ་ཨ་སྔོན་རང་མདོག་མི་འགྱུར་ཏེ། །སྤྲིན་ན་བུན་བར་སྣང་འགྱུར་ལྡོག་ཆེ། །གསལ་
ཉི་ཟླ་རིང་ཐུང་ཟེར་བ་དེ། །ས་རི་བོའི་འཁོར་ལོ་རིང་ཐུང་རེད། །བར་མི་འགྱུར་རི་བོ་མཆོག་རབ་ དེ། །རྩི་ཤིང་དབྱར་དགུན་འགྱུར་ལྡོག་ཆེ། །དེ་མིན་པ་རི་ལ་འགྱུར་ལྡོག་མེད། །འོ ག་མི་འགྱུར་ ས་གཞི་ཆུ་ཡི་མཛོད། །འཁྱགས་དཀར་མོས་ཁ་དར་ཆགས་དང་གཅིག །དབྱར་དུས་རྦ་རླབས་ གཡོ་དང་གཉིས། །གནམ་བབ་ཆུ་ཡི་འགྱུར་ལྡོག་རེད། །དེ་མིན་འོག་ལ་འགྱུར་བ་མེད། །ས་ ཨེ་འདྲ་ས་ངོ་མ་ཤེས་ཏེ། །དུས་ན་ནིང་ལོ་དང་ད་ལོ་བར། །ལོ་ཨ་ལོང་འདྲ་བའི་ཕྱེད་གཉིས་
ཙམ། །མི་ས་རང་གིས་བཟུང་ལེ་ཡིན། །འབྲོག་ས་ཞིང་པས་བཟུང་ལེ་ཡིན། །རུ་བ་ཅན་དེ་ག་ ན་གདའ། །རྐྱང་ས་བོང་བུས་བཟུང་ལེ་ཡིན། །བང་རྩལ་ཅན་དེ་གང་ལ་སོང་། །ཁྱུང་ཆེན་ཕ་ ཡུལ་རྒོད་པོས་བཟུང་། །མགོ་གཙུག་ཏོར་ཅན་དེ་རྨི་ལམ་འདྲ། །སེང་དཀར་མོའི་ཕ་ཡུལ་ཁྱི་
རྒན་བཟུང་། །གཡུ་རལ་ཅན་དེ་འདམ་ལ་ཟུག །གླིང་གཞི་འདུལ་སྐལ་ཐུག་ལུགས་ལ། །གནའ་ སྔ་མོ་སྨུག་པོ་འཇང་ཡུལ་ནས། །རི་ནག་པོའི་ཁོག་ནས་སྐྱེས་པའི་མི། །འཇང་ས་དམ་རྗེ་དམ་ ཨ་དམ་གསུམ། །ས་དམ་རྒྱལ་པོ་ཐོགས་ལེ་དེ། །ས་རི་བོའི་དཀྱིལ་ནས་ཐོན་ལེའི་བུ། །ཕ་མི་ དགོས་གནམ་ལྷ་རླུང་གི་བུ། །མ་མི་དགོས་ཀླུ་བདུད་ཁྱུང་གི་བུ། །འཇང་ས་དམ་ས་ཡི་དམ་
སྲི་རེད། །གནམ་ཨ་སྔོན་ཡིན་ཡང་མི་ཁེབས་ལེ། །མགོ་སྐྲ་ལོ་མཐའ་ནས་ཐོན་ལེ་རེད། །ས་
དོག་མོས་ཤུགས་ཀྱིས་མ་ཁྱོག་ལེ། །ས་ཁམ་པ་ཐལ་འཚུབ་ལོག་ལེ་རེད། །ལྷོ་འཛམ་གླིང་ཁ་ ཡ་མེད་ལེ་ལ། །འཇང་ཚྭ་ར་པདྨ་བཅུ་གཉིས་དེ། །ཕོ་རང་བདག་རང་བཙན་ཆེ་ལེ་ཡིན། །དེ་
ཡིན་ལེ་ཁྱོད་ཀྱིས་ལོས་ཤེས་རེད། །ང་ཡར་ཐོད་སྲིན་མཁར་ནང་བཅུད་ནས། །ས་དམ་འཇང་
གི་རྒྱལ་རྒྱུད་རེད། །ས་སྨུག་པོ་འཇང་ལ་སྐྱེས་ནའང་། །ཚེ་སྔོན་ལས་ཁྲ་མོ་གླིང་ལ་རེད། །ཧོར་ ཤན་པ་གཡོ་སྒྱུ་མཁས་དང་གཅིག །རྗེ་གེ་སར་རྫུ་འཕྲུལ་ཆེ་དང་གཉིས། །གླིང་ཁྲ་མོ་བསོད་
ནམས་ཆེ་དང་གསུམ། །མ་ཨ་བཟའི་སྨོན་ལམ་ལྷ་ནས་གྲུབ། །དཔོན་ཆོས་རྒྱལ་ཁ་ཡིག་གླིང་
41
ལ་བྲིས། །འཇང་ས་དམ་ཨ་དམ་རྗེ་དམ་གསུམ། །ས་མ་དགའ་ཕ་ཡུལ་སྤངས་ལེ་མེད། །དཔོན་
མ་འདོད་ངོ་ལོག་བྱས་ལེ་མེད། །མཁར་མ་འདོད་མི་ཡུལ་འགྲིམས་ལེ་མེད། །ཚེ་སྔོན་ལས་ལ་ གཟུར་རྒྱུ་མེད། །རྩི་ཤིང་བྲག་ལ་སྐྱེས་ལེ་དེར། །མ་འཚར་སྐམ་པ་མི་སྲིད་དོ། །ལུང་མདོར་རྫ་ ཆུ་འབབ་ལེ་དེ། །ཕུ་ལ་མཚོ་མོ་མེད་ནའང་། །མདའ་ནས་གྲམ་ཐང་མི་འགྱུར་རོ། །དགུང་སྔོན་
བར་སྣང་སྤྲིན་གྱིས་འཁྲིགས། །ཆར་སིལ་མ་ས་ལ་བབ་ལེ་དེས། །སྟེང་བར་སྣང་ཆུ་ཡིས་ཁེངས་ ལེ་མེད། །སྤྲིན་ན་བུན་ས་ནས་ཡར་ལངས་ཡིན། །ཆར་སིལ་མས་ས་གཞི་སྦང་རྒྱུ་རེད། །དེ་ འབྱུང་བ་དུས་ཀྱི་འགྲོ་སྟངས་རེད། །འདྲ་ཨེ་བསམ་བདུད་ཕྲུག་ཧམ་པ་ཅན། །ཁྱོད་ཟེར་ལེའི་ གཏམ་དཔེ་དེ་རིང་གྱིས། །གཏམ་མ་བྲེལ་ཅུང་ཞིག་ལྷོད་ཙམ་སྒུགས། །གྲི་ཡ་ཟི་གུ་ཟི་ག་ཟི་
གསུམ། །ཕོ་མགར་བ་གཅིག་གིས་བརྡུངས་ལེ་རེད། །གྲི་ཡ་ཟི་གངས་ལ་ཉི་ཤར་དེ། །གླིང་རྒྱ་ ཚ་ཞལ་དཀར་ཕ་རལ་རེད། །དུས་དེང་སང་དགྲ་ལྷའི་ཕྱག་ལ་ཡོད། །གྲི་གུ་ཟི་མུན་པ་རུབ་ཆེན་
དེ། །འཇང་སྐར་ཆེན་བུ་ཡི་ཕ་རལ་རེད། །དུས་དེང་སང་གཡུ་ལྷ་ང་ལ་ཡོད། །གྲི་ག་ཟི་གངས་
ལ་སྤུ་ཐོར་དེ། །ཧོར་ཐེ་སེ་རྒྱལ་པོའི་ཕ་རལ་རེད། །དུས་དེང་སང་ཤན་པའི་ལག་ཏུ་ཡོད། །ལར་ གཞི་སྔ་མིའི་གཏམ་དཔེ་ལ། །རྒྱ་གར་རྨ་བྱའི་སྒྲོ་གདོངས་ཅན། །རྒྱ་ནག་དངུལ་དཀར་བུམ་ཆུང་ གཉིས། །བོད་ཡུལ་རྫ་ཆུ་སིལ་མ་གསུམ། །ལུང་པའི་ཐོན་ཁུངས་མི་གཅིག་དེ། །འཛོམས་ས་
བླ་མའི་གཞིས་ལ་རེད། །བླ་མ་བྱིན་རླབས་ཆེ་ཞོར་རེད། །འདྲ་ཨེ་བསམ་བདུད་ཕྲུག་ཧམ་པ་
ཅན། །ཡར་ཁམས་བྱང་གི་དཔའ་མོ་གཅིག །སེར་པོ་ཧོར་གྱི་ཤན་པ་གཉིས། །སྨུག་པོ་འཇང་གི་ གཡུ་ལྷ་གསུམ། །འཚར་ས་སྐྱེ་ས་མ་གཅིག་སྟེ། །འཛོམས་ས་ཁྲ་མོ་གླིང་ལ་རེད། །གླིང་གེ་སར་ དབུ་འཕང་མཐོ་ཞོར་རེད། །རྒྱ་གར་ཨུ་དུམ་བཱ་ར་དང་། །ཁ་ཆེ་ཡུལ་གྱི་གུར་གུམ་གཉིས། །བོད་ ཡུལ་ཨུཏྤལ་མེ་ཏོག་གསུམ། །འཚར་ས་ལུང་པ་མ་གཅིག་སྟེ། །འཛོམས་ས་ལྷ་རྗེའི་སྨན་ཁུག་
རེད། །སྨན་བཟང་དྲུག་ནུས་པ་ཆེ་ཞོར་རེད། །གོ་ན་སྡུག་རྣ་དཀྱིལ་ལ་ཞོག །མ་གོ་ཚེ་སྲོག་ལེན་
རྒྱུ་ཡིན། །ཞེས་ཟེར་ནས་རལ་གྲི་ཤུབས་ནས་བཏོན་ཏེ་གཡུ་ལྷ་མཆོངས་པར། ཁོ་ཡིས་མདུང་དེ་ གཡུ་ལྷ་ལ་བསྣུན་བྱུང་བས། གཡུ་ལྷའི་སྙིང་མེ་ལོང་ཁྲོ་ཁེབས་ཙམ་དེ་སིང་སྒྲ་ཐར་རེར་གཏོར། ནང་ལ་དགྲ་ལྷའི་ཚེ་གོས་དང་གེ་སར་བླ་མའི་ན་བཟའ། སངས་རྒྱས་སྟོང་གི་དབུ་སྐྲ། གྲུབ་པའི་
42
རྒྱལ་མོའི་གོས་དར་སོགས་ཡོད་པར་བརྟེན་རྨས་སྐྱོན་མ་བྱུང་ཡང་། དུག་ཧ་ལོ་ནག་པོའི་ངམ་
གྱིས་ནག་འཚུབ་འཚུབ་དང་ན་ཟུག་གིས་རྟ་ཐོག་ནས་ལྷུང་ལ་ཁད་ཅིག་བྱུང་བར། ལྷ་སྲུང་ཆོས་
སྐྱོང་སྲུང་མས་གཡས་གཡོན་རྒྱབ་མདུན་ནས་བསྐྱོར་བས་འགྱེལ་མ་ཐུབ། གཡུ་ལྷས་ཡོབ་ལང་
བརྒྱབ། རལ་གྲི་གཡས་ལ་འཕྱར་ནས་ཁོ་ཡི་མགོ་ལ་ལན་གཅིག་གཡུགས་པར། རྨོག་དཀར་རྒྱ་
ཞོག་ཁ་ཕྱེ་བ་ལྟར་གཏོར་ཞིང་མགོ་ཡི་གསང་ཆེན་ཅུང་ཞིག་རྨས་ཀྱང་ཀླད་པའི་རྒྱ་མཚོ་དཀྲུག་མ་ ཐུབ། ཁོ་ཡི་མདུང་མོ་གྲུ་མོར་བསྐོན། ལག་གཡོན་པའི་མཆན་ཁུང་འོག་ནས་མི་རྒོད་ཀྱི་མཆིན་ རྡོ་ལུག་མ་མོའི་གྲོད་པ་ཙམ་ཞིག་བཏོན་ནས་གཡུ་ལྷ་ལ་ལན་གཅིག་འཕངས་བྱུང་བར། བདུད་ ཕྲུག་ཤུགས་རྩལ་ཆེ་བས། གཡུ་ལྷའི་བྲང་ལ་ཕོག་པ་དང་མི་རྟ་གཉིས་ཐལ་འཚུབ་འཕྱུར་རེར་
བསྒྲིལ་བྱུང་བ་དང་། བྷེ་རའི་འཆི་བདག་ཡ་མེད་དེས་ལྷོ་དུག་ནག་པོའི་དུག་རྫས་ནག་པོའི་སྒྱེ་ མོ་ཁ་ཕྱེ་ནས་ལན་གསུམ་བརྡབས་པས། ཁོ་དྲན་པ་ནག་འཚུབ་འཚུབ་ཏུ་གྱུར་ནས་ཅི་ཚོར་ འདི་ཚོར་མེད་པར་གྱུར་བས། བྷེ་རའི་འཆི་བདག་ཡ་མེད་དེ་ཡིས་དུག་ཞགས་མེ་རི་འབར་བ་
དེ་འཕངས་པ་ཁོ་ཡི་སྐེ་ལ་ཐེབས་ཏེ་ཤ་ལུག་ཐག་པས་བཟུང་འདྲ། གདའ་ལི་ཁྱི་རྒན་ཐག་པས་ བཏགས་འདྲ་ཞིག་བྱས་ནས་ཡར་འདྲུད་མར་འདྲུད་བྱས་པར། ཁོ་ཡིས་རལ་གྲི་ལན་མང་བཏབ་
ཀྱང་མ་ཆོད། དེ་རྒྱབ་མཆན་ཁེབ་རྣམས་ཀྱིས་མདའ་རྡོ་གང་རུང་བརྒྱབ་ཀྱང་འཆི་བདག་ཡ་མེད་
ལ་གནོད་མ་ཐུབ། དེའི་དུས་གཡུ་ལྷ་ཐོག་འགྱུར་དེ་བརྒྱལ་བ་ལས་སངས་ཏེ་ཡར་ལངས། མདུང་ མོ་གནམ་ལྕགས་ཟི་ར་གློག་ལྕེ་དེ་ཁོ་ཡི་སྙིང་སྟེང་དུ་གཏད་ནས་ལན་གཅིག་བསྣུན་པས། ཁོ་
ཡི་རྒྱབ་ནས་སོག་པ་གཡག་གི་སོག་པ་ཙམ་ཞིག་སྔོ་ལྗང་ངེ་གཏོར་བྱུང་ཡང་། ཁོ་བདུད་ཀྱི་བུ་ ཡིན་པས་རྟ་ཐོག་ནས་འགྱེལ་ལ་ཁད་ཀྱིས་ཚུར་མཆོངས་བྱུང་བ་ན། འཆི་བདག་ཡ་མེད་དེས་
ཞགས་པ་ཤུགས་ཀྱིས་འཐེན་པས། ཁོ་རྟ་ཐོག་ནས་ལྷུང་བྱུང་བ་དང་མགོ་འཕྲུ་གོང་ལེན་བྱས། དེ་རྒྱབ་བྷེ་རའི་དམག་དང་འཇང་དམག་རྣམས་ཀྱིས་ཀི་བསྭོ་གཡུ་འབྲུག་སྒྲོག་འདྲ། རྟ་དམག་
སེར་རྒོད་ཡར་ཡར། རྐང་དམག་བུ་ཡུག་འཚུབ་འཚུབ། ཁ་བ་འབབ་འབབ། གློག་ལྕེ་བཞིན་དུ་ འཁྱུགས། སྤྲིན་ནག་བཞིན་དུ་འཚུབས། རྒྱ་ཞིང་སེར་བས་བཅོམ་པ་བཞིན་བྱེ་རིའི་ལས་དམག་ ཡར་འདེད་མར་འདེད། ཕར་འདེད་ཚུར་འདེད། ར་ཁྱུ་འཕར་བས་འདེད་འདྲ། ར་ནག་སེར་བས་
43
རྡུང་འདྲ་བྱས་ནས་གཡུལ་འཁྲུག་ཇ་ཡུན་གསུམ་ཙམ་བྱས་པར། ལྷོ་ཡི་རྒྱལ་བློན་ལྔ་པོ་དེ་གཡུ་ ལྷའི་སྒར་དཀྱིལ་དུ་མཆོངས་ནས་དམག་སུམ་བརྒྱ་བཞི་བཅུ་ཙམ་ཞིག་མཚོན་འོག་ཏུ་བཏང་།
སུ་དང་གང་གིས་གདོང་ལེན་མ་ཐུབ་པར། འཇང་གཡུ་ཁྲི་ཐོག་ལྕེ་དང་ཁུ་བྱུག་ཁྲི་བཙན་གཉིས་ གྲི་འོག་ཏུ་བཏང་། རྣམ་རྒྱལ་རྡོ་རྗེ་ལ་གྲི་རྨས་བཏང་། འཇང་ཨ་ནུ་བུ་ཡིས་ཉི་རྒྱལ་ལ་མདུང་
རྨས་བཏང་ནས་རྒྱལ་བློན་ལྔ་པོ་མོན་དུང་སྐྱོང་གི་སྒར་ལ་ཤོར་བས། གཡུ་ལྷ་དང་འཆི་བདག་ ཡ་མེད། གནམ་ལྷ་ཐོག་ལྕེ། འབྲུག་ལྷ་མེ་འབར་གྱིས་རྒྱབ་འདེད་བྱས་པར། བྱེ་རྒྱལ་ནག་པོ་
དུག་གི་རལ་པ་ཅན། དུག་རླངས་འཛམ་གླིང་ཁྱབ་ལེ། བྱེ་རིར་དུག་མེ་འབར་བའི་གཟའ་བདུད་
གཉིས་ཀྱི་འཕྲུལ་བུ། ལྟ་བ་ལྷ་ལ་ལོག་པའི་བྱེ་རི་སྟག་རྩེ་གཡུལ་རྒྱལ་གྲགས་པ་དེ་རྟ་འདོ་བ་སྤྲིན་ ནག་རླུང་འཚུབས་ཀྱི་སྟེང་ནས་ཡོབ་ལང་རྒྱབ་ནས་ཕྱིར་ལོག་ཏུ་རྒྱུག་ཅིང་མདུང་གཅིག་བསྣུན་ པས་འབྲུག་ལྷ་མེ་འབར་དེ་རྟ་ཐོག་ནས་འཕངས། ཁོས་ད་དུང་ཚོད་འཛིན་མེད་པར་མཆོངས་
བྱུང་བས། འཆི་བདག་ཡ་མེད་དེས་དུག་ལྕགས་ནམ་མཁའ་ཟུར་དགུ་དེ་ལག་པ་གཉིས་ཀྱིས་
གནམ་ལ་ཕྱར་ནས་ཁོ་ཡི་གདོང་བཀག་པར། བྱེ་རྒྱལ་ནག་པོ་བདུད་ཕྲུག་སྟག་རྩེ་གཡུལ་རྒྱལ་
དེ་ཡིས་རལ་གྲི་ལྷ་བདུད་དགུ་གཅོད་དེ་འཇའ་ཚོན་འོ ད་ཀྱིས་ཁེངས་པ་ལྟར་ཤུབས་ཁ་སྤར་ནས། མཆོང་གྲབས་བྱས་པར། བྷེ་རའི་འཆི་བདག་ཡ་མེད་དེས། །ཡིན་ལུགས་ཚིག་གཅིག་མ་བཤད་ ནས། །སྡར་མའི་ལག་སྔ་མི་བྱེད་རྒྱུ། །གླིང་དཀར་དཔའ་བརྟུལ་ཆ་ཚུལ་རེད། །ང་ཡང་བརྟུལ་ ནང་གི་དེ་བརྟུལ་ཡིན། །དཔའ་རྒོད་ནང་གི་ཡང་རྒོད་ཡིན། །གནམ་ལ་འཕུར་བའི་གཤོག་པ་
ཡོད། །ཐང་དཀར་རྒོད་དང་མཉམ་འགྲོ་ཡིན། །ཆུ་ལ་འཛུལ་བའི་གསེར་གཤོག་ཡོད། །གསེར་
མིག་ཉ་དང་མཉམ་འཁྱུག་ཡིན། །བར་སྣང་འགྲིམ་པའི་འཇའ་ལུས་ཡོད། །སྟོང་ཉིད་འཇའ་དང་
མཉམ་ཤར་ཡིན། །ཅི་མ་ཡིན་གྱི་བུ་ཞིག་མིན། །སྟོང་གཏམ་མིན་ཏེ་འདྲ་མ་ཡིན། །ཁ་བཤད་དོན་ ལ་འཁྱོལ་མི་ཡིན། །བྱང་རྒྱལ་སྟག་རྩེ་གཡུལ་རྒྱལ་དེ། །སྐད་ངན་ལན་གསུམ་ཤོར་ལེ་ཞིག །མ་
བྱས་ཟེར་ན་འཆི་བདག་ཡ་མེད་མིན། །མིང་དང་དོན་གཉིས་མཚུངས་ལེ་ཡིན། ། ཞེས་ཟེར་ཞིང་ འཆི་བདག་ཡ་མེད་ཀྱིས་དུག་ལྕགས་ཟུར་དགུ་གནམ་ལ་ཕྱར། ཁོ་ཡི་སྟེང་དུ་མཆོངས་ནས་ལན་ གཅིག་གཡུགས་པས། བྱང་རྒྱལ་ནག་པོ་བདུད་ཕྲུག་དེ་མུན་པ་འཁྲིགས་པ་ལྟར་སོང་བར། ཁོ་
44
ཡི་མཆན་ཁེབ་དཔའ་བོ་རླུང་ལྷ་འཚུབ་དམར་ཡ་མེད་དེ་ཡིས་འཆི་བདག་ཡ་མེད་ཀྱི་གཡས་ནས་ མཆོང་བྱུང་བར། དེ་ལ་དུག་ལྕགས་གཅིག་བསྣུན་པས། བྱ་སྒྲོ་མེ་ཡིས་ཚིགས་པ་ལྟར་རྟ་དང་
སྒ་སྲབ་འཁོར་གསུམ་བཅས་པ་སོལ་བར་བཏང་ནས་བསད། གཡོན་ཕྱོགས་ནས་བྱེ་བློན་ཆོས་ གྲུབ་དེས་མཆོང་བྱུང་བར། ཡང་གནམ་ལྕགས་དུག་ལྕེ་ལན་གཅིག་བསྣུན་ཀྱང་ལས་དབང་གིས་ རྐྱེན་པས་ཆོས་གྲུབ་ཀྱི་ལུས་ལ་ན་ཟུག་ཆེན་པོ་མི་བཟོད་པ་བྱུང་བ་ལས་གནོད་མ་ཐུབ། ཆོས་ གྲུབ་ཕྱིར་འཐེན་བྱས་ནས་བྲོས་སོ། །
ཡང་བྱེ་རི་རྒྱལ་པོ་ལ་ལན་གསུམ་བསྣུན་པས། མི་རྟ་གཉིས་པོ་ཐལ་འཚུབ་ཤར་རེར་འགྱེལ་
བྱུང་བར། འཆི་བདག་ཡ་མེད་དེས། དེ་རིང་རྟིང་མ་ལེན་སྐལ་ང་ལ་ཡོད་པ་འདྲ་བསམས་ནས་རལ་ གྲི་ཤུབས་ཁ་སྤར་ཏེ་མགོ་འཕྲུ་གོང་ལེན་བྱེད་པར་ཆས་པར། དགའ་རབ་འཕྲུལ་གྱི་ལྷ་རྣམས་ཆོ་
འཕྲུལ་ཆེ་བ་དང་། ཁོས་རྒྱུན་དུ་དགའ་རབ་ལྷ་ལ་མཆོད་བསྟོད་བྱེད་པས་ལྷ་ཡི་མགོན་སྐྱབས་དང་
ངོ་སོ་ཆེ་བར་བརྟེན། གར་ཡོང་འདིར་ཡོང་མེད་པར་རླུང་དམར་པོ་ཞིག་འཚུབས་ཏེ་བདུད་ཀྱི་བླ་ མ་ཧྭ་ཤང་ཧུ་ཤུ་དེས་མི་པགས་གཡང་གཞིའི་བླ་ཁུག་གི་ནང་དུ་བྱེ་རྒྱལ་མི་རྟ་གཉིས་ཁྱེར་ནས་ མི་སྣང་བར་སོང་། བདུད་ཀྱི་བླ་མ་ཧྭ་ཤང་ཧུ་ཤུ་དེས་རབ་གནས་དང་ཚེ་རིལ། ཚེ་ཆང་བླུགས་ ནས་བདུག་བྱས་པས་རྒྱལ་པོ་དྲན་པ་གསོས་ནས། ཡ། ང་གང་དུ་རྩེབས་ཟེར་བ་དང་བླ་མ་ཞལ་
མཇལ་བྱུང་བར། བླ་མས་བྱེ་རི་རྒྱལ་པོའི་ཕྱག་ནས་བཟུང་སྟེ་ཁྱེད་དང་ང་གཉིས་སྲོག་སྐྱབས་ཀྱི་ དམ་ཚིག་ཁས་ལེན་གྱི་ཡོན་བདག་ཡིན། དེ་རིང་ཁྱོད་དགྲ་ཉེས་ཁུར་ནས་བྷེ་རའི་འཆི་བདག་ཡ་
མེད་དང་ཐུག ངས་ཁྱེད་ཀྱི་སྲོག་སྐྱོབ་བྱས་པ་ཡིན་ཟེར་བས། རྒྱལ་པོ་དགའ་བ་དཔག་ཏུ་མེད་པ་
བྱུང་། བློན་འབངས་གཞན་རྣམས་བློ་ལ་མ་འཁོར་བར་བསྡད། དེའི་དུས་སེང་ཕྲུག་ཐོག་ལྷ་བཙན་
པོ་དེ་མེ་ལྕེ་འབར་འདྲ། གློག་དམར་འཁྱུགས་འདྲ་བྱས་ནས་ལྷོ་སྒར་གྱི་སྟེང་དུ་མཆོངས་ཏེ་ལྷོ་སྟོད་ ནས་དམག་མང་ཆག་ཉིལ་དུ་བཏང་། ཤིང་རོང་རྨ་བྱ་བཙན་པོའི་རུ་ཤོག་ནས་བརྒྱ་སྐོར་ཙམ་ཞིག་ གྲི་ཡི་ངར་ལ་དྲངས་ནས་སུས་ཀྱང་གདོང་མ་བརྟན་པའི་དུས། གཡུང་དྲུང་དཔའ་རྒྱལ་གྱིས་ཁོ་ཡི་ གདོང་བཀག་པར། གཡུང་དྲུང་དཔའ་རྒྱལ་ལ་མདའ་གཅིག་འཕངས་པས། མདའ་རྨས་ཆེ་ཙམ་
བྱུང་བས་ན་ཟུག་མ་བཟོད་པར་ཕྱིར་བྲོས་བྱེད་དགོས་བྱུང་། ཁོས་དཔའ་ཚོད་མ་ཟིན་པར་ལྷོ་དུང་
45
སྐྱོང་གི་སྒར་ནས་བརྒྱ་ཤོག་བདུན་ཙམ་ཞིག་ཁྲག་ཤ་གྲི་ཡིས་གཏུབ་གཏུབ་བྱེད་པའི་དུས། ཤིང་ རོང་རྨ་བྱ་བཙན་པོ་དེ་ཞེ་ངར་གཏིང་ནས་འཁྲུགས། རལ་གྲི་ཟི་ར་གནམ་ལྕགས་དེའི་ཤུབས་ཁ་
སྤར། དཔའ་ལུང་མཛུབ་མོར་བསྐོན། རྟ་དམར་ཆུང་གློག་དམར་འཁྱུགས་ཤེས་ཀྱི་གོང་ནས་མི་ དང་མི་འདྲ་བཙན་དམར་འདྲ་བ། བཙན་དམར་པོ་བྲག་ནས་ཐོན་འདྲ། རྒྱ་སྟག་ཚང་ནས་ལངས་
འདྲ། འཆི་བདག་གཤིན་རྗེ་ཡིན་ཡང་ཕྱི་ནུད་ཤོར་ལེ། འཁོར་གསུམ་དཔའ་ཆས་འཛོམས་ལེ། རྔམ་འཇིགས་གཟུགས་ཚད་ཆེ་བ། དཔའ་རྩལ་དཔུང་ཤུགས་རྒྱས་ནས་གདོང་ལེན་བྱས་བྱུང་བ་ ན། སེང་ཕྲུག་ཐོག་ལྷ་བཙན་པོ་དེས། ཕོ་གསར་ཧམ་པ་ཅན་དེ། རྟ་རྒྱུག་ཞོར་མེ་ཏོག་འཐུ་ཞོར། སྐྲ་གཞར་ཞོར་ཁ་སྤུ་ཞོར་བྲེག ཤིག་གསོད་ཞོར་སྲོ་མ་ཞོར་གསོད་ཅིག་བྱེད་བསམས་ཏེ། ཡ། ཁོ་རེ་བུ་ཆུང་དམར་ཟོར་བ། མགོ་རྨོག་དཀར་མི་ཁྱོག་དགུར་དགུར་དགུར། ལུས་ཁྲབ་དཀར་ མི་ཁྱོག་ཞོལ་ཞོལ་ཞོལ། སྐེད་འཁོར་གསུམ་མི་ཁྱོག་འགྱེལ་ལ་ཁད། ཁྱོད་ཅི་འདྲ་ཞིག་གི་མི་
ཞིག་ཡིན། ཨ་ཧ་ཧ་རེད་ལ་ཧོ་ཧོ་ཧོ་རེད། ཟེར་ནས་སྤྲིན་དཀར་རླུང་གཤོག་གི་སྟེང་ལ་ཡོབ་ ལངས་བརྒྱབ། ཡོབ་སྔ་སོ་ལ་འགྱིངས་ནས་གླུ་འདི་བླངས་པར་གདའ་འོ ། །
ཕོ་ང་འདྲ་ཁྱོད་ཚོས་མ་ཤེས་ན། །ལྷོ་སྟག་ལུང་ན་དམར་ལུང་ཆེན་ནས། །ལྷོ་སྡེ་ཆེན་
བཅོ་ལྔའི་ཡ་བདག་ཡིན། །འབངས་མི་སྡེ་ཁྲི་ཚོ་ཉི་ཤུ་ཡོད། །དམའ་རྩྭ་ཐང་ཤིང་ལུང་ཤིང་ཐང་
གསུམ། །གཏེར་ནོར་བུ་ཕུན་སུམ་ཚོགས་པའི་ས། །རྒྱ་ཟི་ལིང་ལམ་ཐག་ཉེ་བའི་ས། །ཤར་རྒྱ་ནག་ ལ་མོའི་རྒྱབ་མདུན་ཡིན། །མཁར་བཙན་པོ་བྲག་ནག་ཁྲོ་རྫོང་ལ། །ཕོ་རྒོད་པོ་སེང་ཕྲུག་ཐོག་ལྷ་
ཟེར། །ཕོ་ཡ་མེད་སེངྒེ་ངར་ཉིན་མོ། །ལུས་སྡེར་ཆགས་གཅན་གཟན་སྙིང་རྩ་འདར། །སྟག་དམར་ ཡག་ནགས་ནས་མཆོང་ཉིན་མོ། །སྡོད་མི་ཚུགས་མི་རྟའི་མགོ་སྐེ་བྲལ། །དོམ་ཐོད་དཀར་ཁྲག་ བཟི་འཁོར་ཉིན་མོ། །ཕོ་མཐོ་དམན་མེད་པའི་སྙིང་ཁྲག་འཕོ། །དེ་ཟེར་བ་སེང་ཕྲུག་མིང་ཐོགས་
རེད། །བྱང་སྟག་རྩེ་རྒྱལ་པོའི་བློན་ཆེན་ལ། །སྟོང་གསུམ་གྲགས་པ་བཙན་གསུམ་ཡོད། །དུས་ད་ ལོ་ན་ནིང་བར་སྐབས་ལ། །གླིང་གི་ཁྲེལ་མེད་ཇག་པ་ཚོས། །སྟོད་རྒྱ་གར་ཆོས་ཁྲིམས་མི་བརྩི་ བར། །ཆོས་བཀའ་བོན་གང་དགའ་བྱེད་མི་རེད། །སྨད་རྒྱ་ནག་མི་ཁྲིམས་མི་བརྩི་བར། །དགྲ་
ཇག་པ་དཔུང་པ་སུ་རྒོད་རེད། །བར་དབུས་གཙང་རང་མགོ་མི་ཐོན་པར། །ས་གཞན་གྱི་མི་རྒྱུ་
46
ཧམ་ཟོས་བྱེད། །མི་རྒྱུ་ཧམ་འཕྲོག་བྱེད་མི་རེད། །མ་ཉེས་ཁག་གཡོག་བྱེད་མི་རེད། ཟེར་ནས།
ད་སྡར་མ་ཡ་གིར་གླུ་ལན་འདྲ་ཨེ་ཡོད་ཅི་ཤེས། ཡ་གི་ལྷོ་མི་དུང་སྐྱོང་ཤོག་གི་ཕོ་གསར་ཡིན་པ་ འདྲ། ཅུང་ཞིག་སྒུག་ན་ཁོ་ཡིས་ཚིག་ལན་འདྲ་ཡོད་སྲིད། དེ་བཤད་ཚར་བ་དང་ངས་འགྲོ་ཞོར་དུ་ མདུང་དང་གྲི་གང་རུང་གིས་མི་ཆོད་པ་ག་ལ་སྲིད་བསམས་ཏེ་གྲི་མགོ་བཀྱག་ནས་བསྡད་པར།
ཤིང་རོང་རྨ་བྱ་བཙན་པོ་དེས་ཕ་རལ་བྲག་རི་གཏོར་གཅོད་དེ་ཤུབས་ཁ་སྤར། དཔའ་ལུང་མཛུབ་ མོར་བསྐོན་ནས། ཡ། ཁོ་རེ་སེང་ཕྲུག་ཐོག་ལྷ་བུ། བུ་བཙན་པོས་བཙན་ཚོད་མ་ཟིན་ན། །བཙན་
བྲག་དམར་ཐོག་གིས་གཏོར་ཉིན་འགྱོད། །ཕོ་རྒོད་པོས་རྒོད་ཚོད་མ་ཟིན་ན། །དཔའ་བོ་སྡར་མའི་ ལག་ཏུ་ཤོར། །མགྱོགས་པོས་མགྱོགས་ཚོད་མ་ཟིན་ན། །རྒོ་ཨ་གཙོད་སྤང་ལ་བསྒྲིལ་རབས་
ཡོད། །རྩལ་ཆེན་ལྡིང་ཚོད་མ་ཟིན་ན། །རྒོད་ཐང་དཀར་གཤོག་རྩེ་རླུང་གིས་གཅོད། །དེ་གནའ་ མི་བོད་ཀྱི་གཏམ་དཔེ་རེད། །འདྲ་ཨེ་བསམ་ད་དུང་ཅུང་ཞིག་སྒུགས། །ང་ཡིན་རྒྱུ་ཁུ་ནུ་མོན་
ནས་ཡིན། །གླུ་རེ་རེ་མི་ལེན་ཀ་མེད་རེད། །དང་པོ་ང་ཡི་གླུ་ལ་ཉོན། །ཟེར་ནས་ལྷོ་གླུ་རླུང་ནག་ འཚུབས་ཆེན་གྱི་ངག་རྟ་ལ་དྲངས་ནས་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་འུར་གཅིག་འུར་གཉིས་འུར་དང་གསུམ། །གླུ་འུར་གླུ་འབོད་ལེ་ལྷོ་
ཡི་སྐད། །ལྷོ་ཤིང་ཡུལ་མི་འགྱུར་ཕ་སྐད་རེད། །ལྷ་མཁྱེན་གཅིག་ཕ་ལྷ་དགའ་རབ་མཁྱེན། །ཕ་
ཡུལ་མ་དབང་ཤོར་ནའང་། །ཕ་སྐད་མི་འགྱུར་རོང་གི་སྐད། །ལྷོ་རོང་ཆེན་འབྲུག་ལྷ་རྒྱལ་མཚན་ དེ། །འབྲུ་སྔོན་མོའི་གཏེར་གྱི་བདག་པོ་ཡིན། །ཟས་ལོངས་སྤྱོད་ཅན་གྱི་ལྷ་དེ་མཁྱེན། །གནས་ རོང་ཆེན་མི་འགྱུར་རྩྭ་རི་ནས། །སྦ་སྨྱུག་གཉིས་ཀྱི་འདབ་ལོ་རྒྱས། །རོང་གི་རོང་ལྷ་ཁྲི་དཀར་
མཁྱེན། །དེ་རིང་དགྲ་དཔུང་ཆམ་ལ་ཕོབ། །དུས་རྒྱུན་དུ་ལྷ་ལ་མཆོད་ལེ་དེས། །གལ་ཆེ་དུས་ མགོན་སྐྱབས་ལོས་ཡོད་ཡིན། །ཟས་སྔ་ལོ་སེར་སྣས་བསགས་ལེ་དེ། །ཕྱི་ལོ་མུ་གེ་འགོག་
ཆེད་ཡིན། །རྟ་ན་ཆུང་སྔ་ལོ་ཉོས་ལེ་དེ། །ནར་སོན་དུས་ས་ཐག་གཅོད་ཆེད་ཡིན། །བུ་ཆུང་
ནས་བྱམས་སེམས་བྱེད་ལེ་དེ། །ནར་སོན་དུས་ཕ་མཁར་འཛིན་རྒྱུ་ཡིན། །ས་འདི་དང་ས་ངོ་མ་ ཤེས་ཏེ། །བྱང་ལྷོ་རི་སྤང་རི་ན་ཐང་ས། །དམའ་ན་གཤོངས་རྒྱ་གཞུང་ཞིང་གི་ས། །རྫ་ལུང་སྤང་
ལུང་འབྲོག་གི་ས། །སྔར་བྱེ་ལུང་བྱང་ཐང་རིང་མོ་རེད། །ཧོར་སོག་རྒྱ་དང་ཉེ་བའི་ས། །ས་སྟོང་
47
བདག་མེད་བྱང་ས་ལ། །ཆགས་པ་གང་དེ་བོད་ཀྱི་སྡེ། །བོད་ཡུལ་བྱང་སྡེ་རུ་བཞི་ན། །སངས་ རྒྱས་འོད་སྲུང་དུས་ཚོད་ལ། །སྨོན་ལམ་ལོག་འདེབས་བདུད་ཕྲུག་དེས། །ཁྱོད་ཚོ་སྟོད་ཀྱི་བྱུར་
རྫོང་དེ། །ཧམ་ཆེན་ང་ལ་དབང་ངོ་ཟེར། །དྲན་ལེ་ཨེ་གདའ་སེང་ཕྲུག་བུ། །ང་འདྲ་ཁྱོད་ཀྱིས་མ་
ཤེས་ན། །སྔ་རབས་མོན་གླིང་འཁྲུག་པའི་དུས། །རི་ནགས་སྟག་མོ་འགྱིངས་རྫོང་ནས། །རྗེ་ཤིང་
ཁྲི་རྒྱལ་པོའི་བློན་ཆེན་ལ། །ཡ་མེད་སྐུ་ལྷ་ཨེ་གོ་ལགས། །དཔའ་མེད་ནས་མགོ་འབུལ་ཞུ་རབས་ མེད། །དཔུང་མེད་ནས་ཁ་ཡ་མ་ཐུབ་མེད། །གེ་སར་རྒྱལ་པོར་ཁ་ཡ་བྱས། །ཁེ་ཁ་མི་རག་ཐག་
ཆོད་རེད། །དེ་དུས་བུ་ཆུང་ལོ་གསུམ་རེད། །ཕ་ངོ་མ་ངོ་མ་ཤེས་ཏེ། །མེ་ཏོག་ལྷ་མཛེས་མ་ཚབ་ བྱས། །གེ་སར་རྒྱལ་པོས་ཕ་ཚབ་བྱས། །དགྲ་ལྷ་རྩེ་རྒྱལ་སྤུན་དང་མཚུངས། །དཔའ་བརྟུལ་ཕུ་
ནུ་ཁུ་ཚན་འདྲ། །བྱམས་དང་སྙིང་རྗེས་མཐའ་ནས་བསྐྱོར། །ཕོ་ལོ་ཉི་ཤུ་རྩ་གཉིས་ཡིན། །གནམ་ ལོ་འདི་དང་རྩ་གསུམ་ཡིན། །རྟིང་མ་བཞི་བཅུ་ཞེ་གཉིས་བླངས། །རྩལ་དྲུག་གངས་རྩེའི་སེང་ ལས་བཙན། །སུ་ཐུག་རྩལ་གྱིས་གཅོད་མི་ཡིན། །གཤོག་སྒྲོ་བཅུམ་ཆེན་གླག་ལས་ཆེ། །སུ་
ཐུག་ཤུགས་ཀྱིས་གཏོར་མི་ཡིན། །ང་རྒྱལ་དམར་ཡག་སྟག་ལས་ཆེ། །སུ་ཐུག་ཁ་ངར་བྱེད་མི་
ཡིན། །ཁོ་རེ་སེང་ཕྲུག་གཡེར་པོ་ཆེ། །ཁྱོད་རང་ཟེར་དང་འདྲ་མཚུངས་རེད། །ད་ལོ་གནམ་ལོའི་ མགོ་གཞུག་ལ། །རྒོད་པོ་སྟག་བརྟུལ་ཁྱི་རྒན་ཚོ། །རེ་རེ་བཞིན་དུ་ཁ་ཐོར་བཏང་། ། གླིང་དཀར་
རྒྱལ་བློན་ལྷ་ཕྲུག་ཚོ། །འཆི་མེད་ལྕགས་ཀྱི་ཕ་བོང་རེད། །ལོ་ཟླ་སོང་དུས་ཇེ་ཁྲེགས་རེད། །ཨེ་
རེད་མ་རེད་བསམ་བློ་ཐོངས། །མགོ་འཕྲུ་རྟིང་མ་ད་རེས་ཡིན། །གོ་ན་སྙིང་གི་མཛེར་རུ་གྱིས། །མ་ གོ་རྣ་རྒྱབ་རླུང་འཚུབས་གྱིས། །ཟེར་ནས་ལྷོ་ཡི་དུག་གྲི་བྲག་རི་གཏོར་བཤགས་དེ་བཏོན་ནས་
སེང་ཕྲུག་ཐོག་ལྷ་བཙན་པོའི་སྟེང་དུ་མཆོངས་པ་དང་། སེང་ཕྲུག་གིས་རལ་གྲི་ནམ་མཁའ་དགུ་
གཅོད་ཀྱི་ཤུབས་ཁ་སྤར་ནས་ཁོ་གཉིས་གཡུག་སྐོར་གསུམ་བྱས་པའི་མཚམས་སུ། ལྷོ་གྲི་དུག་ གྲི་བྲག་རི་གཏོར་བཤགས་དེ་སེང་ཕྲུག་གི་དཔུང་གཡོན་པའི་སྟེང་དུ་ཐེབས་པས། ཁྲག་དམར་ ཐར་རེར་ཁྲབ་དང་ལག་པ་ཐང་ལ་འཕངས་བྱུང་བར། ཁོ་དཔའ་ཆག་སྟེ་ཕྱིར་ལྟས་མེད་པར་རང་
མགོ་གང་ཐོན་གྱིས་བྲོས་པར། རྨ་བྱ་བཙན་པོས་མདའ་རྒྱང་གསུམ་ཙམ་དེད་ཀྱང་རྗེས་མ་ཟིན།
སེང་ཕྲུག་ཐོག་ལྷ་བཙན་པོ་དེ་བྱང་རྐྱང་ལམ་བརྒྱུད་ནས་བྲོས་པས། ཤིང་རོང་རྨ་རྒྱ་བཙན་པོ་དེ་
48
རྟ་ཁ་ཚུར་བསྐོར་ནས་ཡོང་བའི་དུས། ཨ་བསེ་རིན་ཆེན་གྲགས་པ་དེར་ཁྲ་རྒོད་ཟླ་བ་སྟོབས་ལྡན་ དང་ཨ་བསེ་དོམ་བུ་ཡ་མེད་གཉིས་ཀྱིས་བསྐོར་ནས་ལྷོ་སྒར་གྱི་སྟེང་དུ་མཆོངས་ཏེ་ལྷོ་བློན་དར་ མ་འབུམ་ཐུབ་བཀྲོངས་བྱུང་བར། རྨ་བྱ་བཙན་པོས་མྱུར་བར་གདོང་བཀག་ནས་དུག་མདའ་ཧ་
ལོ་མེ་འབར་དེ་བསྟུད་མར་ལྔ་བརྫངས་པས། མཆན་ཁེབ་དཔོན་བློན་གསུམ་དེ་རྟ་ཐོག་ནས་ལྷུང་ པ་དང་དུག་གྲི་བཏོན་ནས་མགོ་འཕྲུ་གོང་ལེན་བྱས། ད་དུང་དཔའ་ཚོད་མ་བཟུང་བར་མཆོངས་ ཏེ་དེ་རྒྱབ་བྱེ་རིའི་ལས་དམག་སྟོང་ཚོ་ཙམ་དེ་ཡར་འདེད་མར་འདེད། བུ་ཡུག་འཚུབ་འཚུབ། ཁ་
བ་འབབ་འབབ། རླུང་དམར་འཚུབ་འཚུབ་ཀྱིས་ཇ་ཡུན་ཙམ་དུ་དཀྲུགས་པར། བྱེ་རིའི་ལྷག་སྡུམ་ རྣམས་ཀྱིས་དར་འབུལ་མགོ་འབུལ་བྱས། དེ་ནས་གླིང་པ་རྣམས་ཀྱིས་རོ་རྣམས་ལ་ལ་རི་ལ་
བསྐྱལ། ལ་ལ་དོང་ལ་སྦས་ཏེ་ཤར་རྫོང་སེངྒེ་འགྱིངས་རྫོང་ཤར་རྡོ་ལུང་བྲག་དམར་གནམ་རྫོང་ ཞེས་ཀྱང་སྣང་བ་དེ་གླིང་རུའི་དམག་གིས་ལྕགས་རི་ཨ་ལོང་བཞིན་དུ་བསྐོར། ཕོ་བྲང་གི་ནང་
དུ་ཡར་གཡོག་དང་བློན་ཆུང་འགའ་རེ་ཡོད་པས་ཀྱང་མགོ་འབུལ་བྱས། དེ་ནས་འཇང་གཡུ་ ལྷ་དང་འཆི་བདག་ཡ་མེད། སྟག་ལྷ་ཁྲི་དཀར། རྨ་བྱ་བཙན་པོ་བཅས་པ་མཁར་ཐོག་ལ་བྱོན་
ནས་སྟག་སེང་ཁྱུང་འབྲུག་གི་རྒྱལ་དར་ཕོ་བྲང་གི་རྩེ་ལ་བཙུགས། ཤར་རྫོང་བླངས་ནས་གླིང་ པ་རྣམས་སྒར་བབ་པར། དཔའ་རྒོད་ཐོག་ལྕེ་མེ་འབར་ཞེ་རྩ་གཏིང་ནས་འཁྲུགས་ཏེ། དེ་རིང་ ཤར་མཁར་ཤོར་སོང་བསམས་ཏེ་དཔོན་གཡོག་ལྔ་བཅུ་ཙམ་ཞིག་ཤར་གྱི་རྐྱང་ལུང་ནས་དེ་
ལན་ཞིག་མ་འཕྲོད་ན། ཤར་རྒྱ་ནག་ལ་མགོ་བཏགས་ཞུ་བར་འགྲོ་ཟེར་ནས་ལམ་ལ་ཆས་པ་
དང་འཇང་གི་ཨ་བསེ་དར་ཡག་དང་གདོང་ཐུག་བརྒྱབ་པར། གྲི་འགྲན་དང་མདའ་འགྲན་མང་ ཙམ་བྱས་མཐར། ཨ་བསེ་དར་ཡག་གི་མདའ་མོ་ཁོ་ཡི་དཔྲལ་བར་ཐེབས་ནས་ཤི མགོ་འཕྲུ་
གོང་ལེན་བྱས་ནས་བདུད་བློན་བསད་པའི་མགོ་ལག་རྣམས་ཕོ་བྲང་གི་སྒོ་སྟེང་དུ་བཀལ་ནས་
བཞག དེའི་དུས་ཧོར་གྱི་ཤན་པ་དམར་པོ། རི་བཞི་ཨ་སྟག་ཀླུ་མོ། སྟག་གཟིག་ཞལ་དཀར་ལྡན་
པ་གསུམ་གྱིས་རང་འོག་དམག་གི་རུ་སྣེ་དྲངས་ནས་ཀི་སྒྲ་འུར་གསུམ་གྱིས་ནུབ་རྫོང་གི་ལམ་མོ། དཀར་ཆུ་དང་རྫ་ཆུ་གཉིས་ཀྱི་འདུས་མདོ་ནས་བཤར་བྱུང་བར། ནུབ་རྫོང་སྲུང་བའི་བྱེ་བློན་ཀླུ་
རྗེ་བཙན་བདུད་འབར་བ་དང་། སྟག་ལྷ་སྟོང་ཐུབ་ཁྲི་བཙན། མི་རྒོད་གཤིན་རྗེ་ངོ་ནག་གསུམ་པོ་
49
དེ་གཅིག་རྒྱབ་གཉིས་སྣོན་གྱིས་མཆོངས་བྱུང་བས། ཧོར་ཤན་པའི་བསམ་བློར། མི་འདི་འདྲ་བ་ རུ་ཤོག་གི་དཀྱིལ་དུ་ཤོར་ན། ལས་དམག་གྲངས་མང་དབུ་ཉེས་གཏོང་ཐག་ཆོད་རེད། དེ་བས་
དཔའ་བོ་གདོང་ལེན་ཐོག་ནས་མཚོན་ཆ་ཞིག་མ་དྲངས་ན་མི་ཡོང་བསམས་ནས། ཡ། ཁོ་རེ། ང་ མགྲོན་པོ་འགྲོ་བའི་ལམ་སོ་ལ། ཁྱོད་ཇག་པས་གདོང་ལེན་ཅི་གོ་རེད་ཟེར་ནས། ངས་བསམ་ན་
བྱེ་གླིང་འདུན་མ་བསམས། །དམག་བུ་རྟའི་འཁྲུག་རྩོད་བཞག་ན་བསམས། །རྗེ་རྒྱལ་བློན་བློ་ཁ་
གྲོས་ཞིབ་བྱེད། །གྲོས་འགྲིག་ན་མི་དགའ་རང་སྐྱིད་རེད། །ཡུལ་བདེ་ན་ཟས་གོས་ལྷུན་འཛོམས་ རེད། །དཔོན་བདེ་ན་རྒྱལ་བློན་མཉམ་སྐྱིད་རེད། །ཆུ་བདེ་ན་ཉ་བདེ་སྦལ་བདེ་རེད། །གངས་
བདེ་ན་སེངྒེ་འབྲུག་བདེ་རེད། །ནགས་བདེ་ན་སྟག་བདེ་གཟིག་བདེ་རེད། །གངས་མ་བདེ་ཕུ་ཆུ་
མདའ་ལ་བབ། །ས་མ་བདེ་ལུང་པ་ཆུ་ཡིས་བཀང་། །ཆུ་མ་བདེ་ས་རོ་རྡོ་རོས་བཀང་། །དེ་ཨེ་
དགའ་བློན་པོ་མི་ནག་སྐྱ། །གླུ་གོ་ན་རང་ཚོད་རང་གིས་ཟུངས། །ཁྱོད་ང་གཉིས་བྱེ་རྒྱལ་མདུན་
དུ་འགྲོ། །རེད་མ་རེད་བསམ་བློ་ཐེངས་གསུམ་སྐོར། །ཟེར་བ་ན། ཀླུ་རྗེ་བཙན་བདུད་འབར་བ་ དེའི་བསམ་བློར། དེ་ཁ་གཅིག་ནང་གི་ལྕེ་གཉིས་རེད། དུག་སྦྲུལ་འདྲ་བའི་ལྕེ་གཉིས་དང་། རྔ་
ཆུང་འདྲ་བའི་ངོ་གཉིས། སྦལ་པ་འདྲ་བའི་ལུས་གཉིས་ཧོར་གྱི་ཤན་པ་ཟེར་བ་དེ། མི་གཡོ་རྒན་ ཉི་མ་ནུབ་ནས་ལྡེ་ཟེར་བས། ཁོ་ཡི་སྐད་ཆ་དེ་ལ་བདེན་རྒྱུ་གང་ཡོད། ལམ་འདི་ནས་ཤོར་ན་
ཤོར་ངེས་རེད། དཔའ་རྟིང་མ་ལག་སྔ་མ་བྱས་ན། སྒུག་བསྡད་ན་ཕྱུག་པོ་ཟས་སྐལ་ཆད་ཟེར་
བ་དེ་ཡོང་། ད་སྔོན་ལ་གླུ་ལན་ཞིག་མ་འཕྲོད་ན། བུ་དཔའ་བོའི་མིང་དེ་ས་འོ ག་འགྲོ་བསམས་
ཏེ། ཡ། ཁོ་རེ་ཧོར་གྱི་ཤན་པ་ཁྱི་ཐོད་ཅན། ཁྱོད་རྒོད་པོ་མཚར་པོ་གཡེར་པོ་ཆེ། ཇུས་གྲུ་བཞིའི་ ཕ་མཁར་འཛིན་མི་དེ་འདྲ་ཡིན་ན། སྔ་རབས་རྣ་བས་གོ་ཚུལ་དང་ད་རབས་ལག་པས་ལེན་ཚུལ་ གཉིས། འདྲ་ཨེ་བསམ་སྣང་བ་ཚུར་ལ་ཉོན་ཟེར་ནས་བྱེ་མ་རླུང་འཁྱེར་གྱི་རྟ་ལ་དྲངས་ནས་གླུ་ འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་བསེར་ཆེན་ཨ་གཡེར་བྱང་གི་གླུ། །བྱང་མཐོང་རྒྱ་ཆེ་ལ་བློ་རྒྱ་
ཆེ། །རྟ་རྒྱུག་ཐག་རིང་ན་མགྱོགས་ཞན་ཆོད། །བུ་ཇུས་བཀོད་མཁས་ན་དགྲ་འཐབ་བཟང་། །གླུ་
བསེར་འབྲིང་འབབ་པའི་ཆུ་ལ་ལེན། ། ཕོ་ང་འདྲ་ང་ངོ་མ་ཤེས་ན། །བྱང་ཁ་ལུང་ན་མའི་རི་གཞུང་
50
ནས། །སྡེ་ཚོ་ཆེན་ལྔ་ཡི་འབྲོག་བདག་ཡིན། །སྟག་རྩེ་རྒྱལ་པོའི་བློན་ཆེན་ཡིན། །ཕ་རྒྱུད་བཙན་ དང་མ་རྒྱུད་ཀླུ། །ཀླུ་རྗེ་བཙན་བདུད་འབར་བ་ཟེར། །ཁྲི་ཚོ་དམག་གི་རུ་འདྲེན་ཡིན། །དགྲ་མགོ་
གྱོད་མགོ་གནོན་མི་ཡིན། །རྒྱལ་པོར་ཞབས་ཞུ་སྒྲུབ་མི་ཡིན། །སྔ་མོའི་གཏམ་གྱི་ཁ་དཔེ་ལ། །རྫ་
མཐོ་བོའི་རྩེ་ལ་གངས་ཤིག་ཡོད། །གངས་བཞུ་དུས་རྫ་རི་ཧྲེང་ལ་བུད། །ཆུ་ཆེན་པོའི་ཕུ་ལ་མཚོ་
ཞིག་ཡོད། །མཚོ་སྐམ་ཉིན་མདའ་ཡི་ཆུ་མོ་ཆད། །མི་གཡོ་ཆེན་རྒྱབ་ལ་དཔོན་ཞིག་ཡོད། །གཏམ་ དོན་རྩ་མི་མགོ་དམུ་གབ་བསྐོར། །ཁ་བདེ་མངར་མོ་འོ་མ་འདྲ། །སེམས་གཡོ་སྒྱུ་དུག་ཚེར་སོ་
དང་འདྲ། །དུག་སྦྲུལ་འདྲ་བའི་ལྕེ་གཉིས་ཁྱོད། །ཌཱ་རུ་འདྲ་བའི་ངོ་གཉིས་ཁྱོད། །དམན་ཁྲམ་པ་
འདྲ་བའི་སེམས་གཉིས་ཁྱོད། །ཁྱོད་བཟང་པོའི་མི་ཞིག་ཅི་ལ་ཡིན། །མིན་པའི་རྩ་བ་བཤད་པས་
ན། །ཧོར་གྱི་གུར་དཀར་གནམ་གྱི་བུ། །ཨ་ཆེན་སེར་པོ་ཧོར་ཡུལ་ལ། །སྡེ་འབུམ་ཚོ་བཅུ་གཉིས་ ཡ་བདག་རེད། ། བློན་ཌཱ་རུ་འདྲ་བ་ཁྱོད་ཀྱིས་བསྟེན། །ཕྱི་མི་ནང་ལ་ཁྲིད་མི་ཁྱོད། །ལྕགས་
མཁར་སྒོ་མེད་འགྲིམས་པ་འདྲ། །ནང་སྐལ་ཕྱི་ལ་སྐྱེལ་མི་ཁྱོད། །བང་མཛོད་ནོར་གྱིས་བརྟན་
ས་མེད། །ཕྱི་དགྲ་ནང་ལ་བསུ་ཉིན་མོ། །རྒྱལ་པོའི་སྲོག་དེ་ཧར་ལེན་བྱས། །གུར་དཀར་རྒྱལ་ པོ་དམར་གསོད་བཏང་། །གསོད་སྟངས་གཞན་དང་མི་འདྲ་བར། །ཤ་སྐམ་ཁྲག་ཐིགས་རྒྱུན་བུ་
དྲས། །དཔའ་དཔུང་རྩལ་མ་ངོམ་ཅི་འདྲ་རེད། །དེ་དུས་གར་སོང་གར་ལ་བསྡད། །དེ་རིང་རོ་ལངས་ གང་ནས་བརྒྱབ། །འཇིག་རྟེན་མི་ཡི་མགོ་བོ་ལ། །ཁྱི་ཐོད་ཡོད་པ་གཅིག་ལས་མེད། །ཤོད་མི་ དགོས་མཐོ་ཐོག་མཐོ་བཞག་རེད། །ངར་མི་དགོས་བཙན་ཐོག་བཙན་བཞག་རེད། །ཆོས་མེད་
བླ་མ་གསེར་ཞུ་ཅན། །རོ་རིག་དུས་བསྐྱེད་རིམ་སྒོམ་གསུམ་བྱེད། །རྒྱུ་རིག་དུས་ཡར་མཆོངས་ མར་མཆོངས་བྱེད། །དགོང་ཉལ་ས་བུ་མོའི་རུམ་ལ་རེད། །ནམ་ཡར་ལངས་ལྷ་ཁང་གྲལ་ལ་
རེད། །དུས་མཐའ་མ་དམྱལ་བའི་གཏིང་ལ་རེད། །དཔོན་ཁྲེལ་མེད་ཁ་མཁས་གཡོ་སྒྱུ་ཅན། །ཕ་
ཕྱུག་པོ་རིག་དུས་བློན་པོར་བསྐོས། །རྒྱུ་ཟས་ནོར་གཅིག་སྣོན་གཉིས་སྣོན་བྱེད། །དམའ་སྤྲང་པོ་ རིག་དུས་མིག་ལོག་བལྟ། །གཏམ་ཁ་ཚིག་མི་ཉན་ཁྲིམས་ལྕག་གཏོང་། །འབངས་མི་སྡེའི་བདེ་
སྡུག་མི་ཤེས་པས། །དུས་མཐའ་མ་སྡེ་ཐོར་དཔོན་ལ་ཐུག །ཧོར་གུར་དཀར་དཔོན་གྱི་བློན་ཆེན་
ཁྱོད། །སྡེ་ཧོར་ཡུལ་འཇག་རྩྭ་རླུང་ལ་བསྐུར། །ཡུལ་ལུང་པ་བྱང་སྟོད་བྱེ་མས་དེད། །མཁར་ཡ་ཟི་
51
དཀར་མོ་བྲག་ལ་བསྒྱུར། །ལུས་གཟུགས་གཞི་ཇོ་རུའི་ཚེ་གཡོག་བསྐོས། །དུས་ད་དུང་འབངས་
སྡེ་ཁྲི་གསུམ་དེ། །ཤ་མི་ཚ་ཁྲ་རུ་དམག་ལ་དེད། །ཁྱོད་ང་གཉིས་ལ་མོ་མཚོན་ལ་འགྲན། །གླུ་གོ་
ན་ཁྱི་ཐོད་ཤན་པས་ཉོན། །ཟེར་ནས་རལ་གྲི་ཤུབས་ཁ་སྤར་ཏེ་གློག་དམར་འཁྱུགས་པ་ལྟར་ཤན་ པའི་སྟེང་དུ་མཆོངས་བྱུང་བ་དང་ཤན་པས་དུག་རལ་འབར་བ་ཤུབས་ནས་བཏོན་ཏེ་ཁོ་གཉིས་
གྲི་གཡུག་སྐོར་གསུམ་ཙམ་བྱས་པར། ཤན་པའི་དུག་རལ་དེར་འཇམ་དཔལ་གཤིན་རྗེ་དམར་ པོའི་བཀའ་སྲུང་ཆོས་སྐྱོང་འཁོར་ཡོད་པས། གྲི་རྩེར་མེ་ལྕེ་ཁྲུ་གང་འབར་ཞིང་ཁོ་ཡི་ཕྲག་པ་
གཡོན་པར་ཐེབས་ནས་རྨ་རྨས་ཆེ་ཙམ་བཏང་བར། ཁོ་དཔའ་ཆག་སྟེ་ཕྱི་ནུད་བྱས་ནས་བྲོས་
རྩིས་བྱས་པར། ཤན་ཚ་རླུང་ལྷ་མགྱོགས་ལྡན། སྟོང་དཔོན་ནམ་མཁའ་འཇིགས་མེད། ཁྲི་དཔོན་ ཐང་དཀར་རྩེ་རྒྱལ་གྱིས་ཤན་པའི་དཔུང་རོགས་བྱས་ནས་གྲི་རུབ་བརྒྱབ་པར། ཁོས་ཕར་ཙམ་
བྲོས་ནས་མདའ་གསུམ་བསྟུད་མར་འཕངས་བྱུང་བ་ཧོར་རི་པའི་ཐང་དཀར་རྩེ་རྒྱལ་གྱི་བྲང་ལ་
མདའ་གཅིག་ཐེབས་ནས་རྟ་ཐོག་ནས་ལྷུང་སྟེ་གྲོངས། ཤན་ཚ་ལ་གཅིག་ཐེབས་པས་མདའ་རྨས་ ཅུང་ཙམ་བྱུང་། གཅིག་དེ་ཧོར་གྱི་བློན་པོ་སྟག་རྩེ་དང་ནོར་རྒྱས་གཉིས་ལ་ཐེབས་པས་རང་སར་ གྲོངས། ཁོས་རལ་གྲི་ལག་གཡས་པར་བཟུང་། དར་ནག་གིས་དཔུང་པ་གཡོན་པ་བསྡམས། ང་རྒྱལ་སོ་སྒྲ་སྒྲོག་ཅིང་ཤི་ཡང་འགྱོད་པ་མེད་བསམས་ཏེ་ཧོར་སྒར་གྱི་དཀྱིལ་དུ་སྤྱང་ཐོང་ཤ་
ལ་རྔམ་པ་བཞིན་ལྕེབས་བྱུང་བར། ཤན་པ་དང་རླུང་ལྷ་ཁུ་བཙན་གཉིས་ཀྱིས་ཁོ་གར་སོང་ལ་ རྗེས་འདེད་བྱས་ནས་མདའ་གྲི་མང་པོ་འཕངས་ཀྱང་ཁོ་ཡི་རྗེས་མ་ཟིན། དེ་ནས་ཁོ་ཡི་ལས་
དམག་རྣམས་ཀྱིས་ཧོར་སྒར་ལ་མཆོངས་ནས་མདའ་འགྲན་གྲི་འགྲན་བརྒྱ་ལུག་མ་བུ་འདྲེས་ པ་ལྟར་ཟིང་ཟིང་ལོང་ལོང་། ཁྲག་གི་ཡུར་ཆུ་འབབ་འདྲ། རོ་ཡིས་ལུང་པ་ཁེངས་ལེ་འཁྲུགས།
བྱང་མི་ཤི་རྨས་མང་བ་བྱུང་བས། དཔའ་ཚོད་བཟུང་སྟེ་ལས་དམག་སྟོང་ཚོ་ཙམ་དེ་སྤང་རིའི་
ལ་ཁ་ནས་སྐྱ་འཕྱུར་འཕྱུར་གྱིས་བཤར་བས། ཧོར་དམག་རྣམས་ཀྱང་བ་ལུང་ན་ཐང་གཞུང་དྲུག་ ལ་སྒར་བབ། ཀླུ་རྗེ་འདུལ་བའི་དུས་ལ་མ་བབས་པས། ཤན་པ་ལ་རྟིང་མ་ཆེ་བར་མ་བྱུང་ཞིང་ ནུབ་རྫོང་ཟིན་མ་ཐུབ། ཉི་མ་ནུབ་པ་དང་མཉམ་དུ་ཀླུ་རྗེ་དཔོན་དམག་རྣམས་སྒར་ས་འཛིན་མ་
ཐུབ་པས། མཚན་བྲོས་བྱས་པ་འདྲ་ཞིག་གིས་རྒྱལ་པོའི་ཕོ་བྲང་ལ་སོང་བ་ཕྱི་ཉིན་ནམ་ལངས་
52
པ་དང་ཕོ་བྲང་དུ་འབྱོར། དེས་ན་སེང་ཕྲུག་ཐོག་ལྷ་དང་བཙན་པོ་ཡ་མེད་བཅས་པས་ཀྱང་རང་
སྒར་མ་ཟིན་པར་རྒྱལ་པོའི་ཕོ་བྲང་དུ་ཡོད་པས། ཨ་ཁ་དགྲ་ངན་པ་དེ་འདྲ་ཞིག་ལ་ཐུག རྒྱལ་པོ་ རང་མགོ་ཐོན་ཙམ་བྱུང་། རང་ས་རང་གིས་འཛིན་མ་ཐུབ། ད་ཅི་དྲག་གང་དྲག་ཟེར་ནས་འགྱོད་ འགྱོད་ཕུང་ཕུང་གིས་བཀའ་གྲོས་མང་པོ་བྱས་མཐར། ད་བླ་མའི་སྒྲུབ་པ་དེ་ཞག་བཅུ་གསུམ་ སོང་བས། བླ་མའི་སྐུ་མདུན་དུ་བཅར་ནས་མཚོན་སྲུང་དང་ཚེ་མདུད་ཚེ་རིལ་ཚེ་ཆང་སོགས་
པ་ཞུས་ན་དགའ། དེ་མིན་གླིང་མིར་ཕར་བཏབ་མཚོན་དེ་མི་འགྲོ་འདུག ཚུར་གཡུག་མར་དཀར་
གྲི་ཡིས་གཏུབ་གཏུབ་རེད། ད་དེ་ལན་དེ་སྤྲོད་ཅིག་དགོས་ཟེར་བར་གྲོས་མཐུན་བྱུང་ནས། སང་ ཉིན་ནམ་ལངས་པ་དང་བློན་པོ་གཉིས་ལ་རྟ་དམག་ལྔ་བཅུས་བསྐོར་ནས་བླ་མའི་སྒྲུབ་ཕུག་ལ་
འགྲོ་ཟེར་ནས་གྲོས་ཐག་བཅད། དེའི་དུས་གླིང་གི་ལྷ་སྒར་རྣམས་ཀྱང་རང་གནས་སུ་སྒར་བབ་ ནས་བཞུགས་ཡོད་དོ།། །།
53
ལེའུ་དྲུག་པ། དེ་ནུབ་ནམ་ཕར་ཕྱེད་ཕར་ལ་མ་གསལ། ཚུར་ཕྱེད་ཚུར་ལ་མ་གསལ། རི་མགོས་གསེར་
ཞྭ་མ་གྱོན། རྒྱ་མཚོར་གསེར་ཐིག་མ་ཕོག བྱ་དེ་ཕོས་སྐད་རིང་མ་རྒྱག་པའི་དུས་སུ། གོང་མ་ལྷ་ ཡི་ཞིང་ཁམས། འཇའ་ཚོན་འོ ད་ཀྱི་གདན་སྟེང་། སྟོང་ཉིད་སྤྲིན་གྱི་ཡང་སྟེང་ནས། མཁའ་འགྲོ་ ཡེ་ཤེས་མཚོ་རྒྱལ་དེ་གཡས་ལ་སེང་ལྡེང་ཌ་མ་རུ། གཡོན་ལ་དངུལ་དཀར་དྲིལ་ཆུང་བསྣམས། ལུང་བསྟན་མཁའ་འགྲོ་འབུམ་གྱིས་བསྐོར་ནས་རྒྱལ་པོ་སེང་ཆེན་གྱི་དབུས་གུར་ནང་དུ་བྱོན་ ནས། མངོན་གསལ་ལམ་སྟོན་གྱི་ཚེ་གླུ་འགྱུར་མེད་འདི་གསུངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ཨ་ལ་གླུ་ཡི་ཨ་མ་མཁྱེན། །ལྷ་གོང་མ་ཨ་མས་མ་མཁྱེན་ན། །ལུས་
བྱམས་སྐྱོང་བྱེད་པ་ག་ལ་སྲིད། །གླུ་མཆོད་གཉིས་གླུ་ཡི་ཨ་ཕ་མཁྱེན། །ཨ་ཕ་ལྷ་དེས་མ་མཁྱེན་
ན། །རྒྱུ་ཟས་ནོར་དཔའ་དཔུང་སྡོངས་གྲོགས་ལ། །མགོན་ཟེར་བའི་དུས་དེ་དཀའ་ལེ་ཡིན། །གླིང་ བུ་ཚ་བུ་མོའི་རིགས་རྒྱུད་དེར། །ཀླུ་གཙུག་ན་རིན་ཆེན་མ་མཁྱེན་ན། །རྒྱུ་ཟས་ནོར་དངོས་གྲུབ་
ཡོང་དོན་མེད། །ས་འདི་ནི་བྱང་ལུང་སྟག་རྩེ་ཡུལ། །མ་ང་ནི་ཡེ་ཤེས་མཚོ་རྒྱལ་ཡིན། །གླུ་རིང་ པོ་ཉི་མ་སྐྱེལ་ལོང་མེད། །རྗེ་གེ་སར་ཐུགས་ཀྱི་སྐུལ་མར་ཡིན། །དེ་ཡིན་ན་ལྷ་ཡི་ལུང་བསྟན་
ཡོད། །དུས་ན་ནིང་གཞི་ནིང་ད་ལོ་གསུམ། །བྱང་བྱེ་ལུང་འགྲིམས་ནས་ལོ་ངོ་གསུམ། །བློ་གྲོས་
གླེང་ཡང་ཡང་བྱས་ལེ་ལ། །ཁོ་ཧྭ་ཤང་བླ་མ་ཧུ་ཤུ་དེ། །ལས་ཅི་མ་ཡིན་གྱིས་འཇོག་རྒྱུ་མེད། །མཐུ་ ངན་སྔགས་བསྒྲུབས་ནས་བཅུ་གསུམ་སོང་། །ད་མ་བཞུགས་བླ་མ་ཆམ་ལ་ཕོབ། །ཁོ་ཧྭ་ཤང་བླ་ མ་ཧུ་ཤུ་དེར། །སྒྲུབ་པ་འཇའ་ཚོན་ནང་བཞིན་ཡོད། །སྐྱི་བསེར་རླུང་དང་སྔོན་མོ་ཆུ། །དམར་ མོ་མེ་དང་མཉམ་འབར་ཡིན། །ཉི་ཟླ་གཉིས་དང་མཉམ་འགྲོ་ཡིན། །སྐར་ཚོགས་ལག་པས་
ལེན་མི་ཡིན། །ཇུས་དང་མོ་རྩིས་མཁས་ལེ་ལ། །འཛམ་གླིང་ལག་པའི་མཐིལ་ལ་ཡོད། །ད་
མ་གཡེང་ཚེས་པ་བཅུ་དགུ་ལ། །ཨ་ཁུ་སྒོམ་ཆེན་འདས་མེད་དང་། །མ་བཞི་དཔོན་པོ་ཁྲོ་རྒྱལ་
གཉིས། །བླ་མ་ཀུན་དགའ་འཇིགས་མེད་གསུམ། །ཁོང་གསུམ་རི་གསུམ་རྩེ་ལ་བྱོན། །མཐུ་དང་
54
ནུས་པ་སུ་ཆེ་ལྟོས། །མན་ངག་རྫུ་འཕྲུལ་སུ་ཆེ་ཡིན། །གླུ་གསན་ན་རྒྱལ་པོའི་སྙན་ལ་ཞོག །མ་ གོ་ལུང་བསྟན་རིམ་བཞིན་ཡོད། །ཅེས་གསུངས་ནས་ནམ་མཁར་འཇའ་ཡལ་བ་བཞིན་མི་སྣང་
བར་གྱུར། །ཞེས་ཕྲིན་བཅོལ་བྱེད་པའི་གླུ་རྫོགས་པ་དང་། གླིང་གི་ཡུལ་ལྷ་གཞི་བདག བཀའ་
སྲུང་ཆོས་སྐྱོང་། དགྲ་ལྷ་ཝེར་མའི་ཚོགས་རྣམས་གནམ་ལ་སྤྲིན་ཚོགས་འཁྲིགས་འདྲ། རི་ལ་རྩི་ ཤིང་འཚར་འདྲ། ཞིང་ལ་འབྲུ་དྲུག་སྨིན་འདྲ། ཕྱུགས་རིགས་ལྷས་རར་འཁོར་འདྲ། བླ་མ་ཆོས་ ལ་འཛོམས་འདྲ། དཔོན་པོས་འབངས་སྡེ་བསྐོངས་འདྲ། སྨུག་ཁྲིགས་ཁྲིགས། སྣུམ་ཚིལ་ཚིལ།
སེར་ཆེམ་ཆེམ། འོད་སྤུངས་སྤུངས། ཁྲ་ཐར་ཐར་གྱིས་འཁོར་བྱུང་བར། སྐྱབས་བཅོལ་སྨོན་ལམ་ བྱས་ནས་གཏོར་མ་འཕངས་པས། ཧྭ་ཤང་གི་སྒྲུབ་ཕུག ཧ་ཚག་ཧུ་ཤུའི་ཕོ་བྲང་སྟེང་ལ་ཕོག་
ནས་འུར་སྒྲ་དང་ལྡིར་སྒྲས་གནམ་ས་གཡོ་བ་བཞིན་ནག་པོ་བདུད་ཀྱི་མཐུ་གཡོག་དྲང་སྲོང་ཧ་ རུ་ནག་པོ་དང་རྭ་ཙ་ནག་པོ། མི་འཆི་ནག་པོ། ཆུ་ལྷ་ནག་པོ། རླུང་སྒྲ་ནག་པོ། རྩ་འཁོར་ནག་
པོ་སོགས་བླ་མ་བཅུ་དེ་འཕུར་ལོང་མ་བྱུང་བར་སྐད་ཅིག་གཅིག་ལ་ས་འོག་ཏུ་མནན་ནས་སྤྲུལ་ བ་གང་ཡང་འགྱེད་མ་ཐུབ། ཧྭ་ཤང་ཧུ་ཤུ་བླ་མ་དེས་གཟན་གྱིས་གཤོག་པ་བྱས། གཡས་པས་ དྲི་གླུད་འཁྱེར། གཡོན་པས་མུ་སྟེགས་ཀྱི་རྔ་གོག་དེ་འཁྱེར་ནས་ཉི་མ་ལྷོ་ཡི་ཕྱོགས་སུ་འཕུར།
སྤེན་རིའི་ལ་རྩེ་ན་བླ་མ་ཀུན་དགའ་དེ་ཡོད་པར་གཟིགས་པས་རླུང་བསེར་མའི་སྒོ་མོ་བཅོ་བརྒྱད་ བསྐོར། ལྕགས་རི་རིམ་པ་དགུ་ལ་བསྒོམས་ནས་བཞུགས་པས། ཁོ་ཡིས་ལག་གཡས་པས་དྲི་
གླུད་དེ་འཕངས་པར། ལྕགས་རི་རིམ་པ་གསུམ་གཏོར་ནས་ནམ་མཁའ་མེ་ཡིས་ཁེངས་པ་ལྟར་ཇེ་ དམའ་རུ་བབ་བྱུང་བ་ན། བླ་མ་ཀུན་དགའ་དེས་རལ་གྲི་མཁའ་འགྲོའི་ཚོགས་གྲི་གནམ་ལྕགས་
ཤེལ་དཀར་དེ་མཁོ་བར་དགོངས་ནས་རལ་གྲི་ལན་གཅིག་གཡུགས་པས། ཁོ་ཡི་ལག་གཡས་
པ་དེ་བཅད། ཡང་མུ་སྟེགས་བདུད་དགྲ་འདུལ་བའི་གནམ་ལྕགས་ཟེར་མ་རླུང་འཁྱེར་དེ་ལྕགས་
ཐག་ཤར་རེ་ལན་གཅིག་འཕངས་པར། ཁོ་ཡི་མུ་སྟེགས་རྔ་ལ་ཐེབས་ནས་རྔ་དང་གཟན་གཉིས་ས་ ལ་ལྷུང་། དེས་ན་མུ་སྟེགས་བླ་མ་ཧྭ་ཤང་ཧུ་ཤུ་དེ་ས་ལ་མ་བབ་ཀ་མེད་ཐུག བྲག་དམར་གཏོར་ དམར་འདྲ་བའི་རྩེ་ལ་བབ་པ་འདྲ་ཞིག་བྱས། དེའི་དུས་ཨ་ཁུ་ཁྲོ་ཐུང་དེས་དམིགས་པ་ཞིག་བྱས་ པར། ཧྭ་ཤང་བླ་མ་ཧུ་ཤུ་དེ་བྲག་རི་མི་རྒོད་ཀྱི་རལ་པ་འདྲ་བའི་རྩེ་མོར་བབ་པ་མཐོང་བས། རུ་
55
ང་ཕྲག་དོག་ཆགས་སྡང་རྣམ་རྟོག་གིས་སྤྲུལ་པ་ཞིག་བྱ་དགོས་བསམས་ཀྱང་སྤྲུལ་རྒྱུ་མ་རྙེད་ཅིང་ གང་དགོས་དེ་དགོས་བསམ་བློ་འགའ་བཏང་བར་དབལ་གསས་སྟག་ལྷ་མེ་འབར་གྱི་ཐུགས་
རྗེས་ད་མ་སྡོད་མྱུར་བར་ཐང་དཀར་རྒོད་ལ་སྤྲུལ་ནས་རི་རྩེར་འཕུར་ཟེར་བ་འདྲ་ཞིག་བྱུང་བས། དགྲ་ལྷ་རྒོད་གཤོག་ཅན་གྱི་མགོན་སྐྱབས་མཛད་དེ་ཨ་ཁུ་ཐང་དཀར་རྒོད་ལ་སྤྲུལ་ནས་བྲག་རི་ དེ་ཡི་གཡས་མཚམས་སུ་ལྡིང་ཐུབ་ཙམ་བྱུང་ནས་བྲག་དམར་གྱི་རྩེ་ལ་བབ། ཕར་ལྟ་ཚུར་ལྟ་
འགའ་བྱས་པར། ཧྭ་ཤང་བླ་མ་ཧུ་ཤུ་དེ་བཞིན་ལག་གཡས་པ་མེད་ཅིང་དབུགས་ལྷེམ་ལྷེམ་གྱིས་ བྲག་དམར་རྩེ་ནས་འཕུར་གྲབས་བྱེད་བཞིན་ཡོད་པར། ཨ་ཁུས། ཡ། དེ་རིང་དགྲ་ལས་སླ་བོ་
ཞིག །ལ་དགུ་བརྒྱབ་མི་དགོས། །ཐུར་དགུ་བབ་མི་དགོས། །ཐང་དགུ་གཤགས་མི་དགོས། །ཤ་ ཕོ་ཆེན་གསོད་ལ་རི་རྩེ་འགྲིམས། །མགོ་དུང་རྭ་ན་ཐང་མཚམས་ལ་གདའ། །སྟག་དམར་ཡག་ གསོད་པར་སག་མདའ་འཁྱེར། །སྒུག་མི་དགོས་སྟག་པགས་གདན་ལ་གདའ། །ཚོང་ཁེ་ཕམ་
གཅོད་པར་རྒྱ་དབུས་བསྐོར། །འགྲོ་མི་དགོས་བསོད་ནམས་མཛོད་ལ་གདའ། །བསམས་ནས་
ཧ་ཅང་དགའ་ཆེ་བས། ལྷ་སྲུང་སྒོམ་ལོང་མེད་པར། ཆེ་རབས་དང་འཇིགས་རབས་མཐོ་རབས་ དཔའ་རབས་ཀྱི་གླུ་འདི་ངར་སྐད་སྟག་མོ་ངར་འཛུམ་གྱི་རྟ་ལ་དྲངས་ནས་བླངས་པར་གདའ་འོ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཧཱུཾ་གཅིག་ཧཱུཾ་གཉིས་ཧཱུཾ་དང་གསུམ། །ཧཱུཾ་གསུམ་ཐོག་ནས་གླུ་
ཞིག་ལེན། །སྟག་རོང་ཧཱུཾ་གྱི་རྒྱལ་པོ་ཡིན། །ལྷ་མཁྱེན་རྟ་མགྲིན་དམར་པོ་མཁྱེན། །ལུས་གྲིབ་
མ་བཞིན་དུ་འབྲལ་མེད་མཛོད། །དྲག་རྩལ་སྟག་ལྷ་མེ་འབར་མཁྱེན། །བདུད་དཔུང་ཆམ་ལ་ཕབ་ ནས་ཤོག །སྟག་རོང་སྙན་གྲགས་དགུང་ལ་སྟོད། །ཨ་ཁུའི་འགྲོ་དོན་འགྲུབ་པར་ཤོག །གཡུང་ དྲུང་ཚེ་དབང་རིག་འཛིན་མཁྱེན། །འགྲོ་མི་དགོས་བསམ་དོན་གདན་སྟེང་གྲུབ། །འབོད་མི་
དགོས་ཛམ་ལྷ་ནོར་ལ་འཁོར། །སྐྱིད་ཨེ་ཤེས་ཨ་ཁུའི་བསོད་ནམས་ལ། །ས་འདི་འདྲ་མི་རྒོད་ རལ་པ་འདྲ། །བྱང་བྱེ་རིའི་སྟག་ནག་རི་ཆེན་རེད། །མི་ང་འདྲ་ང་ངོ་མ་ཤེས་ན། །ང་ཧཱུཾ་ཆེན་ བརྒྱ་ཡི་སྙིང་བཅུད་རེད། །རྫོང་བཙན་པོ་ཕོ་རོག་སྙིང་རྫོང་ཟེར། །དབྱར་ས་ཀུན་དགའ་ར་བ་
ཟེར། །ཕྱུགས་འབྲི་བརྒྱ་བེའུ་བརྒྱའི་གདན་ས་ཟེར། །བུ་བཙན་པོ་སྟག་རོང་ཁྲོ་རྒྱལ་ཟེར། །དམག་ བུ་རྟ་གཤིན་རྗེའི་ཁྲམ་ལས་བཙན། །གླིང་ཁྲ་མོ་ཆགས་པའི་གཙོ་བོ་ལ། །དཔོན་སྟག་རོང་ཨ་ཁུ་
56
ཁྲོ་རྒྱལ་ཡིན། །དུས་དེ་རིང་སྐྱིད་པའི་ཉི་མ་ལ། །འབོད་མི་དགོས་མགྲོན་པོ་སྒོ་ལ་འབྱོར། །ཇ་
ཆང་གཉིས་ཀྱི་བསུ་མ་ཡོད། །གདན་འདྲེན་མི་དགོས་བླ་མ་སྒོ་ལ་བྱོན། །དར་གོས་ཆེན་གཉིས་ ཀྱི་སྣེ་འདྲེན་ཡོད། །འགྲོ་མི་དགོས་རྒྱ་དབུས་སེམས་ལ་འཁོར། །རྒྱུ་རིན་ཆེན་ནོར་བུའི་སྒོ་མོ་
ཕྱེ། །ལར་གཞི་སྔ་མིའི་གཏམ་དཔེ་ལ། །བསོད་ནམས་རི་བོའི་རྩེ་ལ་གདའ། །ལག་གཡུག་བྱས་
ནས་མི་ཡོང་རྒྱུ། །གཟའ་སྐར་འཕྲོད་ན་རང་འབྱུང་རེད། །མུ་གེ་ཉྭ་གཞུག་འོ ག་ལ་ཡོད། །གསིག་ གསིག་བྱས་ནས་མི་འགྲོ་རྒྱུ། །སྔོན་བསགས་ལས་ཀྱི་འབྲས་བུ་རེད། །ནོར་གོང་ཆེན་རྒྱ་མཚོའི་
གཏིང་ལ་ཡོད། །བསམ་ཚད་ལག་པས་མ་ལོན་རྒྱུ། །མི་བསོད་ནམས་ཅན་ལ་རང་གྲུབ་རེད། །ཨ་ རེ་སྐྱིད་ཀྱི་ཉི་མ་ལ། །ཁྱོད་བདུད་བླ་ནག་པོ་ཀུན་གནོད་དང་། །ང་ཨ་ཁུ་ཁྲོ་རྒྱལ་ཀུན་ཕན་
གཉིས། །ཁྱོད་འདྲ་བསམ་ཡོད་དེ་བསྡུར་རྒྱུ་མེད། །ང་ཨ་ཁུ་ཁྲོ་བའི་མན་ངག་དེར། །ལྷོ་འཛམ་ བུ་གླིང་ལ་འགྲན་ཟླ་མེད། །ཁྱོད་ད་ལྟ་མགོ་འབུལ་ཕྱག་འཚལ་གྱིས། །ངས་མི་གསོད་ཚེ་ཐར་
བཏང་བས་ཆོག །མི་གཉོམ་ཆུང་བསད་ན་ཤ་རེ་ཚ། །དམའ་སྤྲང་པོ་ཕྲོགས་ན་མུ་གེས་ཤི །ཁྱི་ གདའ་ལི་བརྡུངས་ན་དྲི་ངན་ཚ། །ཁྱོད་གསོད་པའི་ལས་ཤིག་མི་དགོས་འདུག །མི་ང་ལ་མགོ་
འབུལ་བཤགས་པ་གྱིས། །ཁྱོད་ངེད་གཉིས་གླིང་རུའི་སྒར་ལ་འགྲོ། །མགོ་ཡར་འདོན་མགོ་འདྲེན་ ང་ཡིས་བྱེད། །དཔོན་སྟག་རོང་བཀའ་ལ་ཅི་བབས་དེ། །བཀའ་དེ་ལ་ཉན་ན་བསླུ་བ་མེད། །གླུ་
གོ་ནས་ཨེ་བྱུང་དམར་སྐྱ་བ། །ཟེར་ནས་ཆེ་མདོག་འཇིགས་མདོག་གིས་བསྡད་པར། ཧྭ་ཤང་ཧུ་ ཤུ་དེ་རླུང་བསེར་མ་ལ་སྤྲུལ་ནས་རླུང་སྒྲ་འུར་རུ་རུ་ཟེར་བ་ལས་གར་སོང་མེད་པར་གྱུར་བས།
ཨ་ཁུ་ཁྱི་ཞ་ར་གནམ་ལ་བལྟས་ཀྱང་སྐར་མར་གྲངས་ཀ་མི་ཐེབས། ཟོག་པོ་ཟས་ཀྱིས་རྒྱགས་ན་
ནམ་ལངས་ཀྱང་གཉིད་ཀྱིས་བཟི་ཟེར་བ་ལྟར་འགྲོ་ས་དང་འདུག་ས་མ་རྙེད། བར་སྣང་སྟོང་པར་རི་ མོ་མི་སྡོད། གཙང་ཆབ་སྔོན་མོ་གཤགས་ཀྱང་ན་ཟུག་མེད་པས། ཨ་ཁུས་ཁ་གནམ་ལ་གདངས་
ནས་ཕར་ལྟ་ཚུར་ལྟ་ཞིག་བྱས་པར། ཧྭ་ཤང་ཧུ་ཤུ་དེ་ལྷ་རི་བཙན་དམར་གྱི་སྟེང་ནས་ལྡིང་ཞིང་ རང་ཡུལ་ཧྭ་ཤང་ཕྱོགས་ལ་ཤོར་རོ། དེའི་དུས་བླ་མ་ཀུན་དགའ་འཇིགས་མེད་དང་སྒོམ་ཆེན་
འདས་མེད་གཉིས་སྤྲུལ་པ་སྐད་ཅིག་ཉིད་ཀྱིས་སྒྲུབ་ཕུག་གཏོར་བའི་སར་བབ་ཏེ་མུ་སྟེགས་བླ་
མ་བཅུ་པོ་དེ་ས་འོག་ཏུ་མནན། བླ་མའི་ཡོ་ཆས་དང་མཁོ་ཆས་རྫས་ཆ་རྣམས་བསྡུས་ནས་གླིང་
57
སྒར་ལ་ཕེབས་པས། ས་རུབ་པ་དང་སྒར་ལ་འབྱོར། ཨ་ཁུ་དཔོན་གཡོག་རྣམས་མེད་པ་གང་དུ་
བྱོན་ཟེར་དྲིས་པར། ངེད་ཚོས་བྱང་ཤར་གཉིས་ནས་བླ་མའི་སྒྲུབ་ཁང་དེ་གཏོར་ཀྱང་། ཧ་ཤང་
ཧུ་ཤུ་དེ་ཤོར་སོང་། ཁོ་ནམ་མཁར་འཕུར་ནས་ལྷོ་ཕྱོགས་སྤེན་ནེ་རི་རྩེར་བབ་པ་འདྲ་ཞིག་བྱུང་
ལ། ཨ་ཁུས་སྤེན་ནེ་རི་རྩེ་ནས་གདོང་ལེན་བྱེད་ཚུལ་དམིགས་པའི་ནང་ལ་གསལ་བྱུང་། དེ་ནས་ གར་སོང་ཆ་མ་ཆོད་ཟེར། དེའི་དུས་ཨ་ཁུ་ཁྲོ་ཐུང་མི་རྒོད་རི་རྩེ་ནས་མར་བབ་པར་ཉྭ་འདར་རྐང་
པ་མ་ཚུགས་པར་རྦབ་ལ་ཤོར། མི་རྟ་ཡ་བྲལ་དུ་སོང་། ས་རུབ་པ་དང་རི་དེ་ཡི་གཤམ་དུ་འབྱོར་ བར། སྟག་གཟིག་དང་དྲེད་མོང་དོམ་སོགས་གཅན་གཟན་གྱི་འུར་སྒྲས་གནམ་ས་ཁེངས་ལེ།
ཕ་རི་ནས་ངར་ན་ཚུ་རི་ནས་བྲག་ཅ་འཁོར། ཚུ་རི་ནས་ངར་ན་ཕ་རི་ནས་བྲག་ཅ་འཁོར་བཞིན་
ཡོད་པས། ཨ་ཁུ་སྙིང་རྩ་ལོང་ལོང་དང་སེམས་འདར་ཤིག་ཤིག སྐྲག་འཇིགས་གཉིས་ཀྱིས་བླ་
སྲོག་ཆད་ལ་ཁད་ཀྱིས་མར་མར་ཡོང་བ་ན། དབལ་གསས་སྟག་ལྷ་མེ་འབར་གྱིས་སྡོངས་གྲོགས་ གནང་བས་སྲོག་ལ་ཉེན་ཁ་མེད་ཙམ་བྱུང་། ནམ་ལངས་པ་དང་ཨ་ཁུ་སྤེན་ནེ་རི་དང་གླང་པོ་རི།
ལྕགས་ནག་རི་གསུམ་གྱི་འདུས་མདོར་འབྱོར་ཡང་ཤར་ལྷོ་ནུབ་བྱང་ཉི་མའི་འགྲིམས་ལམ་གྱི་ཁ་ ཕྱོགས་མ་ཤེས། དེའི་དུས་ཨ་ཁུའི་འཁོར་གཡོག་རྣམས་ལ་ལས་སྤང་ནས་སོང་། །ལ་ལས་བྱེ་
མ་ནས་སོང་ཏེ་མི་རྗེས་འཚལ་ཡང་རྗེས་ཤུལ་གང་ཡང་མེད་པར་ཐང་ལ་བབ། བྱང་ལུང་བྱེ་མ་ ཐར་ཐོར། འདམ་རྩྭ་ཆུ་ཉོག་ཡོད་པའི་སར་རྩེབས་པས། གླིང་དཀར་གྱི་དམག་སྒར་མཐོང་བས་
དེར་ཕྱོགས་ཏེ་ཡོང་བ་ཕྱི་ཉིན་ནམ་ལངས་པ་དང་སྒར་ལ་འབྱོར། ཨ་ཁུ་མཐོང་རྒྱུ་མེད་པས། གླིང་ པ་རྣམས་ཀྱིས་མི་རྒན་འཆི་ཁར་རོ་གོག་ས་མཐར་བསྐྱེལ། དགྲ་ཕར་ཐུབ་མ་རེད་ཚུར་ཐུབ་རེད། མེ་ཕར་འབུད་ཨ་ར་ཚུར་འཚིག་རེད། སྔགས་ཕར་རྒྱག་སྙིང་ནད་ཚུར་ཟུག་རེད། ད་ཅི་དྲག་གང་
དྲག་ཟེར་བའི་དུས། སེང་ཆེན་ནོར་བུ་དགྲ་འདུལ་དེས་འཛུམ་མུལ་མུལ་གྱིས། ཨ་ཁུ་ཁྲོ་རྒྱལ་མེ་ ཡིས་མ་འཚིགས། ཆུ་ཡིས་མ་འཁྱེར། དགྲ་ཡིས་མ་གནོད་པར་གནམ་སྟོང་པ་ཞིག་གི་འོག ས་ དུ་ཁུང་འདྲ་བ། ཆུ་གསུམ་སྐེད་རགས་བཅིངས་འདྲའི་ལུང་མདོ་ཞིག་ལ། ཁ་ལ་ཟས་མེད། ལུས་
ལ་གོས་མེད། ལྟོ་ལྟོགས་པ་ཡི་དྭགས་བཀྲེས་སྐོམ་འདྲ་བ། སེམས་དམིགས་མེད་ལ་ཁའི་དར་
ལྕོག་འདྲ་བ། ལུས་དྲོད་མེད་གྲིབ་མ་འདྲ་བ་ཞིག་བྱས་ནས་ལུས་འདུག་གསུངས་པར། སྟག་རོང་
58
ལྷ་རྒོད་འབུམ་ལུས་རྟ་དམག་ལྔ་བཅུ་ཙམ་ཞིག་ཁྲིད་ནས་ཨ་ཁུ་བསུ་བར་ཆས་གྲབས་བྱས་པས། རྒྱལ་པོས་བྱང་དགྲ་ཡི་ས་མཚམས་ཡིན་པས་དོགས་ཟོན་དགོས་གསུངས། རྒྱལ་པོའི་དགོངས་ པ་ལྟར་ལྷ་རྒོད་འབུམ་ལུ་དང་ལྷ་སྲས་ནམ་མཁའ་གྲགས་པ། རྟེའུ་དཔའ་གྲགས། དཀར་རུའི་
ཐར་པ་རྒྱལ་མཚན་རྣམས་ལ་རྟ་དམག་ལྔ་བཅུ་རེས་བསྐོར་ནས་ཨ་ཁུའི་བསུ་མར་བྱོན། དེའི་
དུས་བྱེ་རི་རྒྱལ་པོ་དེས་ཤེལ་གྱི་མེ་ལོང་ལ་བལྟས་པས། ཨ་ཁུ་ཁྲོ་ཐུང་ཁ་འདར་ཁོལ་མོ་འབུད་
འབུད། ལུས་འདར་ཤིང་ལོ་དཀྲུག་དཀྲུག ཉྭ་འདར་ཨ་ཡོ་ཟུག་ཟུག ཟས་མེད་གོས་མེད་མུ་གེས་
མནར། སྐྲག་སྐྲག་འཇིགས་འཇིགས་ཀྱིས་ཕྱི་ལྟས་མེད་པར། ངུ་འབོད་སྤྱང་རྒན་ངུ་ངུ་། ཕ་འབོད་ མ་འབོད་བྱེད་ཅིང་ཡོད་པ་མཐོང་ནས་ཀླུ་མགོ་ཐོག་བཙན་ལ་རྟ་དམག་ལྔ་བཅུ་ཙམ་གྱིས་བསྐོར་ ནས་ཨ་ཁུ་འཛིན་པར་མངགས། བྱེ་རི་ཡུལ་གྱི་ཇག་པ་རྣམས་སྤེན་ནེ་ལུང་ནས་མར་ཡོང་བ་
དང་སྟག་རོང་ལྷ་རྒོད་བཅས་པ་བ་ལུང་ནས་ཡར་ཡོང་བ་ཁ་ཆད་བྱུང་བ་བཞིན་ཐུག་པར། ཀླུ་
མགོ་ཐོག་བཙན་དེས་རྟ་ཁ་བཀག ཡོབ་ལང་བརྒྱབ། མདའ་གཞུ་ལྟོང་མཐེབ་ལ་བཞག་ནས་སྟག་ རོང་ལྷ་རྒོད་ལ་འཕངས་བྱུང་བར། ལྷ་རྒོད་ཀྱིས་སྒ་འགྱུར་ཞིག་བརྒྱབ་པས་ལྷ་རྒོད་ལ་གནོད་
མ་ཐུབ། མདའ་མོ་དེ་རླུང་སྒྲ་འུར་གསུམ་གྱིས་རྒྱབ་ཕྱོགས་ཀྱི་རྟ་དམག་བཅུ་སྐོར་ཞིག་གཡས་ བསྒྲིལ་གཡོན་བསྒྲིལ་བཏང་བྱུང་བར། ལྷ་རྒོད་འབུམ་ལུ་དེ་ཞེ་ཁྲོ་གཏིང་ནས་འཁྲུགས་ཏེ་རལ་ གྲིའི་ཤུབས་ཁ་སྤར། རང་སྲོག་ཕངས་མེད་ཀྱིས་གློག་འཁྱུགས་པ་ལྟར་ཁོ་ཡི་སྟེང་དུ་མཆོངས་ ནས་རལ་གྲི་ཤུགས་ཀྱིས་བསྐོར་ནས་ཁོ་ཡི་མགོ་བོའི་རྨོག་སྟེང་དུ་གཡུགས་པར། བྱེ་བློན་ཀླུ་ མགོ་ཐོག་བཙན་དེ་ལུས་ཕྱེད་བཤགས་བཏང་། ལུས་ཕྱེད་བཤགས་གཉིས་དེ་རྟ་ཐོག་ནས་ས་
ལ་ལྷུང་བྱུང་བར། སྟག་རོང་ལས་དམག་རྣམས་ཀྱིས་ཀི་བསྭོ་འབྲུག་ཐོང་སྒྲོག་སྒྲོག་གིས་བྱེ་རིའི་ དམག་ཉུང་སྡུམ་དེ་བྱེའུ་ཁྱུ་ཁྲ་ཡིས་གཏོར་འདྲ། བརྒྱ་ལུག་མ་བུ་འདྲེས་པ་བཞིན་ཡར་འདེད་རི་ བོའི་རྩེ་ལ་དེད། མར་འདེད་ཆུ་བོའི་གཞུང་ལ་དེད། མདའ་གྲི་མདུང་གསུམ་སུ་རྣོ་དང་དཔུང་སུ་
རྒོད་བྱས་ནས་མི་གཅིག་ཀྱང་ཕྱིར་ལོག་མེད་པ་བཟོས། དེ་ནས་ལྷ་རྒོད་གཙོས་པའི་སྟག་རོང་གི་ དམག་རྣམས་རྒྱལ་པོས་ཁ་ཕྱོགས་བསྟན་པ་བཞིན་རི་གསུམ་གྱི་འདུས་མདོ་ནས་ཨ་ཁུ་འཚོལ་
བར་ཕྱིན་པས། ཨ་ཁུ་ཁྲོ་ཐུང་ངུ་འབོད་བྲག་ཅ་འུར་རེ། སྤྱང་ཐོང་ངུ་ངུ་། ཝ་མོ་བརྒྱལ་བརྒྱལ་བྱས་
59
ནས་བསྡད་ཡོད་པ་རིག ཁོང་རྣམས་ཨ་ཁུའི་ཉེ་འགྲམ་དུ་འབྱོར་བ་དང་ཨ་ཁུ་ཚེ་ཟད་ཚེ་ལས་
ཐར་འདྲ། ཆོས་མེད་ཚེ་ཟད་དམྱལ་བར་བླ་མ་མཇལ་འདྲ། ཡི་དྭགས་བཀྲེས་སྐོམ་ཟས་དང་འཕྲད་ འདྲ། རྨ་བྱས་འབྲུག་སྐད་ཐོས་པ་བཞིན་གྱི་དགའ་སྤྲོ་དཔག་ཏུ་མེད་པ་བྱུང་ནས་ཚུར་རྒྱུག་བྱུང་ བས། རྟ་འདོ་བ་གུ་གུ་རོག་རྫོང་དེའང་ཐལ་བ་འཚུབས་སེ། ཚེར་སྐད་ལྷང་ངེ་སྟག་རོང་དམག་
སྟེང་དུ་བྱུང་། དེ་ཡོད་རྣམས་ཀྱིས་ཨ་ཁུ་རྟ་ལ་བསྐྱོན་ནས་གླིང་སྒར་དུ་བྱོན་པར། ས་རུབ་ཙམ་ དུ་སྒར་ནང་ལ་འབྱོར་བས་སོ་སོའི་ལས་གུར་ལ་སོང་། ཕྱི་ཉིན་ནམ་མཁའ་ལངས་ཤིང་རི་བོས་
གསེར་ཞྭ་གྱོན་པའི་དུས་རྔ་བརྡུང་དུང་འབུད་བྱས་བྱུང་བ་དང་གྲོས་དབང་ཡོད་པའི་དཔའ་བརྟུལ་ ཕུ་ནུ་ཚང་མ་རྒྱལ་པོའི་ལས་གུར་དུ་འཛོམས་ཏེ་རང་རང་གང་བབས་ཀྱི་གདན་ལ་བཞུགས། ཇ་ ཆང་ཤ་ཐུད་ལོངས་སུ་སྤྱོད་ཅིང་ཁ་སང་བྱེས་འགྲོའི་བླ་མ་གསུམ་གྱིས་མུ་སྟེགས་སྒོམ་ཆེན་བླ་ མའི་སྒྲུབ་ཕུག་ཐོག་གིས་གཏོར། འཁོར་གཡོག་བླ་མ་བཅུ་དེ་ས་འོག་ཏུ་གསོན་སྦས་བྱས་ཀྱང་།
སྒོམ་ཆེན་གཙོ་བོ་ཧྭ་ཤང་ཧུ་ཤུ་དེ་ཤོར་བའི་འགྱོད་གཏམ་ངང་བཞུགས་པར། གསོལ་དཔོན་མི་
ཆུང་ཁ་བདེ་དེས་རྒྱལ་པོ་དང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་མདུན་ཅོག་སྟེང་དུ་དར་དཀར་པོ་དྲི་མ་
མེད་པ་རེ་ཕུལ། ཕྱི་ནུད་གོམ་གསུམ་བྱས་ནས་ཨ་ཁུ་ཁྲོ་ཐུང་ལ་མིག་ལོག་སྐར་མདའ་ཡར་ཡར་ བྱེད་ཅིང་ཀུ་རེ་མཚར་གཏམ་གྱི་རྟ་ལ་དྲངས་ནས་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་ཨ་ལ་ལེན་པར་དོན་ཞིག་
དགོས། །ཨ་དང་པོ་ཆོས་ཀྱི་མགོ་མ་རེད། །དོན་སེམས་ཉིད་སྒྲུབ་པ་མ་ཐོབ་ན། །ཆོས་ཀྱི་སྙིང་
པོ་མ་ཎི་ཡིན། །གླུ་ཐ་ལ་བདེ་ཆེན་ཞིང་ནས་ལེན། །བདེ་ཆེན་ཞིང་ཁམས་ཐོབ་པ་ལ། །སྒོ་གསུམ་ དག་པའི་སྨོན་ལམ་དང་། །དགེ་བའི་ཆོས་ཉིད་འགྲོ་དོན་དང་། །སྡིག་པའི་ཉེས་མེད་ཕ་རོལ་
གསུམ། །འགྲོ་དོན་མཐའ་རུ་མ་ཕྱིན་ན། །མི་རྒྱུས་མེད་ལམ་ལ་འགྲོ་བ་འདྲ། །ལྐུག་པ་ཆང་གིས་ བཟི་བའི་དུས། །ཚིག་དོན་འབྲས་བུ་གཅིག་ཀྱང་མེད། །སྨྱོན་པར་ནོར་བུ་རྙེད་ནའང་། །རྒྱུ་ཡག་
ཉེས་ངོ་བོ་ག་ལ་ཆོད། །མི་རང་གི་སྐྱེ་རྒྱུད་མ་ཤེས་ན། །སྤྲེའུ་ནགས་མཐར་འཁྱམས་པ་འདྲ། །དེ་
ཁ་མཚར་རྩེད་མོ་ཡུལ་གྱི་རྒྱན། །མེ་ཏོག་ཁྲ་ཡག་སྤང་གི་རྒྱན། །ལྷ་ཤིང་ཤུག་པ་རི་ཡི་རྒྱན། །ཕུ་ ཡི་གངས་རི་རྫ་ཡི་རྒྱན། །ཉི་ཟླ་སྐར་གསུམ་གནམ་གྱི་རྒྱན། །རྒྱན་དྲུག་ནོར་བུའི་གཏམ་ཞིག་
60
ཤོད། །གླུ་འདི་མེ་ཏོག་མཚར་གླུ་ཡིན། །གཡུ་འབྲུག་མེ་གཤོག་ཐོག་དམར་ཅན། །ཨ་ཁུའི་སྤྲུལ་
པ་ཡིན་འདུག་གསུངས། །ཕྱི་དགྲ་བདུད་ཀྱི་བཀའ་སྲུང་ལ། །ཨ་ཁུས་ཐོག་མདའ་འབེབས་འདོད་
བསམས། །འདས་མེད་སྒོམ་ཆེན་གསུངས་ལེ་ལ། །ཕྱི་དགྲ་ཆམ་ལ་འབེབས་ཉིན་མོ། །ཕ་ཁུ་ནང་
དམེ་བྱེད་འདོད་དེས། །མཐུ་ཆེན་ཧཱུཾ་ཆེན་ཕཊ་སྒྲ་དེ། །དགྲ་ལ་མི་འགྲོ་རང་འཁོར་གསུངས། །དམ་ ཚིག་མེད་པའི་བླ་སློབ་དེ། །ཧམ་པ་དཀོར་ལ་བརྔམ་ལེ་གསུངས། །ཁྲོ་ཐུང་སྡར་མ་ཌཱ་རུ་མགོ །མེ་ གཤོག་ས་ལ་ཟུག་ནས་ལུས། །ལར་གཞི་གཏམ་གྱི་འདྲ་མ་ལ། །ཕོ་ཐ་བྱེས་ལ་འགྲོ་ཉིན་མོ། །ཁ་
ངུ་དང་འབྲལ་མེད་ལུས་རབས་ཡོད། །བློ་བྱིས་བློ་ཙམ་ཞིག་བསྐོར་རྒྱུ་མེད། །དགྲ་ཤིག་སྲོ་ཙམ་ ཞིག་ཐུབ་རྒྱུ་མེད། །དེ་ཟེར་ཡང་ཟེར་ལ་བདེན་ཡང་བདེན། །བདེན་མི་བདེན་ཨ་ཁུའི་ལས་ལ་
གཟིགས། །ཨ་ཀྱང་མི་ཞུ་ཀུ་རེ་ཡིན། །དེ་ནས་སྒོམ་ཆེན་ལག་ལ་ཕུལ། །བླ་མ་ཡི་དམ་སངས་ རྒྱས་གསུམ། །མཐུ་དང་དཔུང་རོགས་ལོས་ཡོད་རེད། །ལར་གཞི་སྔ་མིའི་གཏམ་དཔེ་ལ། །བླ་
མ་སློབ་མ་ཡོན་བདག་གསུམ། །དམ་ཚིག་མཐུན་དུས་ཆོས་ལ་གྱུར། །དཔོན་པོ་བློན་པོ་འོག་སྡེ་ གསུམ། །ཁྲིམས་ལུགས་དྲང་དུས་ཡུལ་སྡེ་ཕྱུག །ཨ་པ་ཨ་མ་བུ་ཚ་གསུམ། །ནང་ཁ་མཐུན་ན་ ཟས་གོས་འཛོམས། །ཟེར་བའི་དཔེ་ལྟར་བསམ་དོན་གྲུབ། །བླ་མ་ཀུན་དགའ་འཇིགས་མེད་
དང་། །སྒོམ་ཆེན་བླ་མ་འདས་མེད་གཉིས། །འཇའ་ཚོན་གུར་ཁང་འཁྲིགས་ནས་གདའ། །དགྲ་
ལྷ་ཝེར་མས་བསྐོར་ནས་གདའ། །དུས་གཅིག་གཏོར་མ་མཉམ་འཕེན་རེད། །ཧཱུཾ་སྒྲ་ཕཊ་སྒྲ་མཉམ་ སྒྲོག་རེད། །ལྷ་སྲུང་མགོན་སྐྱབས་ཆེ་ཞོར་གྱིས། །ཧྭ་ཤང་སྒྲུབ་ཕུག་ཆམ་ལ་ཕབ། །སྒྲུབ་གཡོག་ བཅུ་དེ་ས་འོག་མནན། །འོན་ཏེ་ཧྭ་ཤང་བླ་མ་ཁོ། །སྟོབས་དང་རྫུ་འཕྲུལ་ཆེ་ནས་གདའ། །མུ་
སྟེགས་ཟན་གྱིས་གཤོག་པ་བྱས། །ཤམ་ཐབས་ནག་པོས་རྔ་མ་བྱས། །བར་སྣང་དབྱིངས་ལ་
འཕུར་ནས་སོང་། །དེ་ལ་འགྲན་ཡ་མ་བྱུང་ཐལ། །དེ་མིན་བླ་མ་སློབ་མ་བཅུ། །ས་གཞི་དོང་ལ་ སྦས་ནས་སོང་། །མ་འཆི་གསོན་ལ་ཡོད་རེ་ཡིན། །གླིང་དཀར་ལྟད་མོ་བལྟ་རྒྱུ་ཡོད། །སྟོང་
གཏམ་མིན་ཏེ་འདྲ་མ་ཡིན། །ད་ཧྭ་ཤང་བླ་མས་ཅི་བྱེད་དེ། །ཤོད་ཚོད་ང་ཡིས་མ་ཤེས་ཀྱང་
། །དེ་མིན་བདུད་ཀྱི་བསམ་དོན་དེ། །མ་འགྲུབ་བར་ཆད་བཏང་ནས་ཡོད། །ཨ་ཁུ་ཁྲོ་ཐུང་རྒྱལ་ པོ་དེས། །གདོང་ལེན་གླུ་ལེན་བྱེད་པ་གཟིགས། །སྔགས་ལ་བྱེ་མ་རེག་གཅོད་དེས། །གདོང་
61
ལེན་མི་ཡོང་བསམ་པ་མེད། །ཨ་ཁུར་རྟིང་མ་ལོས་ཡོད་རེད། །བྱེས་སོང་ལོ་རྒྱུས་དེ་འདྲ་
ཡིན། །གཞིས་བྱེས་དགའ་འཛོམས་བྱུང་བ་དེ། །བསམ་དོན་མར་དཀར་དྲི་མེད་འདྲ། །མར་ཁུ་
སྟེམ་མེར་འཁྱིལ་ནས་གདའ། །རྒྱལ་བློན་དགོངས་པ་མ་ཚོམ་ཞུ། །བཟང་པོ་རྣམས་ལ་བསྟོད་ར་
དགོས། །ངན་པ་རྣམས་ལ་ཆད་པ་དགོས། །ཡར་ངོ་ལྷ་ལ་མཆོད་བསྟོད་དགོས། །མར་ངོ་འདྲེ་ལ་ གླུད་གཏོར་དགོས། །དཔའ་བོ་དཔའ་ན་དཔའ་དར་དགོས། །གཟེངས་བསྟོད་སྙན་གྲགས་གཉིས་
ཀ་དགོས། །ཆེ་བསྟོད་དར་འབུལ་གཉིས་ཀ་དགོས། །ངན་པ་ངན་ན་དམའ་འབེབས་དགོས། །རྒྱུ་ ལུས་གཉིས་ཀར་ཁྲིམས་གཅོད་དགོས། །ཕྱི་དགྲ་ནང་ལ་འབོད་དང་གཅིག །ཕ་ཁུ་ནང་དམེ་བྱེད་
དང་གཉིས། །ཇུས་ཆེན་ཕྱི་ནང་བརྗེ་དང་གསུམ། །ངན་པ་གསུམ་གྱི་བྱ་བ་དེར། །ཉེས་པ་ཅི་ཡོད་ ཐུགས་དགོངས་བཞེས། །གླུ་འཁྲུལ་བར་སོང་ན་བཟོད་པར་མཛོད། །ངག་འཆལ་བར་སོང་ན་ མཐོལ་ལོ་བཤགས། །ཞེས་མི་ཆུང་ཁ་མུག་མཆུ་མུག་མིག་བརྡ་ཟི་མ་ལིང་ལིང་གིས་རང་གདན་
སྟེང་དུ་བཞུགས་པར། མདུན་གྲལ་ཙནྡན་དམར་པོའི་ཁྲི་སྟེང་ནས། མ་བཞི་དཔོན་པོ་ཁྲོ་རྒྱལ་དེ།
ངོ་ཨ་ཡ་སྤྲེལ་དང་འདྲ་བ། ཨ་ཡ་གདའ་འདྲ་བ། ངོ་སྐེད་ཚེ་ཚེ་ར་དང་འདྲ་བ། མགོ་སྐྲ་ལོ་རིང་ ལེ། སྐེ་མཇིང་པ་ཐུང་ལེ། རྐང་ལག་ཡན་ལག་ཐུང་ལེ། ལུས་ཀྱི་གཟུགས་ཚད་ཐུང་ལེ། ཐུང་ གསུམ་ཚང་བའི་སྡར་ཐུང་། །ཨ་ར་ཐད་ལ་ཟིང་། ཨོག་ཚོམ་ཁམ་པ་ལྔ་ལྷས་དེ་འདར་ཤིག་ཤིག
མིག་ལོག་སྐར་མདའ་ཡར་ཡར། སོ་སྒྲ་གྲོ་ཡོས་འཆའ་འཆའ། རྫི་མ་འུར་ཚག་བརྡབ་བརྡབ།
ཁ་འདར་ཁོལ་མོ་འབུད་འབུད། མིག་རྩ་དམར་པོ་ཁྲག་གིས་གཡོས། རྐན་སྒྲ་བརྡབས་ནས་ང་ བསྐལ་བ་ཆགས་པའི་གངས་རྒན་ཡིན། མི་རབས་གསུམ་གྱི་མི་རྒན་ཡིན། ཆུ་རབས་གསུམ་
གྱི་རྒྱ་མཚོ་ཡིན། ང་ལ་ངན་བཤད་མཚང་འབྲུ། ཁ་བཤད་སྣ་བཤད། དམའ་ར་དམའ་འབེབས་ དེ་ཙམ་བྱས། ཁོ་ཨ་སྡུག་གཡོག་ངན་སྤྲང་ཕྲུག་ཁོ། ཕ་ལ་སྒྱེ་སྟོང་རྒྱབ་ཁུར། མ་ལ་ཐབ་སྟོང་
མགྲོན་མེད། བུ་ལ་སོ་མ་རཱ་ཛཱའི་མིང་ཐོགས་དེ། ཁྱི་རྒྱགས་ན་བདག་པོའི་ཉྭ་ནས་འཆང་། སྤྲང་
རྒྱགས་ན་རྒྱལ་པོའི་ཞེ་ལ་འཕྱ། རི་རྒྱགས་ན་ཕ་མཁར་རྩེ་ནས་བཤིག་ཟེར་བ་ལྟར་ཡིན། དེ་རིང་ ངས་ཚིག་ལན་ཞིག་མི་སྤྲོད་ཐབས་མེད་ཡིན་བསམས་པ་ན། སྤྱི་དཔོན་གྱི་དགོངས་པར། ངན་ པ་ལ་མཚང་འབྲུ། བཟང་པོ་ལ་བསྟོད་ར་ཡིན་པས། རྫུན་ཡར་བསྐྱེལ་མར་བསྐྱེལ་མང་བས་ན།
62
ཡུལ་རྒྱ་གྲོང་ཁྲག་གི་རྒྱ་མཚོ་འཁྱིལ། ཁྱིམ་བཟའ་ཚང་ཕ་གཞིས་ཐོར་དོགས་རེད། རྫུན་གཏམ་ རྐུན་གཏམ་ཁྲམ་གཏམ་གསུམ་དེ་རྒྱབ་ལ་ཞོག ལར་གཞི་ངན་པར་ཆད་གཅོད་དང་བཟང་པོར་
དཔའ་དར་དགོས་ངེས་རེད། ཁྲ་མོ་གླིང་གི་ལྷ་སྡེ་འདི། དགྲ་ཡུལ་གྱི་ས། དམག་ཆེན་གྱི་དཔུང་ ། དོན་ཆེན་གྱི་ཇུས་འདི་ཙམ་ཞིག་ལ་ཐུག ཕ་ཁུ་ནང་དམེ་བྱེད་པ་དེ་མི་དགོས་པ་ཡིན་བསམས་ ནས་འཛུམ་མུལ་མུལ་གྱིས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་སྤྱན་གྱིས་གཟིགས་ནས་བཞུགས་པར། གཡས་གྲལ་སེང་ཁྲི་དཀར་མོའི་ཡང་སྟེང་ནས། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེ། བཅོ་ལྔའི་དུང་ཟླ་
ཤར་འདྲ། གངས་རི་ཉི་མས་བཞུ་འདྲ། སྤྲིན་དཀར་གནམ་ལ་འཁྲིགས་འདྲ། འོ་མའི་རྒྱ་མཚོ་
འཁྱིལ་འདྲ་ཞིག་གིས། ཡ། འོ་ན་གླིང་དཀར་གྱི་ཕ་ཁུ་རྒྱལ་བློན་རྣམས། བཀྲ་ཤིས་པའི་མགོ་མོ།
དོན་འགྲུབ་པའི་གཞུང་ཤིང་། ད་རེས་བླ་མ་རྣམ་གསུམ་བྱེས་ལ་བྱོན། འགྲོ་དོན་བསྒྲུབ་དང་མ་
བསྒྲུབ་རེད། ཕྱུག་པོ་བ་མོའི་ནོར་ཞོ་དེ། དབྱར་གསོག་ཡོད་དང་མ་ཡོད་རེད། ཕྱུག་ར་ལུག་མ་ ཤི་འཚམས་པོ་ཡིན། ཕོ་རབ་བྱེས་འགྲོ་བྱེད་ལེ་དེར། རྟིང་མ་བྱུང་དང་མ་བྱུང་ཡང་། རང་མགོ་ ཐོན་ན་ཕོ་རབ་ཡིན། དེ་མིན་ཅི་ཞུ་ལར་གྱིས་མེད། ང་དགྲ་ལྷའི་བསམ་པ་འདི་འདྲ་ཡོད། ངན་
པ་རྣམས་ལ་ཆད་པ་དེ། ངེས་པར་བྱུང་ན་དགོས་ངེས་རེད། གླིང་ཕ་ཁུ་རྣམས་ལ་ཐུག་ལེ་ཡིན།
ལུས་གཟུགས་ཆད་པ་མ་ཉན་ན། རྒྱུ་ཡི་ཉེས་པ་དེ་དང་གཅིག གཏམ་ངན་མིང་གི་ཆད་པ་གཉིས། དུས་ཕྱིར་སྤང་བླང་རྒྱབ་བསྐྱུར་གསུམ། ཁས་ལེན་དམ་བཅའ་དགོས་ལེ་གདའ་ཞེས་གསུངས་
ནས། དཔའ་དར་གཟེངས་བསྟོད་དང་ངན་པར་བཀའ་བཀྱོན་གནང་བའི་དཀར་མོ་དྲུག་འགྱུར་ གྱི་རྟ་ལ་དྲངས་ནས་གླུ་བླངས་པར་གདའ་འོ །། །།
63
ལེའུ་བདུན་པ། ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་གླུ་ཡི་མཆོད་པ་རེད། །ཐ་ལ་ཆོས་ཀྱི་སྙིང་པོ་རེད། །ས་འདི་
དང་ས་ངོ་མ་ཤེས་ན། །བྱང་ལ་དྭགས་ཧོར་སོག་ས་མཚམས་རེད། །སྨད་རྒྱ་ནག་ཟི་ལིང་གནམ་
ཁྲི་གཅིག །བྱང་གྲུ་གུ་ཐོག་རྒོད་རྒྱལ་པོ་གཉིས། །ལྷོ་བོད་ཡུལ་དབུས་གཙང་རུ་བཞི་གསུམ། །ས་ དེ་གསུམ་འདུས་པའི་ས་མཚམས་རེད། །བྱང་བྱེ་རིའི་གཡུ་ཐང་ཁྲ་མོ་རེད། །མཁར་སྐྱིད་པོ་ལྷ་ གུར་ནང་བཅུད་ན། །རྗེ་སངས་རྒྱས་བླ་མ་གེ་སར་བཞུགས། །དཔའ་མི་འགྱུར་དཔའ་བརྟུལ་
བརྒྱད་ཅུས་བསྐོར། །དགྲ་ཕྱོགས་བཞིའི་བདུད་བཞི་འདུལ་ས་རེད། །བདུད་ནག་པོ་བྱེ་རིའི་ས་
ཆ་ལ། །ཕོ་རྒོད་པོ་བྱེ་རི་སྟག་རྩེ་དེས། །མ་སེམས་ཅན་ཀུན་ལ་གནོད་འཚེ་བསྐྱལ། །བོད་སྒང་ པའི་ཆོས་དེ་དགྲ་རུ་འཛིན། །གླིང་ཁྲ་མོའི་རྒྱལ་བློན་ཁ་ཡ་བྱས། །དཔའ་ཡ་མེད་ཁྲག་གི་འཁོར་ ལོ་བསྐོར། །ཆོས་དགེ་མེད་སྡིག་པའི་ཕ་ཡུལ་རེད། །ཕོ་ང་འདྲ་ང་ངོ་ལོས་ཀྱང་མཁྱེན། །གླིང་ འབུམ་པའི་དགྲ་ལྷ་རྩེ་རྒྱལ་ཡིན། །རྗེ་གེ་སར་བླ་མའི་ཚ་བོ་ཡིན། །གླིང་དཔའ་བརྟུལ་བརྒྱད་
ཅུའི་མགོ་འཛིན་ཡིན། །ཤར་ཁྲ་མོ་གླིང་རུའི་ཡ་བདག་ཡིན། །དགྲ་མ་ཐུབ་གཉའ་ནས་གནོན་མི་
ཡིན། །གཉེན་མ་ནུས་མཐའ་ནས་སྐྱོང་མི་ཡིན། །མ་སེམས་ཅན་འཁོར་བའི་སྙིང་བཅུད་ལ། །ཆོས་ སངས་རྒྱས་བསྟན་པའི་སྙིང་པོ་ཡིན། །ཡུལ་འདི་ན་གླིང་རུའི་ལྷ་སྒར་བབ། །བབ་ནས་ཉི་མ་ཚུན་ ཆད་ལ། །དགྲ་མ་ཐུབ་གོང་ལ་ཤོར་བ་མེད། །དུས་ཁ་སང་ད་ནངས་ཉི་མ་བཅུ། །གླིང་བླ་མ་རྣམ་
གསུམ་རི་ལ་བྱོན། །བདུད་མུ་སྟེགས་ཧྭ་ཤང་བླ་མ་དེ། །མཚམས་སྒྲུབ་མཐུ་གཏོར་ནད་ཡམས་
གསུམ། །གཏོར་ཁ་ཁྲ་མོ་གླིང་སྒར་གཏད། །མེ་ཕར་འབུད་ཨ་ར་ཚུར་འཚིགས་རེད། །དགྲ་ཕར་
རྒྱག་མགོ་སྐེ་ཚུར་གཅོད་རེད། །ནོར་ཕར་འཕྲོག་རྐུ་ཇག་ཚུར་ལ་ཤོར། །གླིང་ཁྲ་མོ་དོན་ཆེན་གྲུབ་ པ་དེ། །ལྷ་སངས་རྒྱས་བདེན་ཚིག་བཀའ་དྲིན་ཆེ། །སྐྱབས་དཀོན་མཆོག་གསུམ་ལ་བསླུ་བ་
མེད། །ལས་བདེན་རྫུན་དཀར་ནག་དེ་ཡིས་འབྱེད། །བདུད་ནག་པོའི་རྒྱུ་ལ་རྒྱུ་ཕུགས་མེད། །ནམ་ ལངས་དུས་རྩྭ་རྩེའི་ཟིལ་པ་འདྲ། །ཉིན་ཤར་དུས་རྩྭ་སྐམ་ཆུ་སྐམ་ཡིན། །བདུད་ནག་པོའི་མི་ལ་
ལས་དབང་མེད། །དཔའ་རྒོད་རྒོད་སྟག་གཟིག་ཁ་སྤྲོད་ལ། །གླིང་ཁྲ་མོས་མི་འདུལ་ཐབས་མེད་
64
ཡིན། །དུས་ཁ་སང་བདུད་ཀྱི་བླ་མ་གཏོར། །མཐུ་གར་གཏད་བདུད་ཀྱི་སྒྲུབ་ཁང་གཏོར། །དུས་ ད་རེས་བསམ་དོན་གྲུབ་ལེ་ཡིན། །གླིང་ལྷ་སྡེ་ཁྲ་མོའི་ནང་བཅུད་ནས། །ཁྱོད་ཨ་ཁུ་སྒོམ་ཆེན་
འདས་མེད་གཅིག །བླ་མ་ཀུན་དགའ་འཇིགས་མེད་གཉིས། །གལ་ཆེན་པོའི་དོན་ཆེན་བསྒྲུབས་ ནས་གདའ། །དགྲ་སྒོམ་ཆེན་ཧྭ་ཤང་བླ་མ་དེ། །མཐུ་མན་ངག་ཡོད་ན་དེ་ཡིས་ཆོག །དུས་དེ་
ནས་གླིང་གི་བླ་མ་ལ། །རྟ་རེ་ཁྲབ་རེ་བེར་རེ་དང་། །སེར་པོ་གསེར་གྱི་བརྒྱ་འབུལ་རེ། །ཁམ་པ་ དངུལ་གྱི་སྟོང་འབུལ་རེ། །དཀར་དམར་དར་ལ་དགུ་ཚན་རེ། །དཔའ་དར་གཟེངས་བསྟོད་ལོས་
ཡོད་རེད། །མ་བཞི་དཔོན་པོ་ཁྲོ་རྒྱལ་དེས། །ཕྱི་འདྲེན་ནང་འཚོང་བྱས་བྱས་དེ། །དཔེ་བཞག་ན་ འདྲ་མ་ཨེ་འདྲ་གདའ། །ལྷ་བླ་མ་ཅི་སྒོམ་ཆོས་ལ་བསྒོམས། །ཆོས་ཉམས་རྟོག་གྲུབ་པ་མ་ཐོབ་
ན། །དཀོར་ནག་པོ་ཧ་ལོ་བཙན་དུག་རེད། །ཁ་ནས་ཟ་དུས་ཁོག་ནས་འཚིགས། །སྒོམ་ཆེན་བླ་མ་ ཡོན་བདག་ཅན། །རོ་རིག་དུས་བླ་མ་གསེར་ཞྭ་ཅན། །རྒྱུ་རིག་དུས་ཨ་ཕོ་ལྟོ་སེམས་ཅན། །ལས་ འདྲེན་འདོན་བླ་མའི་བྱ་བ་རེད། །དཔོན་ཁྲེལ་མེད་འོག་སྡེའི་རྒྱུ་ལ་རྔམ། །ཕོ་བཙན་པོ་རིག་དུས་ འཛུམ་མུལ་མུལ། །དམའ་གཉོ མ་ཆུང་རིག་དུས་མིག་ལོག་བྱེད། །དཔོན་ཨ་ཁུ་ཕྱི་འཇམ་ནང་
རྩུབ་དེ། །ཁྱོད་གྲོད་སྤུ་སུལ་མང་ཅིས་མི་འདྲ། །གྲོད་སྤུའི་རྩུབ་དེ་ནང་ལ་ཡོད། །མི་ངན་ངར་དེ་ ནང་ལ་ཡོད། །དྲིན་ཕ་མའི་སྟེང་ལ་རལ་གྲི་འཕྱར། །གཉེན་ཉེ་བའི་སྟེང་ལ་དགྲ་ལས་རྩུབ། །མ་ ཨ་སྲུའི་སྟེང་ལ་མེ་རྒྱུག་འཁྱེར། །ཁྱི་ངན་རྒྱགས་དུས་བདག་པོར་འཆང་། །རྟ་ངན་རྒྱགས་དུས་
གད་པར་མཆོངས། །ལས་ཨ་ཁུས་མ་བྱས་གཅིག་ཀྱང་མེད། །ཁྱིམ་ནང་ཚང་བསམ་པ་མ་མཐུན་ པས། །ནོར་ལུག་ཐོར་ཞིང་མུ་གེ་བྱུང་། །དཔོན་སྡེ་སེམས་ཁམས་མ་མཉམ་པས། །ཡུལ་ལུང་
པ་གྱོད་ཀྱི་གཞི་རྩ་འཁྲུག །དེ་ཨེ་རེད་སྟག་རོང་དཔོན་པོ་ལགས། །དུས་ད་རེས་སྟག་རོང་དཔོན་ པོ་ལགས། །དུས་ད་རེས་ལུས་ཐོག་ཆད་པ་དེ། །མི་གཏོང་ཕ་ཁུའི་ངོ་ལ་བལྟ། །དེ་ཕན་ད་དུང་ དེ་བཞིན་ལས། །ལས་བསམ་ངན་ཁོག་ངན་ཚིག་ངན་གསུམ། །ལས་དེ་འདྲ་ཐོན་ན་ཅི་དགོས་
བལྟ། །གླུ་གསན་ན་གླིང་རུའི་ཐུགས་ལ་ཞོག །མ་གསན་གླུ་ལ་འཁྲུལ་བ་མེད། །ཅེས་བཀའ་དེ་
ལྟར་གནང་བར། བུ་ལྷ་རྒོད་ཀྱི་དགོངས་པར། ངའི་ཡབ་ཁྲོ་ཐུང་འདི། མི་བྱེད་དགུ་བྱེད་བྱེད་པ་
སྤྲེལ་དང་འདྲ། སྤྲེལ་རྒན་ཤིང་རྩེར་སོང་ན། ཤིང་སྡོང་པོའི་ཡལ་ག་མི་ཚང་། བྱ་ཁྭ་ཏས་དབྱར་ཟླ་
65
ཚེས་ན་སྐད་མི་རྒྱག མི་ངན་བསམ་པ་མི་ཁྱོག གནའ་རྒན་མོས་རྭ་ཅོ་མི་ཁྱོག་ཟེར་བ་ལོས་ཀྱང་
བདེན། ཕ་ཨ་ཁུས་ཁ་སང་བྱ་བ་བཟང་པོ་ཞིག་ལ་སོང་ན། ཧྭ་ཤང་ཧུ་ཤུ་བླ་མ་དེ་ཤོར་དགོས་པའི་ རྩ་བ་མེད། ད་གླིང་རུ་བཀྲ་ཤིས་ཀྱི་ལས་ཀ་དེ་ཕ་ཁྲོ་རྒྱལ་གྱིས་མ་བཟང་གཏམ་ངན། མི་ངན་ཕྱི་
ལ་སོང་། གཏམ་ངན་ནང་ལ་ཁྱེར་ཟེར་བ་ཞིག་བྱུང་འདུག་བསམས་ནས་ཅི་ཡང་མ་གསུངས་པར་ བཞུགས། དེ་ནས་གླིང་ཕ་ཁུ་ཕུ་ནུ་རྣམས་ལ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་གསུངས་པ་ལྟར་དཔའ་
དར་གཟེངས་བསྟོད་མཛད། བླ་མ་རྣམ་གཉིས་ལ་གསེར་ལེབ་ཆེན་མགུར་མོ་བརྒྱ་རེ་དང་དངུལ་
ཁམ་པ་མགུར་མོ་སྟོང་རེ་དང་དར་དགུ་ཚན་རེའི་གཟེངས་བསྟོད་མཛད་ཅིང་ལྷ་ངོ་མཆོད་བསྟོད་ བྱེད་པའི་དུས། སྟག་རོང་དཔོན་པོ་ཁྲོ་ཐུང་དེ་ཁྱི་རྒན་སྐྱག་རལ་ཟིང་ཟིང་། ཁ་ལ་ཆུ་ཐིགས་མ་
རག་པ་འདྲ་ཞིག་གིས་སྡོད་པ་ལས་ཁ་གྲག་རྒྱུ་མ་བྱུང་། དེའི་དུས་བྱང་བྱེ་རིའི་སྟག་རྩེ་རྒྱལ་བློན་ རྣམས་ཕོ་བྲང་ནང་དུ་འདུ་འཛོམས་བྱས་ཏེ། དགྲ་མ་ཐུབ་ཕྱི་དགྲ་ནང་ལ་ཤོར། ལོ་ཨ་ལོང་འདྲ་ ཞིག་ཕྱེད་གསུམ་འཁྲུགས། ད་རུང་དགྲ་ཐག་མ་ཆོད་གདའ། དགྲ་ཐེངས་རེ་འཐབ་ན་རང་དམག་
ཇེ་ཉུང་རེད། ཡུལ་སྡེ་ཕྱེད་ཙམ་བརླགས་ནས་ཚར། བློན་པོ་ཇེ་དྲག་མགོ་སྐེ་ཤོར། ཤར་ལྷོ་ནུབ་ བྱང་ཕོ་བྲང་དེ། གླིང་རུའི་དམག་གིས་མཐའ་ནས་བསྐོར། ད་ཅི་དགོས་ཅི་བཟང་ཟེར་ནས་གྲོས་ གླེང་ཞིབ་རྒྱས་མཛད་པའི་དུས། བློན་པོ་བྲམ་ཟེ་ཨ་རྒྱལ་གྲགས་པ་དེ་ཡིས། གཡས་གྲལ་གྲལ་
གྱི་གྲལ་མགོ དམར་ཡག་འཛུམ་དྲུག་གདན་སྟེང་ནས་ཡར་ལངས། དར་དཀར་པོ་དྲི་མ་མེད་པ་ ཞིག་རྒྱལ་པོའི་མདུན་ཅོག་སྟེང་དུ་བཞག་ནས། ཡ། ད་རྒྱལ་པོ་དང་བཙུན་མོ། སྲས་པོ། བློན་
ཆེན་འགའ་རེ་ལས་ལྷག་མེད། ད་ཟ་སྐལ་སྐེ་ལ་ཐུག འགྲོ་སྐལ་པུས་མོར་ཐུག དགྲ་བོ་སྒོ་ཟུར་ ལ་བབ། རྒྱལ་པོ་དང་། བཙུན་མོ། བློན་པོ། སྲས་ཆུང་བཅས་ཀྱི་བདེ་ཐང་དང་། རྒྱུ་ཕ་གཞིས་
རང་དབང་མི་ཡོང་བ་ཐག་གིས་ཆོད། ང་བློན་རྒན་གྱིས་བསམ་པ་དཀར་པོའི་གཏམ་ཚིག་དེ་སྔ་ ཞུས། འོན་ཀྱང་ཁྱེད་རྣམས་ལ་གཏམ་བཤད་རྡོ་ཐོག་ཆུ་འབབ་འདྲ། དོན་བདག་པོ་གཅིག་ཀྱང་ མ་འཕྲོད་ལུས། ད་དུང་ང་རྒད་པོའི་བསམ་ཚུལ་བྱས་ན། རང་མཁར་བཞག་ནས་གཞན་མཁར་
འགྲིམས། ས་མཐའ་འགྲིམས་ནས་སྡེ་མཐའ་མྱུལ། རང་ཟས་བཞག་ནས་མི་ཟས་སློང་བ་ལས།
སྲོག་མགོ་མི་ཐོན་ཐག་གིས་ཆོད། གླིང་རུ་ཟེར་བ་དེ་ལས་སླ་པོ་ཞིག་ག་ནས་ཡིན། གླིང་གི་གེ་
66
སར་ཟེར་བ་དེ་སྟོང་ཉིད་འཇའ་དང་མཉམ་ཤར། རྫུ་འཕྲུལ་རླུང་དང་མཉམ་འཚུབས། འཕུར་ན་ བྱ་དང་མཉམ་འཕུར། བབ་ན་ཆུ་དང་མཉམ་བབ། འབར་ན་མེ་དང་མཉམ་འབར། འབྱུང་བ་ལྔ་ལ་
རང་དབང་ཐོབ། སྟེང་ལྷ་ནས་བསྐོས་པའི་ལྷ་ཕྲུག ལྷ་ཆེན་ཚངས་པ་དཀར་པོའི་ལྷ་སྲས། ཤཱཀྱ་ ཐུབ་པའི་བཀའ་སྲུང་། པདྨ་འབྱུང་གི་ཕོ་ཉ། སྒང་པ་བོད་ཀྱི་བསྟན་འཛིན། དགྲ་ནག་པོ་གཉའ་
ནས་གནོན་མི། བདུད་ནག་པོའི་བླ་སྲོག་གཅོད་མི། ལྷ་སངས་རྒྱས་སྟོང་གི་ཐུགས་སྲས་ཡིན།
དེ་ལ་ཁ་ཡ་བྱེད་པ་མ་བཟང་ཐག་ཆོད་ཡིན། གླིང་གི་དཔའ་བརྟུལ་བརྒྱད་ཅུ་ཟེར་བ་དེ། རྒྱ་གར་
གྲུབ་ཆེན་བརྒྱད་ཅུའི་སྤྲུལ་པ་ཡིན་པས་འཆི་རྒྱུ་བརླག་རྒྱུ་ཅི་ལ་ཡོད། ཞག་རེ་གཉིས་སོང་ན་ཇེ་ རྒོད་དང་ཇེ་བཙན་ལས་མེད། ད་རུང་ས་བཙན་དང་ཆུ་བཙན། ས་རོང་དང་ཆུ་རོང་བཀག་ན། ལུང་མདོ་གསུམ་ཁྲག་གི་རྒྱ་མཚོ་འཁྱིལ་ལེ། རི་ཐམས་ཅད་རོ་ཡིས་བཀང་ལེ་ཞིག་ཡོང་ངེས་
ཐག་གིས་ཆོད། ཁྱོད་རྣམས་བློ་ལྷིང་ལྷིང་དང་ཆང་ཨ་རག་གཉིས་ལ་བཟི་བཏུང་དང་། ཤོ་སྦག་ གཉིས་ཀྱི་རྩེད་མོར་གཡེང་། ཡུལ་སྡེ་ཕྱེད་མེད་དུ་སོང་ཟིན། ད་གང་དྲག་གི་གྲོས་གླེང་བྱེད་པར།
ང་མི་རྒན་གྱི་བསམ་ཚུལ། མིག་ཁྲ་ཆུང་གིས་རིག་ཚོད། གངས་དཀར་སེམས་ལ་བསམ་ཚོད་ གང་བྱས་ཀྱང་གླིང་རུའི་དགྲ་ལ་ཐུབ་རྒྱུ་མེད། ད་དེ་བས་ཁྱོད་རྣམས་ཀྱིས་ཡུལ་མཐའ་བསྐོར།
སྡེ་མཐའ་ཉུལ། རང་ཡུལ་བཞག་ནས་མི་ཡུལ་འགྲིམས་ན་དགའ་ཟེར་བར། བཙུན་མོའི་རྣ་བ་
གཡས་ནས་གཡོན་ལ་སོང་སྟེ་དགའ་འཛུམ་མུལ་ལེར་བཞུགས། ཨ་ཙི་བློན་ཆེན་དེ་བསྐལ་བ་
སྟོང་ལ་དྲིན་ཆེ། ངེད་རྒྱལ་པོ་དང་བཙུན་མོ། གཉེན་ཕུ་ནུ། སྲས་དང་སྲས་མོ་ཐམས་ཅད་ལ་ཕན་ ཐོགས་པ། སྲོག་སྐྱབས་མགོན་ཞིག་ཡོང་བ་ཐག་ཆོད་རེད། དེ་ལོས་ཀྱང་བདེན་བསམས་པར། རྒྱལ་པོ་དེ་སྔར་རབ་སྨོན་ལམ་ལོག་འདེབས་ཀྱི་དབང་གིས་ཆས་ངན་ལུས་ངན་གྱི་སྡུག་བསྔལ་ ལས་དབང་མ་རྫོགས་བར་དུ་ཚོད་འཛིན་མི་བྱེད་པས་སྨད་ཁྲག་སྟོད་ལ་འཕྱུར། སྟོད་ཁྲག་ངོ་
ལ་འཕྱུར། ང་རྒྱལ་གྱི་དུག་ཆུ་ཁོལ་ནས། ཁྱོད་མི་རྒན་ལོ་ན་མཐོ་ལེ་དེས། མ་བྱེད་མ་འགྲོ་མ་ འཐབ་གསུམ། སྙིང་མེད་ཞུ་བའི་སྡར་གཏམ་རེད་ཅེས་ཟེར་ཏེ་ཚིག་ཟུར་ཙམ་ཡང་མ་ཉན་པར།
ད་དེ་བས་ཤར་ལྷོ་ནུབ་བྱང་གི་ཕ་མཁར་རྫོང་ཆེན་བཞི་དེར་བརྡ་གཏོང་ཅིས་མི་བྱེད་ཟེར་ཏེ་ཕུ་ ཤར་དབུགས་ཀྱིས་མི་ནོན། རང་ངར་རང་གིས་མི་ནོན་པར་བསྡད། དེའི་དུས། བྱང་ཨ་ལུང་
67
སྟག་ཁྲི་ཐང་གོང་ནས། གླིང་དཀར་ལྷ་སྡེ་དཀར་པོ། བར་གླིང་འོམ་བུ་ཚོ་དྲུག་གི་དཔུང་དམག་ དེ། འཇང་སྲས་གཡུ་ཁྲི་གུང་རྒྱལ། འཇང་སྟག་ལྷ་ཁྲི་བཙན། བློན་ཨ་དཀར་དོམ་བུ་ཡ་མེད། གུང་པ་བུ་ཡི་སྤྱང་ཁྲི། གུང་པའི་གནམ་ལྷ་ཐོག་འབེབས་བཅས་པས་དམག་སྣེ་ཁྲིད་ནས་སྨུག་
ཁྲིགས་སེ་བཤར་བྱུང་བར། ལྷོ་བདུད་བཙན་རྒྱལ་ཡ་མེད་དེ་ཡིས། རྟ་ཕོར་སྒ་སྲབ་ཁྲིགས་སེ།
མི་ཕོར་འཁོར་གསུམ་ཁྲིགས་སེ། རྨོག་འཕྲུ་ནག་པོ་སྤྲིན་ནག་འཁྲིགས་པ་ལྟར་དམག་སྣེ་དྲངས་ ནས་གཡའ་ལུང་གཡའ་མ་ནས་ཚུར་ཡོང་བ་གཉིས་གདོང་ཐུག་བྱུང་བར། བཙན་རྒྱལ་ཡ་མེད་ དེ་ཡིས་དམག་ཆེན་རྣམས་ལྷོད་ཙམ་དགོས་པའི་དུང་བརྡ་བཏང་། རྟ་ཁ་བཀག་ནས་ཡོབ་ལང་
བརྒྱབ་ཏེ་འཇང་སྲས་གཡུ་ཁྲི་གུང་རྒྱལ་དེ་ལ་གར་འགྲོ་གར་སྡོད་འཇིགས་གཏམ་གྱི་གླུ་འདི་བྱང་ གླུ་བསེར་མ་རླུང་འཁྱེར་གྱི་རྟ་ལ་དྲངས་ནས་བླངས་པར་གདའ་འོ ། །
གླུ་བསེར་བསེར་ཟེར་བ་བྱང་གི་གླུ། །བྱང་སྔ་རབས་ད་རབས་བསེར་གླུ་ལེན། །ས་འདིའི་
ས་ངོ་མ་ཤེས་ན། །ས་བྱང་སྟོང་ན་དམར་སྟག་ཐང་རེད། །རི་རྔམ་ཆེན་འབྲོང་གི་འགྲིམ་ལམ་
རེད། །ཐང་ན་ཐང་རྐྱང་གི་བཤར་ལམ་རེད། །རྫོང་རི་རྒྱལ་སྟག་རྩེ་གོང་མ་རེད། །ཕོ་ང་འདྲ་ང་ ངོ་མ་ཤེས་ན། །བྱང་ཨ་ཐའི་རུས་སྦལ་གནམ་རྫོང་ནས། །བཙན་དམར་པོ་འདྲ་བའི་དཔའ་བོ་ ལ། །ཤ་དམར་པོ་ཟ་འདོད་ཆེ་ལེ་ཡོད། །དགྲ་ཐོག་རླུང་དམར་འཚུབ་ཤུགས་ཆེ། །ཕོ་བཙན་
གསུམ་བཙན་གྱི་དཔའ་བོ་ང་། །དམག་ཁྲི་ཚོ་གཉིས་ཀྱི་ཡ་བདག་ཡིན། །གཡས་རུ་འདྲེན་པའི་ དཔའ་བོ་ཡིན། །རྗེ་གཡུལ་རྒྱལ་དཔོན་གྱི་ནང་བློན་རེད། །མིང་བོས་ན་བཙན་རྒྱལ་ཡ་མེད་
ཡིན། །རྟ་འདོ་བའི་བང་ལམ་འབྱེད་ཉིན་མོ། །རྒྱུག་ཟེར་ན་བང་ཁ་རླུང་དང་མཉམ། །མདའ་ཉག་ ཕྲན་མཐེབ་མགོ་གནོན་ཉིན་མོ། །བར་སྣང་གནམ་ལྕགས་ཐོག་ལས་མྱུར། །མདུང་སྐྱ་རིང་ཕྲེད་
སྐོར་བྱེད་ཉིན་མོ། །གནམ་སྐར་མདའ་བྲག་ལ་ཐེབས་པ་འདྲ། །མཚོན་རྣོན་པོའི་སོ་ཁ་འགུགས་
ཉིན་མོ། །ཐར་མི་སྲིད་གཤིན་རྗེའི་ཁྲམ་དང་འདྲ། །ཞགས་ཨ་ལོང་གཡུག་རྩལ་འབྱེད་ཉིན་མོ། །ཉ་ གསེར་མིག་ལྕགས་ཀྱུས་ཟིན་འདྲ་ཡིན། །རྡོ་གོར་མོའི་རྩལ་ཤུགས་འགྲན་ཉིན་མོ། །ཐོག་དམར་ པོ་རྫ་ལ་ཕོག་པ་འདྲ། །དཔའ་དཔུང་པའི་ཁྲབ་དཀར་ཐོང་འཛིང་དེ། །བྱ་ཁྱུང་ཆེན་དུག་སྦྲུལ་མཆུ་ འཁྱེར་འདྲ། །ངས་སྟོང་གཏམ་མིན་ཏེ་ཡིན་ལུགས་ཡིན། །ཡ་ཁོ་རེ་ལམ་ཐུག་སྔོ་ནག་སྐྱ། །རྟ་
68
སྔོ་ནག་ཆུ་ནང་ཆུ་རྡོ་འདྲ། །སྟོབས་ཆུ་སྲིན་བང་ལ་ཨེ་འགྲན་ནམ། །ཉ་གསེར་མིག་གྲམ་ལ་དོན་ པས་ན། །བྱ་འདབ་ཆགས་འཕུར་ལམ་ཨེ་ཟིན་ནམ། །མི་སྔོན་པོ་ནམ་མཁའི་གཡུ་འབྲུག་
ཆས། །ལུས་མེ་གཤོག་སྤྲིན་ལམ་བཤར་ཐབས་དཀའ། །མདའ་འཕེན་རྩལ་ཁྲོ་ཆུ་དམར་པོ་ དེས། །བྲག་རྡོ་རྗེ་བཤིག་ན་སྟོབས་ཆེན་ཡིན། །མི་ངར་མས་ཁྲོ་ཆུ་འཕེན་ཞན་རེད། །མཚོན་ སྔོན་མོས་མི་ཆོད་ལྕགས་སྲོག་ཡིན། །ཁྱོད་རྒོད་རྒོད་ངར་ངར་ཧམ་པ་ཆེ། །སྒང་ལ་ཁའི་སྤྱང་
ཀི་འཆི་ཁ་དེར། །ལུག་གཡང་དཀར་རྩྭ་ལམ་འགོག་རབས་ཡོད། །རྫི་རྒོད་པོས་སྤྱང་ཀིའི་ཀླད་ ཁྲག་གཏོར། །བྱང་ཇག་པ་བཙོན་རར་ཚུད་ཁ་དེར། །དཔོན་ཆེན་པོའི་ཆིབས་རྟ་དེད་རབས་
ཡོད། །ཁ་སྐྱག་དྲི་འཚུབས་སེ་རང་ལུས་ཕུང་། །དུས་ད་ནངས་ཉི་མའི་སྔ་དྲོ་ལ། །ང་རང་མཁར་
ཕ་ཡུལ་ཕ་མཁར་དེ། །ཁྱོད་སྔོན་པོས་ཧམ་བཟུང་ཅི་ལ་བྱེད། །ཁྱོད་ལྷོ་རྟ་བྱང་ལམ་རྒྱུག་འདོད་ དེ། །ལུས་སུག་བཞི་བརྩེད་པའི་སྔ་ལྟས་རེད། །ཁྱོད་ལྷོ་མི་དཔུང་པ་བྱང་ལ་འཕུར། །བྱང་རྒོད་ སྟག་མོའི་ཁ་ཟས་བྱེད། །ལྷོ་མགོ་རིང་བློན་རྒན་རྐང་རིང་པ། །འགྲོ་མ་མྱོང་བྱང་སྟོང་ལ་ལུང་
འགྲིམས། །ལུས་ཤ་འབུ་བྱང་རླུང་འཁྱགས་ལ་སྦྱར། །ཁྱོད་ལྷོ་མི་ཁྲེལ་མེད་ལུགས་མེད་ཚོ། །གླིང་ ཕོ་ཁྲམ་རྐུན་མ་རྒྱུ་ཟན་དེས། །ཇུས་རང་ས་མ་ཟིན་བྱང་མཐའ་འགྲིམས། །བྱང་དཔའ་བོ་གནམ་ ལྕགས་ཐོག་ལས་མྱུར། །དམར་ཐར་རེ་བྲག་དམར་གཏོར་ལས་སླ། །ཨེ་ཟེར་ལྟོས་དང་དགོད་
རེ་བྲོ། །གླུ་ལན་ཡོད་ན་ལ་མོ་གྱིས། །མཚོན་རྣོ་པོ་ཤུབས་ཁ་སྤར་ལོང་མེད། །རྟ་མགྱོགས་པའི་ ཁ་རུ་དཀྲུག་ལོང་མེད། །གོ་ཨེ་བྱུང་མི་སྔོན་རྟ་སྔོན་སྐྱ། །ཟེར་བར། འཇང་སྲས་གཡུ་ཁྲི་གུང་
རྒྱལ་དེས། ཡ། ཁྱོད་རང་ཟེར་བ་དེ་རང་རེད། །རྟ་གསར་རྒྱུག་འདོད་ཆེ་ལེ་དེ། །རྔུལ་ཆུས་ཁེངས་ དུས་མཚར་མོ་ཡོད། །ཕོ་གསར་དཔའ་འདོད་ཆེ་ལེ་དེ། །མགོ་སྐེ་ཤོར་ན་འགྱོད་པ་ཆེ། །ཚོང་
གསར་རྒྱུ་ངོམ་བྱེད་པ་དེ། །ཚོང་གཏམ་མང་ན་གྱོད་ཀྱི་གཞི། །མོ་གསར་རྒྱུ་ལ་མ་དགའ་ན། །སྤྲང་ ལུས་ལེན་དུས་རང་རྒྱུད་ཕུང་། །ཨེ་རེད་མ་རེད་བསམ་བློ་ཐོང་། །ཁྱོད་ཀྱིས་ཟེར་བ་དེ་རང་
ཡིན། །ས་འདིའི་ས་ངོ་མ་ཤེས་ན། །མིག་རིག་མེད་དེ་རྣ་ཐོས་རེད། །སྔ་རབས་མ་ཤེས་ད་རྒྱུས་
ཡོད། །ནམ་མཁའ་སྟོང་པའི་བྱ་ལམ་དེར། །འཕུར་ལྡིང་གཤོག་རྩལ་མ་སྦྱངས་ན། །མཐོ་དམའ་ སྟོང་ལམ་ཤེས་ལེ་མེད། །ས་གཞིའི་སྟེང་གི་རྒྱ་གྲོང་དེར། །མི་ལ་སྐད་ཆ་མ་དྲིས་ན། །ས་མིང་
69
སྡེ་མིང་ཤེས་ལེ་མེད། །དགོན་ཆེན་ཁྲ་མོའི་གྲྭ་ཚང་དེར། །ཆོས་བཤད་དབང་བསྐུར་མ་བྱས་
ན། །ལྷ་ངོ་ཆོས་ངོ་ཤེས་ལེ་མེད། །དགྲ་འཐབ་དམག་ལས་མ་བྱས་ན། །དཔའ་བོ་སྡར་མ་ཤེས་
ལེ་མེད། །དང་པོ་ལྷོ་ཡི་མི་རྒོད་གཞུང་། །གླིང་ས་བཟུང་བ་དང་པོ་རེད། །དེ་ནས་རྫ་སྤང་མེ་རི་ གཞུང་། །དམག་ས་བཟུང་བ་གཉིས་པ་རེད། །དེ་ནས་དཀར་ཆུ་རྫ་ཆུ་གཞུང་། །རྟིང་མ་ཡོད་པ་
ངོམ་ས་རེད། །གསུམ་པ་རི་སྟོད་བྱང་སྦལ་ཡུལ། །རྫོང་བཙན་བུ་བཙན་དམག་བཙན་གསུམ། །བཙན་ པོའི་སྒོ་ཟུར་འགྲིམ་ས་རེད། །ང་འདྲ་ཁྱོད་ཀྱིས་མ་ཤེས་ན། །ཡ་ཐོད་སེང་ཁྲི་ནང་བཅུད་དང་། །སྐུ་ མཁར་གསེར་རི་འབྲུག་རྫོང་གཉིས། །ཕ་མཁར་ལྕགས་ལུང་རིང་མོ་གསུམ། །དུག་ཆེན་གནམ་ མཚོའི་མཚོ་ཁ་ནས། །དུག་མཁར་ལྕགས་རལ་རྩེ་གསུམ་ནས། །ས་དམ་རྒྱལ་རྒྱུད་འཛིན་མི་
ལ། །འཇང་སྲས་གཡུ་ལྷ་གཡུ་ཁྲི་གཉིས། །དུག་ཆུ་ནག་པོ་མཚོ་ཆེན་དེ། །དམུ་བདུད་འཁོར་ བའི་ཕ་ཡུལ་རེད། །དཔའ་བོ་རྨོག་དཀར་གྱོན་འདྲ་ཡོད། །དེ་ཡི་མཛེས་རྒྱན་འདྲ་མ་ལ། །ན་
ཆུང་འཕྱོར་གོས་བཀླུབས་འདྲ་ཡོད། །དེ་ཡི་ཡུ་བའི་འདྲ་མ་ལ། །བླ་མས་དབང་ཞྭ་མནབས་འདྲ་
ཡོད། །རང་གཟུགས་རིགས་གསུམ་མགོན་པོ་དེ། །བུ་སྤུན་གསུམ་དགྲ་ལ་ཆས་འདྲ་ཡོད། །དཔའ་ ལུང་འདི་ཡི་འདྲ་མ་ལ། །འཇའ་ཚོན་སྣ་ཚོགས་ཤར་འདྲ་ཡོད། །ཡར་གནམ་ལ་གཡུག་པའི་
དུས། །གཟའ་རྒོད་ཐད་ལ་མཆོངས་འདྲ་ཡོད། །མར་མགོ་ལ་གཡུག་པའི་དུས། །བྲག་ལ་ཐོག་ དམར་འཕེན་འདྲ་ཡོད། །ལུས་པོ་བེམ་རོ་བཟོ་ཉིན་མོ། །སྟག་མོ་ཤ་ལ་རུབ་འདྲ་ཡོད། །སྙིང་
ཁྲག་ཧུབ་ཀྱིས་འཐུང་ཉིན་མོ། །ཆུ་སྲིན་མཚོ་ལ་མཆོངས་འདྲ་ཡོད། །དེ་རིང་གཡུག་པའི་དུས་
ལ་བབས། །ངར་ཆེན་མཚོན་གྱི་སོ་ཁ་དེས། །བདུད་ཕྲུག་ངར་མའི་སྙིང་ཤ་ལེན། །ང་དང་ཁྱེད་ རང་ཡོད་རྒུ་གཉིས། །འདྲ་བསམ་ཡོད་ཀྱང་བསྡུར་རྒྱུ་མེད། །གངས་སྟོད་སེངྒེའི་གཡུ་རལ་
དེར། །ཁྱི་ནག་འགྲན་པ་དགྲ་ལ་འགྱུར། །རྫ་སྟོད་འབྲོང་གི་རྭ་ངར་ལ། །གླང་རྒན་རྡུང་འགྲན་
དགྲ་ལ་འགྱུར། །སྟག་མོ་འཛུམ་དྲུག་རྒྱས་པ་ལ། །ཝ་མོའི་གྲ་ངོམ་ཡི་རེ་མུག །གླིང་དཔའ་བརྟུལ་ ངར་རྒོད་འཁྲུག་ས་ལ། །བདུད་ཕྲུག་ཤི་ལྕེབས་སྲོག་ལ་ཐུག །ཨེ་རེད་ཉི་མ་དེ་རིང་བལྟ། །ཡར་ ལྟོས་ཨ་སྔོན་གནམ་ལ་ལྟོས། །སྟོང་པ་སྤྲིན་གྱི་རལ་པ་ནས། །དཔུང་རོགས་སྟོང་ཉིད་འཇའ་
ལས་མེད། །ཕར་ལྟོས་བར་སྣང་དབྱིངས་ལ་ལྟོས། །གཤོག་ཐོག་ནམ་མཁའི་བྱ་ལས་མེད། །བར་
70
མི་མ་ཡོང་ཐག་ཆོད་རེད། །མར་ལྟོས་དོག་མོ་ས་ལ་ལྟོས། །ཁྲག་འཐུང་དོག་མོའི་ས་ལས་
མེད། །ལས་དམག་རྩིས་རྩིས་གྲངས་མེད་དེ། །ཆུ་ཁའི་བྱེ་མ་མི་འདྲ་རེ། །ཆུ་མོ་འབབ་ཞོར་དེད་
ནས་འགྲོ། །རྒྱུག་ཞོར་འགྲོ་ཞོར་མ་གཏོགས་པར། །ནན་དགོས་དགྲ་ཞིག་རེད་བསམ་མེད། །ཨ་ རེ་ཉོན་དང་མཚར་མོ་གདའ། །བསམ་བློ་སྐོར་དང་འགྱོད་སེམས་གདའ། །གོ་ན་སྙིང་གི་མཛེར་
རུ་གྱིས། །རྣ་བ་ཉོན་ལ་སེམས་ལ་ཞོག །ཅེས་ཟེར་ནས་རལ་གྲི་དེ་ཟེར་འོད་གློག་ལྕེས་ནམ་མཁའ་ ཁེངས་པ་ཞིག་བྱས་ནས་བཙན་རྒྱལ་ཡ་མེད་ཀྱི་རྨོག་སྟེང་དུ་ལན་གཅིག་གཡུགས་པས། རྨོག་
དེ་ཚོགས་ཕུད་བླངས་པ་ལྟར་བཅད་བྱུང་བར། ཁོས་ཀྱང་གྲི་ལན་གཅིག་ཚུར་གཡུགས་བྱུང་ཡང་ འཇང་སྲས་ལ་གནོད་པ་མེད་པར་གྲི་ཤུགས་ལྷ་སྲུང་གིས་བླངས། ཡང་འཇང་སྲས་ཀྱིས་གྲི་
གཅིག་གཡུགས་པ་ཁོ་ཡི་ཕྲག་པ་གཡོན་པའི་སྟེང་དུ་ཐེབས་ཏེ་སྒེ་ཕྱེ་བ་བཞིན་གློ་བ་འགུལ་ཤིག་ ཤིག ཁྲག་དམར་ལྦུ་བ་སྐྱ་ཤར་ཤར་དུ་བཏང་ནས་དཔུང་པ་གཡོན་པ་དང་ལག་པ་བཅས་པ་ས་
ལ་ལྷུང་ཡང་། ཁོ་བདུད་ཕྲུག་དངོས་ཡིན་པས་ལག་གཡས་པས་རྒྱབ་དར་ནག་པོ་ཡུག་གཅིག་
བཅད་པ་དང་ཁོ་ཡི་མཆན་ཁེབ་སྟག་མོ་སྟོང་བདུད་ངར་མ་དེ་མྱུར་བར་བརྒྱུགས་ནས་ཁོ་ཡི་རྨ་ ཁ་དཀྲིས། ཁོང་གཉིས་ཀྱིས་འཇང་སྲས་ལ་གྲི་རུབ་བྱས་བྱུང་བ་དང་འཇང་སྲས་ཀྱིས་བཙན་
རྒྱལ་ཡ་མེད་ལ་གྲི་གཅིག་གཡུགས་པས། ཁོ་ཡི་མགོ་ཡུང་རྡོག་བཅད་པ་ལྟར་ས་ལ་འཕངས། དེ་ནས་སྟག་མོ་སྟོང་བདུད་ངར་མ་དེར་ལན་གཅིག་གཡུགས་པས། ལྟག་པ་ནས་སྐེད་པ་བར་
བཤགས། རྒྱུ་མ་ས་ལ་དྲུད་ཅིང་རྟ་ཐོག་ནས་ལྷུང་། དེ་ནས་འོམ་བུའི་ཁྲབ་དམག་རྣམས་ཀྱིས་ འཇང་སྲས་ཀྱིས་རྟིང་མ་བླངས་པ་ཤེས་ཏེ་མཆན་ཁེབ་འཇང་ཉི་མ་གྲགས་པ་དང་བཅས་པས་
ཀི་སྒྲ་འབྲུག་སྟོང་སྒྲོག་འདྲ། མདུང་འགྲན་སྐར་མདའ་ཡར་ཡར། གྲི་འགྲན་བུ་ཡུག་འཚུབ་འཚུབ།
མདའ་འཕེན་གློག་ལྕེ་འཁྱུགས་འཁྱུགས། ཞགས་འགྲན་གློག་དམར་འཁྱུགས་འཁྱུགས། རྡོ་འགྲན་ སེར་བ་འབབ་འབབ་ཀྱིས་ཇ་ཡུན་གཅིག་ཙམ་རིང་གཡས་གཡུག་གཡོན་གཡུག་བརྒྱ་ལུག་མ་
བུ་འདྲེས་འདྲ་བྱས་ནས་ལུང་པ་རོ་ཡིས་ཁེངས་ལེ། ཐང་ཆེན་ཁྲག་མཚོ་འཁྱིལ་འདྲ་བཟོས་པར།
བྱེ་རིའི་དམག་ལྷག་སྡུམ་རྣམས་ལམ་གང་ཐར་གྱིས་བྲོས། འོམ་བུའི་དམག་བརྒྱ་སྐོར་ཙམ་འདས་ གྲོངས་ཤོར། ཕར་འགྲོའི་ཉི་མ་སིལ་སིལ། ཚུར་ཡོང་གྲིབ་སོ་ལང་ལོང་གི་དུས་དེར་དམག་ཐག་
71
ཆོད། འོམ་བུའི་དམག་རྣམས་ཀྱིས་རུས་སྦལ་སྟག་རྫོང་འགྱིངས་ཆེན་དེའི་ལྕགས་རི་ཕྱི་མ་ནས་
ཨ་ལོང་བཞིན་བསྐོར་ནས་རང་ཚོད་བཟུང་སྟེ་བསྡད། ཕྱི་ཉིན་ནམ་ལངས་པ་དང་བྱེ་རིའི་མཁར་
ནང་གི་བློན་དམག་ཉུང་སྡུམ་དེས་དུང་བརྡ་བཏང་ནས་འཁོར་གསུམ་ཁྲིགས་སེ་བསྐོར་ནས་དམག་ གྲ་སྒྲིག་པའི་དུས། བཀའ་ཡི་བློན་པོ་ཆོས་གྲུབ་དེའི་བསམ་པར། ད་འཐབ་ཚོད་དང་གཡུག་ཚོད་ འགྲན་ཚོད་དེ་ཙམ་ཡིན། དེ་རིང་ཕ་མཁར་འདི་ཤོར་ན། སྐྱེས་པ་ཕོ་ཡི་ཕོ་ལུས་བླངས། མི་ཁ་
ས་སྟེང་ཡོངས་ལ་ཁྱབ། འོན་ཏེ་ཚེ་འདིར་དཀར་པོའི་ཆོས་ལ་དཀར། གླིང་གི་གེ་སར་རྒྱལ་པོ་
ལ་འགྲན་ཡ་བྱེད་བསམ་ཡེ་ནས་མེད། གླིང་གེ་སར་བླ་མར་འགྲས་པས་ན། ཤི་དམྱལ་བ་མིན་ པ་འགྲིམ་ས་མེད་བསམས་ནས་བསྡད་པར། ཡར་གཡོག་ལྕགས་རྡོ་ཁྲི་བཙན་དང་རིན་ཆེན་
གྲགས་པ་གཉིས་སྨད་ཁྲག་སྟོད་ལ་འཕྱུར། སྟོད་ཁྲག་ངོ་ལ་འཕྱུར། འཁོར་གསུམ་བསྒྲིགས་
ཤིང་། ཆོས་གྲུབ་ཀྱི་རྟ་དམར་པོ་མཚལ་རྟ་རླུང་གཤོག་དེ་ལ་སྒ་སྲབ་བསྒྲོན་ནས། ཡ། ད་བྱ་
ཐབས་བྲལ་སོང་། དགྲ་ནག་པོ་ཕ་མཁར་སྒོ་ལ་འབྱོར། ཤི་ན་རྟ་མགོ་རུགས་སེ་ཤི ཁྱི་སྤྱང་ཇུས་ ཤི་ཆ་ལ་ཤི ཝ་སྦེ་སྤྱི་ཤི་ཁུང་ལ་ཤི ཕ་ཤི་བུ་ཤི་དགྲ་ལ་ཤི ཤི་ས་དཀར་ནག་ཅི་ལ་ཡོད། མགོ་ རྡོ་ལུས་བརྡུངས་དང་གསེར་སྐུས་བརྡུངས། དབང་བྱིན་རླབས་མེད་ན་འདྲ་འདྲ་རེད། བུ་ཕ་ཡིས་ བསད་དང་དགྲ་ཡིས་བསད། བྱམས་སྙིང་རྗེ་མེད་ན་འདྲ་འདྲ་རེད། རྒྱུ་དཔོན་གྱིས་འཕྲོག་དང་ ཇག་པས་འཕྲོག ལས་རྒྱུ་འབྲས་མེད་ན་འདྲ་འདྲ་རེད་ཟེར་བར། བྱེ་རི་ཆོས་གྲུབ་དེས་འཁོར་
གསུམ་ལུས་ཆས་ཡོངས་སུ་རྫོགས་ལེ། མི་དམར་གཤིན་རྗེའི་ཞལ་ངོ་ཅན། རྟ་དམར་དུག་གི་
རླངས་འགྱུར་ཅན། ངོ་སྟོད་གཤིན་རྗེའི་ན་བུན་འཐིབས། སྐེད་པ་གཤིན་རྗེའི་ཁྲབ་མཁར་གྱོན།
མི་དམར་པོ་བཙན་དང་འདྲ་བ་ཞིག་བྱས། རྟ་དམར་པོ་ཟངས་ཀྱི་མདོག་ཅན་བཅིབས་ནས་མཁར་ སྔོན་པོ་གཡུ་འབྲུག་འགྱིངས་རྫོང་གི་ཕྱི་ནས་མར་བལྟས་པར། གླིང་རུ་རྣམས་ཀྱིས་རུས་སྦལ་
འགྱིངས་རྫོང་བསྐོར་བ་ལས། གཡུ་འབྲུག་འགྱིངས་རྫོང་ལ་མི་ཡོང་བ་འདྲ་ཞིག་ཡོད་པར་གཟིགས་ ནས་བསྡད་པར། གླིང་དམག་རྣམས་ཀྱིས་ཀི་བསྭོ་ལུང་པ་ཁེངས་ལེར་རུས་སྦལ་སྟག་རྫོང་དེ་
བླངས། དར་ཆེན་དཀར་པོ་སྤྲིན་དཀར་འཁྲིགས་འདྲ། སེར་པོ་སྤྲིན་སེར་འཁྲིགས་འདྲ། ལྗང་ཁུ་ རྩི་ཤིང་རྒྱས་འདྲ། དར་མི་གཅིག་དར་སྣ་ལྔ་དེ་མཁར་རྩེར་བཙུགས། ལྷ་བསང་དཀར་པོ་ནམ་
72
མཁའ་ཁྱབ་པ་འདྲ་ཕྱོགས་བཞི་ནས་བཏང་། དཔའ་ངར་རྒོད་གཡུ་འབྲུག་གྲག་པ་ལྟར་གྱིས་ཁྲབ་ དམག་རྣམས་ཀྱིས་གཡུ་འབྲུག་འགྱིངས་རྫོང་གི་ཕྱོགས་བཞི་ནས་བསྐོར་བྱུང་བར། འཇང་སྲས་
ཀྱི་དཔུང་སྣོན་ལ། དཔའ་ལ་དར་རྗེ་སེང་སྟག་དེ་དང་གོ་འཇོ་ཨ་དཀར་ཐར་པ། བལ་པོ་སྟག་བུ་
ཁྲི་བཙན་གསུམ་དེ་འབྱོར་ནས་གཡུ་འབྲུག་འགྱིངས་རྫོང་གི་མཁར་སྒོར་སྐྱ་ཁྲིགས་སེ་ཐོན་བྱུང་ བར། བློན་པོ་ཆོས་གྲུབ་དེས། ཡ། ད་ཞིམ་པོ་མང་ན་ན་དུག་རེད། དྲིན་ཆེན་ཕ་མ་འགྲས་ན་དགྲ་
རེད། སངས་རྒྱས་དད་ལོག་བཏང་ན་དུད་འགྲོ་རེད། ད་བསམ་བློ་མང་ནས་ཕན་པ་མེད་བསམས་ ཏེ། འཁོར་གསུམ་བསྐོར་ནས་མཁར་རྩེར་ཐོན་པའི་དུས། དཔའ་ལ་སེང་སྟག་དེ། རྟ་འདོ་བ་སྟོང་
རི་དར་དཀར་སྟེང་། དཀར་པོ་དུང་གི་ཁ་མདོག ཤེལ་མདུང་གནམ་ལ་བསླང་འདྲ། འཁོར་གསུམ་ ལུས་ལ་མཛེས་ལེ། སེང་ཐོད་གཡུ་རལ་རྒྱས་འདྲ། མགོ་ཡི་རྨོག་དེ་དཀར་པོ། རྨོག་གི་དར་འཕྲུ་ དཀར་པོ། ལུས་ཀྱི་ཁྲབ་ཆེན་དཀར་པོ། རྒྱབ་ཀྱི་རྒྱབ་དར་དཀར་པོ། མདུན་གྱི་མེ་ལོང་དཀར་
པོ། གཡས་ཀྱི་སྟག་དོང་དཀར་པོ། གཡོན་གྱི་གཟིག་ཤུབས་དཀར་པོ། རྟ་དཀར་མི་དཀར་སྒ་ དཀར་ལ། དཀར་པོ་དགུ་ཡིས་བསྐོར་ལེ། གངས་སྟོད་སེངྒེ་ལས་བརྗིད་རྔམ་ཆེ་ལེ་ཞིག་བྱས་
ནས་གཡུ་འབྲུག་འགྱིངས་རྫོང་གི་སྒོ་འགྲམ་ནས་རྟ་ཁ་བཀག ཡོབ་ལངས་བརྒྱབ་ནས་དཔའ་ སྐད་དར་སེང་དཀར་མོའི་ངར་སྐད་ཀྱི་རྟ་ལ་དྲངས་ནས་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་
མཁྱེན་པས་གཟིགས་ལ་ཁ་འཛིན་མཛོད། །སྟེང་ནམ་མཁའ་ལྷ་ཡི་ཕོ་བྲང་ནས། །དཀར་པོ་དུང་
གི་ཐོར་ཚུགས་ཅན། །ཕྱག་གཡས་ཤེལ་དཀར་རལ་གྲི་བསྣམས། །ཕྱག་གཡོན་གསེར་གྱི་ནོར་ གཞོང་བསྣམས། །མི་དཀར་དུང་གི་སོ་ཤོ་ཅན། །དར་དཀར་ན་བཟའ་སྐུ་ལ་གསོལ། །འཁོར་
དུ་དཀར་པོ་འབུམ་གྱིས་བསྐོར། །མ་གཡེང་ལྷ་ཁམས་གྲོགས་ལ་བྱོན། །དཔའ་དང་དཔུང་པའི་ སྡོངས་གྲོགས་མཛོད། །གྲོགས་དང་ཕྲིན་ལས་དངོས་གྲུབ་སྩོལ། །སྒང་པ་བོད་ཀྱི་བསྟན་ཇུས་
བཟུང་། །སངས་རྒྱས་བླ་མའི་དབུ་འཕང་བསྟོད། །ནག་པོའི་བདུད་དཔུང་རྡུལ་དུ་རློགས། །དྲག་ པོ་ཀི་སྒྲ་བསྭོ་བསྭོ་བཀང་། །གནམ་ས་འདར་བའི་ཧབ་དགོད་ཅན། །བདུད་ཕྲུག་བདུད་དཔུང་
ལག་ཏུ་ཞོག །རི་རབ་ཆེན་པོའི་གུར་ཁང་ནས། །གསས་མཁར་མུ་ཏིག་མཐིང་རྫོང་ནས། །བྱུ་
73
རུའི་རབ་གསལ་གོང་མ་ནས། །འཇའ་ཚོན་འོ ད་ཀྱི་གུར་ཁང་འཐིབས། །དར་ཚོན་ཅོད་པན་སྤུ་ རུ་རུ། །ཁྲབ་སེར་རྨོག་སེར་རྒྱབ་དར་སེར། །མདའ་སེར་གཞུ་སེར་མེ་ལོང་སེར། །ཕོ་སེར་
ཁྲབ་ཀྱི་རྒྱུན་ཐག་སེར། །རྟ་སེར་སྒ་སེར་མི་ཕོ་སེར། །སེར་པོ་དགུ་ཡི་འཁོར་གྱིས་བསྐོར། །ས་ འདིའི་ས་ངོ་མ་ཤེས་ན། །བྱང་གི་མེ་གླིང་རལ་པ་རེད། །མེ་ཐང་གཡུ་ཐང་ཚ་ཐང་གསུམ། །ཐང་
ཆེན་གསུམ་གྱི་ཡར་མཐའ་ལ། །རུས་སྦལ་འགྱིངས་རྫོང་རྡོ་མཁར་ནས། །བཀའ་བློན་ཆོས་གྲུབ་ སྦལ་རྒན་དེ། །མ་ཐུབ་བཟུང་དང་མ་བཟུང་མེད། །ནེ་ལེ་བྱ་ཡི་མཆུ་ཟུར་ནས། །སྦལ་རྒན་ཁ་ལ་
འགྲོ་བསམ་ཡོད། །ང་འདྲ་ཁྱོད་ཀྱིས་མ་ཤེས་ན། །གོ་འཇོ་ཨ་ལ་དཀར་ནག་ནས། །སྡེ་དགེ་ཆུ་ ལ་ཉིན་སྲིབ་རེད། །གངས་རྫོང་གྲོས་ར་གཏམ་རྫོང་ནས། །དཔའ་ཡང་དག་དར་སེང་གངས་
འགྱིངས་དེ། །གླིང་དཔའ་ལ་མི་ཡི་སྤྱང་ཀི་ཡིན། །རྟ་འདོ་བ་སྟོང་རི་དར་དཀར་ཡིན། །སྟོང་རི་ དར་དཀར་མ་ཟེར་རྒྱུ། །དར་ཡུལ་མི་ཆེན་ས་ཆ་ནས། །ཁོག་སྟོད་གསེར་དང་མཉམ་བརྗེ་
བྱས། །ཁོག་སྨད་དངུལ་ལ་དགུ་སྐོར་བྱས། །སྐེད་པ་མུ་ཏིག་བཅུ་སྐོར་བྱས། །རྭ་བཞི་དར་དང་
ཡང་ལྕི་བྱས། །རྟ་ཉོ་ཉིན་དཔའ་ལ་ཕམ་གདའ་ཟེར། །རྟ་རྒྱུག་ཉིན་དཔའ་ལ་ཁེ་གདའ་ཟེར། །བང་
ཁ་ཐང་དཀར་རྒོད་དང་མཉམ། །དཔའ་ལ་མི་ཡི་སྤྱང་ཀི་དེ། །ཤ་ཁྲག་རོལ་བའི་ཤན་པ་ཡིན། །བདུད་ དགྲ་འདུལ་བའི་གཤེད་མ་ཡིན། །གེ་སར་རྒྱལ་པོའི་བཀའ་བློན་ཡིན། །འབུམ་ཚོ་གསུམ་གྱི་ཡ་ བདག་ཡིན། །དེ་ཚོ་ཡིན་ལུགས་འདྲ་མ་ཡིན། །དེ་ནས་བཀའ་བློན་སྦལ་པ་ངོ་། །ཁྱོད་ལ་བཀའ་
བློན་ཅི་ལ་ཐོགས། །བྱང་བྱེ་རི་རྒྱལ་གཞུང་ཚོ་ཆེན་ལ། །སྡེ་རུ་ཤོག་ཆེ་བ་བཅོ་བརྒྱད་གདའ། །རྟ་ བོང་བུ་ཙམ་ཞིག་རྒྱུག་ཡ་མེད། །མཚོན་ཤིག་སྲོ་ཙམ་ཞིག་གཡུག་ཡ་མེད། །དཔའ་ལན་ཡ་ཁྲ་
བོ་གླིང་དཀར་དེའི། །བུ་དཔའ་བརྟུལ་བྱང་ལ་ལོ་གསུམ་འགྲིམས། །ཁྱོད་སྡར་མ་ནག་མོ་གོ་ཕུག་
བཟུང་། །མགོ་མེ་ཐལ་འཚུབས་སེ་ཅི་ཟེར་བསྡད། །ལུས་གཞོབ་དྲི་འཚུབས་སེ་ཅི་ཟེར་ཉལ། །གོས་ གཅིན་དྲི་འཚུབས་སེ་ཅི་ཟེར་རུལ། །མིང་དང་དོན་གཉིས་མ་མཚུངས་ན། །ཁྱི་རྒན་སྐྱག་པའི་
རལ་པ་ཅན། །དེ་ལ་སེངྒེ་ཟེར་སྲོལ་མེད། །ཝ་མོ་ཕྱི་ཡི་གྲ་དམར་ཅན། །དེ་ལ་འཛུམ་དྲུག་ཟེར་
སྲོལ་མེད། །བུད་མེད་བལ་འཕང་འཁུར་བ་དེ། །དཔའ་བོའི་མིང་ཐོབ་ཟེར་སྲོལ་མེད། །རྟ་མིན་ རྐྱང་མིན་བོང་བུ་ལ། །འདོ་བའི་མིང་དེ་འབོད་སྲོལ་མེད། །ཨ་རེ་མཚར་ལ་བྱང་སྡེ་ཚོ། །མིང་
74
ཐོབ་ཆེ་ལ་སྡར་མའི་བུ། །འཁོར་གསུམ་གོ་ཆ་རྫོང་བཙན་གསུམ། །བྲག་ནག་འུག་པའི་གཤོག་ སྒྲོ་འདྲ། །ཉིན་ལ་འཕུར་ན་བྱ་བརྒྱས་སྡང་། །མཚན་ལ་མི་འཕུར་ཀ་མེད་རེད། །འདྲེ་དང་ཐན་
དང་བཙན་དམར་གསུམ། །ཉིན་ལ་སོང་ན་བླ་མས་བཀག །མཚན་ལ་མི་རྒྱུག་ཀ་མེད་རེད། །དེ་ དང་ཁྱོད་ཚོ་ཨེ་མི་འདྲ། །ཁྱོད་རང་དཔའ་མེད་དཔུང་ཐུང་རེད། །ཡར་གཡོག་བསྐོར་དང་མ་
བསྐོར་མེད། །ཁྱོད་རང་མཁར་མི་ལ་ཤོར་རན་གདའ། །ཁྱོད་རྒོད་ནས་རང་མགོ་ཐོན་ས་མེད། །ཁྱོད་ རང་དམག་ཤིག་སྲོ་ཙམ་ཞིག་གདའ། །འཐབ་ནས་དགྲ་མགོ་ནོན་ས་མེད། །ཁྱོད་རང་ཆེ་རང་
བཙན་རང་སྣང་མཐོ། །ཁྱི་རྒན་གདའ་ལི་ཨེ་མི་འདྲ། །དེ་ལས་དཔའ་ལའི་གདོང་ལ་ཤོག །སྦལ་
པ་རྒྱ་བོ་དཔའ་འགྱིངས་ཅན། །ལ་མོ་སྒོ་ལ་མ་དོན་ན། །དཔའ་ལའི་གླུ་ལ་ཡང་ལེན་མེད། །ལས་ དམག་དཔུང་རྒོད་བཤར་རེ་རེ། །རྣོན་པོའི་ཤུབས་ཁ་འཐེན་ཚོད་མེད། །ངར་མའི་ཁ་རུ་འཐེན་ རྒྱུ་མེད། །སྐྱེན་པོ་མཐེབ་ཚོད་བཟུང་རྒྱུ་མེད། །ཕ་མཁར་རུས་སྦལ་གཏོར་ས་ལ། །གཡུ་འབྲུག་ འགྱིངས་རྫོང་དགྲ་ལ་འགྱུར། །གྱང་ཧྲུལ་རྣ་བཞི་རོང་ངེར་འགྱུར། །ཉི་མ་དགོང་གི་དགོང་ཁ་ ལ། །དེ་མ་བཟོས་དཔའ་ལ་ཡིན་མདོག་མེད། །གླུ་གོ་ན་སྦལ་པའི་ཡིད་ལ་ཞོག །མ་གོ་གླུ་ལ་
ཡང་ལེན་མེད། །ཅེས་ཟེར་ནས་རལ་གྲི་ལེབ་ཆེན་གྱི་ཤུབས་ཁ་སྤར། གཡས་ནས་མདའ་མོ་
གསེར་ལྟོང་མ་གནམ་ས་སྦོལ་བཤིག་གི་ལྷ་མདའ་དེ་བཏོན། གཡོན་ནས་ཁྱུང་རྭ་ནམ་མཁའ་རྩེ་
རྒྱན་གྱི་གཞུ་མོ། མཛོ་ཕོའི་མགོ་རྭ་དགུ་བསྒྲིགས་དེ་བཏོན། མདའ་མོ་ལྟོང་མཐེབ་ལ་བཞག་ནས་ འཕེན་གྲབས་བྱས་པར། དེ་ཡི་གཡས་གཡོན་ན་གོ་འཇོ་ཨ་དཀར་ཐར་པ། བལ་པོ་སྟག་བུ་ཁྲི་
བཙན། གངས་སྟོད་ཉི་མ་གྲགས་པ། དགྲ་ལྷ་བསྟན་སྐྱོང་། དཔའ་ཡག་དར་རྩེ། དུང་སེང་དཀར་
ལུ་བཅས་ཡོད་པས། གཡས་གཡོན་ནས་མེ་ལྕེ་འབར་འབར་གྱིས་མདའ་མོ་གཞུ་སྟེང་དུ་བཞག་
ནས་གཡུ་འབྲུག་འགྱིངས་རྫོང་གི་ལྕགས་ཀྱི་སྒོ་མོར་མདའ་འཕེན་རྔ་ཆེན་བརྡུང་བརྡུང་བྱས་པར། ཆོས་གྲུབ་དཔའ་བོ་དེ་དང་བློན་པོ་ལྕགས་རྡོ་ཁྲི་བཙན། རིན་ཆེན་ནོར་བུ་གྲགས་པ་བཅས་པ་
རྣམས་གཡུ་འབྲུག་འགྱིངས་རྫོང་གི་རྩེ་མོར་ཐོན་ནས། གླིང་རུའི་ཕོ་གསར་འདི་ཚོས་རང་ཚོད་ མི་བཟུང་བ་ཐག་གིས་ཆོད། ད་ཆོས་རྒྱལ་མ་མཇལ་གོང་དུ། ལས་མཁན་གྱིས་ཁྲིམས་གཅོད།
དཔོན་པོ་མ་མཇལ་གོང་དུ། བློན་པོས་ཁྲིམས་ཤོད། བླ་མ་མ་མཇལ་པར། གྲྭ་པས་སྲུང་མདུད་
75
སྟེར་ཟེར་བའི་དཔེ། དེ་རིང་ལས་མ་བཟང་བ་ཐག་གིས་ཆོད། དེ་ཚོ་སྔོན་མའི་ལས་ཀྱི་བསྐོས་
ཐང་དེ་འདྲ་ཡིན་ན། བུ་དཔའ་བོ་ཡིན་པའི་དོན་སྒོ་ལ། ཕ་བླ་བཙོང་ནས་བྲོས་པ་དང་། མ་ཐུབ་
མགོ་འབུལ་བྱས་པ་ལས། ཐེངས་དགུ་འཐབ་ནས་ཤི་ན་དགའ་བསམས་ཏེ། དཔའ་བོ་ཆོས་གྲུབ་ དེས། ཡ། ཁོ་རེ་གླིང་སེང་སྟག་དར་རྗེ་བུ། ཁྱོད་ལ་དཔའ་ཡོད་ན་མཚོན་མི་ལ་ཡོད་ཟེར་བའི་
དཔེ་ཡིན། ཁྱོད་ཀྱི་འཇིགས་གཏམ་དང་མཐོ་གཏམ། སྡིགས་གཏམ། རི་བོ་པང་ལེན་གྱི་དཔུང་
ཤུགས་དང་རྒྱ་མཚོ་མཛུབ་དཀྲུག་གི་རྩལ་དེ་ཙམ་ཁྱོད་ལ་ཡོད་ན། ང་བསམ་པ་བསྐོས་ཐང་ཁག་ ཁག་ཡིན་ཟེར་ནས། རྒོད་ཐང་དཀར་གནམ་ནས་འཕུར་འདྲ། གླག་རོག་པོ་རི་བོང་གི་སྟེང་དུ་ བཅུམ་འདྲ་ཞིག་བྱས་ནས་རལ་གྲིའི་ཤུབས་ཁ་སྤར་ཏེ་ཕོ་བྲང་གི་རྩེ་ནས་དཔའ་ལའི་སྟེང་དུ་
མཆོངས་བྱུང་བ་དང་ཁོང་གཉིས་གྲི་ཁ་ཇ་ཡུན་ཙམ་འགྲན་པར། ཁྲབ་དང་རྨོག དར་འཕྲུ། རྒྱབ་
དར་བཅས་པ་ཁུལ་འགྱུར་ཤིག་ཤིག་གིས་གཏོར་ཡང་ཕན་ཚུན་ལྕགས་ཀྱི་ཕ་བོང་ལ་གྲི་འགྲན་ བྱེད་པ་ལྟ་བུ་ལས་ཁེ་ཕམ་མེད་པར་གཉིས་ཀར་མཚོན་མ་སོང་། དེས་ན། ཆོས་གྲུབ་དཔའ་བོ་
དེས། ཡ། ཁོ་རེ། ཕོ་རྒོད་ཞན་ཁྲབ་དཀར་ཐོང་འཛིང་བྱེད། མཚོན་རྣོ་བོས་མ་ཆོད་ལས་ལ་བསྐོས་ ཟེར་ནས་གྲི་ཤུབས་ལ་བསྡུས། དཔུང་པའི་ཤ་རྒོད་འཕག་འཕག མིག་ལོག་སྐར་མདའ་ཡེར་ ཡེར། སོ་སྒྲ་གྲོ་ཡོས་འཆའ་འཆའ། ཧུ་ཤུ་གཡག་རྒོད་ངར་ངར་བྱས་ནས་དཔའ་ལའི་སྟེང་དུ་
མཆོངས་པས། དཔའ་ལས་ཀྱང་རལ་གྲི་ཤུབས་ལ་བཅུག ཕན་ཚུན་ཁྲབ་རྩ་ནས་བཟུང་ཏེ་ཕར་
འཇུ་ཚུར་འཐེན། ཡར་གཡུག་མར་གཡུག འདྲུད་རེས་བརྡབ་རེས་མང་པོ་བྱས་ཀྱང་དཔུང་ཤུགས་ ཁྱད་པར་མེད་པར་རྒྱ་སྟག་དམར་འཛིང་ཐུག་པ་བཞིན་ཕམ་རྒྱལ་མེད་པའི་དུས། དཔའ་ལའི་
རྒྱབ་ཕྱོགས་ནས་གོ་འཇོ་ཨ་དཀར་ཐར་པ་དེས་ཞགས་པ་ནོར་བུ་བསམ་གྲུབ་དེ་འཕངས་པ་ཆོས་ གྲུབ་ཀྱི་སྐེ་ལ་འཁོན་པ་དང་དགྲ་ལྷ་བསྟན་སྐྱོང་དེས་དཔུང་པ་གཡས་ནས་འཇུས། སེངྒེ་དཀར་ ལུ་དེས་གཡོན་ནས་བཟུང་སྟེ་དཔའ་ལས་མདུན་ནས་འཐམ། བུ་དཔའ་བོ་བཞི་ཡིས་དཔུང་རུབ་ བྱས་པར། དཔའ་བོ་བཞི་དེ་འགུལ་ཤིག་ཐར་རེར་ཕར་འཕངས་ཚུར་འཕངས་བྱས། དཔའ་བོ་
ཆོས་གྲུབ་དེ་ཤོར་ཨེ་འགྲོ་བསམ་བསམ་གྱིས་ཇ་ཡུན་ཙམ་གྱི་རིང་ཁེ་ཕམ་མ་བྱུང་། མཐར་དཔའ་ བོ་བཞི་ཡིས་དཔུང་རུབ་བརྒྱབ་ནས་ཆོས་གྲུབ་ཀྱི་ལག་པ་རྒྱབ་ཏུ་འགུགས་ཐུབ་ཙམ་བྱུང་བ་དར་
76
གྱིས་བཀྱིགས། ཕྱི་བཀྱིག་ཨ་ལོང་འདྲ་ཞིག་བྱས་ནས་གཡུ་འབྲུག་འགྱིངས་རྫོང་གི་མཁར་སྒོར་ བཏགས་བཞག་པར། ཆོས་གྲུབ་ཀྱི་མཆན་ཁེབ་བློན་པོ་ལྕགས་རྡོ་ཁྲི་བཙན་དང་ཆོས་སྲས་རིན་ ཆེན་གྲགས་པ། དཀར་ཡག་ཉི་མ་འབུམ་ཐུབ་བཅས་ཀྱིས། ད་དཔོན་པོ་ཤོར་ནས་རང་གསོན་
ཡང་སྙིང་པོ་མེད། གླིང་གི་དཔའ་བརྟུལ་རྣམས་ལ་མཚོན་འགྲན་མ་བྱེད་གསུངས་པ་ཆོས་གྲུབ་ ཀྱིས་རྒྱུན་དུ་གསུངས་པའི་བཀའ་ཡིན། ད་མཚོན་འགྲན་བྱས་ན་ཨེ་ཡོང་བསམས་ནས་བཙན་
རྫོང་བཟུང་སྟེ་བསྡད་པར། ཨ་མྱེས་གྲུབ་པ་དེ་མྱུར་བར་མཁར་སྒོར་དོན་ནས་དཔའ་ལ་ལ་དར་ དཀར་ཕུལ་ཏེ་ཞུ་བཤགས་མང་པོ་བྱས་པར། ཆོས་གྲུབ་དང་དཔའ་ལ་གཉིས་སྲོག་གི་འདུན་མ།
ཤག་པོ་མནའ་བཞག ཆོས་གྲུབ་ཀྱིས་རང་མཁར་རང་བཟུང་བྱས་ནས་ཤིག་སྲོ་མ་ཙམ་གྱི་དགྲ་ མེད་ཁས་ལེན་བྱས། ཨ་མྱེས་དང་ཆོས་གྲུབ་ཡར་གཡོག་རྣམས་དང་དཔའ་ལའི་འཁོར་བཅས་
ཕོ་བྲང་གི་ནང་དུ་བྱོན་ནས་ཐུགས་སྤྲོ་ཉི་མ་གསུམ་མཛད། ཆོས་གྲུབ་ཀྱི་འཁོར་གཡོག འབངས་ སྡེ། དཔོན་བློན་བཅས་པ་ཐམས་ཅད་ཀྱང་དགའ་སྤྲོ་ཚད་མེད་ཀྱིས་ཞག་གསུམ་གྱི་རིང་གླིང་
དམག་དང་དགའ་སྟོན་རྒྱ་ཆེར་མཛད། རུས་སྦལ་སྟག་རྫོང་དང་ཆོས་གྲུབ་ཀྱི་རང་གཞིས་གཡུ་
འབྲུག་འགྱིངས་རྫོང་བཅས་པ་ཆོས་གྲུབ་ལ་རྩིས་སྤྲོད་བྱས་པར། ཆོས་གྲུབ་དཔའ་བོ་དེས་སེང་ ཆེན་ནོར་བུ་དགྲ་འདུལ་དང་མཇལ་འཕྲད་ཡོང་བའི་རེ་བ་ནན་གྱིས་ཞུས་ཤིང་། རྫོང་དེའི་སྲུང་
མར་ངའི་ལས་དམག་འདི་ཙམ་གྱིས་མི་ཡོང་བས། ཅིས་ཀྱང་གླིང་གིས་དཔའ་རོགས་དཔུང་སྣོན་ ལ་ཞང་ཞུང་སྟག་མོ་ཁྲི་བཙན་གྱིས་གཙོས་པའི་ལས་དམག་རྣམས་བཞག་ན་བཟང་ཟེར་བས།
གྲོས་ཐག་དེ་ལ་བཅད། གླིང་གི་དཔའ་བརྟུལ་རྣམས་དང་བྱེ་རི་ཆོས་གྲུབ་བཅས་པ་ཡར་ངོའི་ཚེས་ བཅུ་ཡི་ཉིན། རྒྱལ་པོ་སེང་ཆེན་ཞལ་མཇལ་གྱི་སྨོན་ལམ་གྲུབ་པ་ལྟར་དཀྱིལ་ཤོག་གཡུང་དྲུང་ དར་མའི་སྒར་དུ་སོང་ནས་རྒྱལ་པོ་སེང་ཆེན་གྱི་སྐུ་མདུན་དུ་བཅར། ཆོས་གྲུབ་གདན་སྟེང་དུ་
བཞག དཔའ་བརྟུལ་དེ་ཡོད་རྣམས་དང་རྒྱལ་པོ་བཅས་པ་རང་རང་ཐོབ་ཐང་གི་ཁྲི་སྟེང་དུ་བཞུགས་ ནས་ལོ་རྒྱུས་ཞིབ་ཕྲ་གསུང་གླེང་མཛད། ཆོས་གྲུབ་ཀྱིས་རང་འོག་འབངས་སྡེ་གང་ཡོད་སེང་
ཆེན་ནོར་བུ་དགྲ་འདུལ་ལ་མགོ་འབུལ་ཁས་ལེན་ཞུས་ཤིང་སྟག་རྩེ་རྒྱལ་པོ་ཚེ་ཐར་ཡོང་བའི་རེ་ བ་དང་འབངས་སྡེ་ཤི་ཉུང་གསོན་མང་། རྒྱུ་ཐོར་ཟས་ཐོར་མི་ཡོང་བ་སོགས་ཀྱི་རེ་བ་མང་པོ་
77
དང་སེང་ཕྲུག་ཐོག་ལྷ་དེ་རང་གི་ཕུ་ནུ་ཡིན་པས། དེ་ཡི་སེམས་ཆོས་ལ་ཨེ་ཁུག་སོགས་ཀྱི་རེ་
བ་མང་དུ་ཞུས་པ་ན། རྒྱལ་པོ་སེང་ཆེན་གྱིས། བདུད་ཡུལ་ཆོས་ལ་བསྒྱུར། སེམས་ཅན་གྱི་སྡུག་ བསྔལ་སེལ་ཏེ་བདེ་བའི་གནས་ལ་བཀོད་རྒྱུ། སྡིག་པའི་ཁུར་པོ་ཕབ་ནས་ཆོས་ཀྱི་ཉི་མ་ཤར་བ་ བྱ་རྒྱུ་དེ་ང་ཡི་འགྲོ་དོན་ཡིན་པས། དེ་ལྟར་བྱུང་ན་བྱེད་ཆོག་ཅེས་བཀའ་བསྩལ། དེ་ནས་ཞག་
གསུམ་སོང་བའི་ཕྱི་ནང་ལ། གླིང་གི་གེ་སར་རྒྱལ་པོ་དང་དཔའ་བརྟུལ་ཆེ་གྲས་རྣམས་རང་གནས་ དཀྱིལ་སྒར་དུ་བཞུགས། དཔའ་ལ་དང་སྟག་གཟིག་ཞལ་དཀར་ལྡན་པ། ཆོས་གྲུབ་བཅས་ལྷོ་
ཕྱོགས་ལ་བྱོན་པས། ལྷོ་ཡི་སྲིན་པོ་ཁ་འཐབ་ཀྱི་སྟག་རི་རྔམ་རྫོང་ཕྱུག་མོའི་ནང་དུ། སེང་ཕྲུག་ ཐོག་ལྷ་བཙན་པོ་དང་དཔའ་གསར་ཉི་མ་ཁྲབ་བཙན། སྟག་མོ་ཁྲི་རྒྱལ་གསུམ་དེར་ཁྲི་དམག་རེ་ རེས་བསྐོར་ནས་རྫོང་མཁར་དེ་ལྕགས་རི་ཕྱི་ནང་གསུམ་གྱིས་བསྐོར་བ་བཞིན་དུ་བཟུང་ཡོད་ ཅིང་། སྟག་མོ་ཁྲི་རྒྱལ་དེ་ལྕགས་རི་ཕྱི་མའི་ཚུལ་དུ་ཡོད་པས་སྟག་གཟིག་ཞལ་དཀར་ལྡན་པ་
དང་བཀའ་བློན་ཉི་མ་གྲགས་པ། རྡོ་རྗེ་གཡུང་དྲུང་། རླུང་ལྷ་དབོན་སྲས་དར་མ་བཅས་པས་རུ་ སྣེ་ཁྲིད་ནས་སྟག་གཟིག་གི་དམག་རྣམས་སྔོན་ནས་བཤར་ཡོང་བའི་དུས། སྟག་མོ་ཁྲི་རྒྱལ་དེ་
ཡི་བསམ་པར། བསད་པའི་ལས་དམག་ཁྲག་ལ་བསྒྲེས། ལྷོ་ནགས་རི་བཞིན་དུ་མེ་ལ་བསྲེགས།
ནགས་ཤུལ་ཐལ་བ་རླུང་ལ་བསྐུར། བྱང་བྱེ་མ་བཞིན་དུ་ཆུ་ལ་བསྐྱུར། བྱེ་ཤུལ་གྲམ་ཐང་སྐྱ་མོར་
འགྱུར། གླིང་ཁྲམ་དམག་བསད་པས་རི་བོ་བརྩིགས་གྲུ་བཞི་དམར་མདངས་རྒྱས་ལེ་ཞིག་མ་བཟོས་ བསྡད་ན་ག་ལ་ཡོང་བསམས་ཏེ། འབུམ་དམག་ཁྲི་དེའི་ནང་ནས་རྟ་དམག་ཧྲག་བསྡུས་ལྔ་བརྒྱ་
ཙམ་ཁྲིད་ནས་རྐྱང་མོ་ལུང་གི་ལུང་སྐེད། རི་ཕ་རི་ཚུ་རི་བྲག་འཕྲང་འགག་དོག་ཙམ་ཡོད་པ་དེར་ སོང་། སྲིབ་རི་རྫ་ལ་རྔམ་ཆེན་དེ་བཟུང་ནས་ཀི་གཅིག་གི་འོག་རྦབ་དང་མདའ་གྲི་མདུང་སོགས་
གང་འོས་ཀྱིས་གླིང་རུའི་བུ་རྟ་རྡོ་རྡུང་བྱེད་དགོས་ཟེར་ནས་སྒུག་ཡོད་པའི་དུས། སྟག་གཟིག་གི་ དམག་རྣམས་བྱང་རྐྱང་ལ་བརྒྱབ་ནས་ཡོང་། ཞལ་དཀར་གྱིས་མྱུར་བར་རྟ་འདོ་ཆེན་གངས་
དཀར་སྤྲིན་འཚུབ་དེའི་རྟ་ཁ་བཀག ཡོབ་ལངས་བརྒྱབ་ནས་འདི་ཆོ་འཕྲུལ་ཅི་འདྲ་ཞིག་ཡིན་ནམ་ བསམས་ནས་ཁོ་ཡི་གདོང་བཀག་ནས་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་གཡེར་བྱང་ཐང་སྐྱ་མོའི་སྐད། །དོན་གཡེར་མེད་སྟག་ལུང་
78
རིང་མོའི་སྐད། །ས་འདིའི་ས་ངོ་མ་ཤེས་ན། །མིག་རིག་མེད་དེ་རྣ་ཐོས་ལ། །ནོར་གཞིས་ལྷོ་ཡི་ སྟག་འཛོམས་ཟེར། །ཁོ་རེ་མི་དམར་ཧམ་པ་ཅན། །ད་ནངས་ཉི་མའི་སྔ་དྲོ་ལ། །རྫ་ལུང་འཕྲང་ ལུང་བྲག་ལུང་བཟུང་། །གོར་མོ་རྡོ་ཡིས་དམག་ཆེན་གཏོར། །ཕན་མེད་གནོད་མེད་རང་མགོ་ བསྐོར། །ཨ་རེ་མཚར་གྱི་ཆེ་བ་ལ། །ང་འདྲ་ཁྱོད་ཀྱིས་མ་ཤེས་ན། །ནུབ་སྟག་གཟིག་ཨོ་རིང་
ཡུལ་ནས་ཡིན། །ས་ལ་དབྱར་ལུང་བྲག་དམར་ཟེར། །རྫོང་ལ་དཀར་མོ་དུང་འཁྱིལ་ཟེར། །མི་ ལ་ཞལ་དཀར་ལྡན་པ་ཟེར། །ལྷོ་ཡུལ་འཛམ་གླིང་ས་ཆ་ལ། །ཞལ་དཀར་ཐོགས་པ་རྣམ་གསུམ་
ཡོད། །དབུས་ལྷ་སའི་ཇོ་བོ་ཞལ་དཀར་གཅིག །གླིང་འབུམ་པའི་རྒྱ་ཚ་ཞལ་དཀར་གཉིས། །ནུབ་ སྟག་གཟིག་ཞལ་དཀར་ལྡན་པ་གསུམ། །དེ་མིན་པ་ཞལ་དཀར་ཐོབ་མི་མེད། །སྔ་མོ་ནུབ་ཀྱི་
སྟག་ཡུལ་ལ། །ཡུལ་ཤོག་བརྒྱ་ཡི་བདག་པོ་ཡིན། །སྟག་གླིང་འཁྲུག་གི་ཉིན་མོ་ལ། །འདྲ་བཞག་ པའི་གཏམ་ལ་ཨེ་འདྲ་ཡོད། །གཡུ་དྲུག་དཀར་འོ་མའི་རང་མདོག་ཅན། །རྒྱན་བཏགས་ཡོད་
གྲལ་ལ་མ་ཚུད་ན། །མ་ལུའི་མགུལ་ལ་མཛེས་ཤིང་མཁོ། །གསེར་སེར་པོ་རྒྱུ་ཡི་དྭངས་མ་དེ། །ཕ་ ཕྱུག་པོའི་ནོར་ལ་མ་མཁོ་ན། །མགོ་སྣ་ཆས་རྒྱན་ལ་མཛེས་ཤིང་མཁོ། །རྟ་འདོ་བ་སྤྲིན་དམར་
རླུང་གཅོད་དེ། །རྟ་བརྒྱའི་གྲལ་ལ་མ་མཁོ་ན། །གླིང་ལྷ་སྡེའི་རྒྱུག་ཡའི་རྒྱན་ལ་མཁོ། །བློན་ཞལ་ དཀར་མི་ཡི་གཡང་དཀར་དེ། །ཕོ་བརྒྱའི་གྲལ་ལ་མ་མཁོ་ན། །གླིང་དཔའ་བརྟུལ་དཔུང་རོགས་
རྒྱན་ལ་མཁོ། །དུས་དེང་སང་བློན་པོའི་གདན་ལ་ཡིན། །མིག་ཁྲ་ཆུང་ནང་གི་ཨ་འབྲས་ཡིན། །སོ་ སུམ་ཅུའི་ནང་གི་མདུན་སོ་ཡིན། །ལུས་དབང་པོའི་ནང་གི་སྙིང་ཁྲག་ཡིན། །གླིང་དཔའ་བརྟུལ་
ནང་གི་སྙིང་བཅུད་ལ། །བློན་ཞལ་དཀར་ཟེར་ནས་ཀུན་གྱིས་བསྟོད། །དཔའ་ཡ་ས་སྟེང་མ་དར་
ཟེར། །མཚོན་རྣོན་པོ་ཤེལ་དཀར་དུམ་གཅོད་དེ། །གཡུགས་ཟེར་ན་བྲག་རི་ཐང་ལ་གཏོར། །མདའ་ ཆེན་གཟའ་རྒོད་འཕུར་ཤེས་དེ། །འཕངས་ཟེར་ན་རི་བོ་སྐེད་པ་གཅོད། །མདུང་ལན་མེད་གཤིན་ རྗེའི་མཆེ་བ་དེ། །འདྲེན་ཟེར་ན་ནམ་མཁའི་ཉི་ཟླ་འབེབས། །ཕོ་རྒོད་ན་ཡིན་ལུགས་འདྲ་མ་
ཡིན། །ཁྱོད་ཨ་ཙི་རྒོད་པོ་ཡིན་པས་ན། །དུས་ད་ནངས་སྔ་དྲོའི་ཉི་མ་ལ། །བུ་དཔའ་བོ་གདོང་
ཐུག་གཏམ་རེ་ཤོད། །དུས་མཐའ་མ་རྟིང་མ་སུ་ལེན་ཡིན། །དེ་མིན་པའི་འཇབ་མདའ་འཇབ་གྲི་ དེ། །ལག་རྟིང་མ་འཇག་རྩྭ་རླུང་གིས་འཁྱེར། །ངར་ཆེ་ན་ཐང་དཀར་དབྱིངས་ནས་ལྷུང་། །རྒྱུག་
79
ཆེ་ན་རྒོ་བ་སྤང་ནས་རིལ། །ཟ་ཆེ་ན་སྦྲང་རྩིས་མཆིན་ཁ་ན། །སྡུག་ཁྱོད་འདྲར་འཇིགས་པ་ག་
ལ་སྲིད། །མི་སུ་ཡིན་ཚིག་ལན་ལ་མོ་གྱིས། །དེ་མིན་ན་རྟིང་མ་ང་ལ་བབས། །ཞེས་ཟེར་བར། སྟག་མོ་ཁྲི་རྒྱལ་དེས་རྟ་ཐོག་ལ་ཡོབ་ལངས་བྱས། རལ་གྲི་སྟོང་ནག་དགུ་ལྕེ་དེ་ཕྱེད་ཙམ་སྤར། དཔའ་ལུང་མཛུབ་མོར་དཀྲིས་ནས། ཡ། ཁོ་རེ་གླིང་ཕྲུག་ཕོ་སྡུག་ཚོ། །ཁྱོད་ཕ་གཞིས་ཤ་དང་ བརྗེ་མི་རེད། །ཇུས་ཆེན་ཆང་དང་བརྗེ་མི་རེད། །རྒྱལ་རྒྱུད་རླུང་ལ་སྐུར་མི་རེད། །སྔ་རབས་
སྟག་གཟིག་རྒྱལ་པོ་དེ། །ནོར་གཏེར་རྫོང་གི་དང་པོ་རེད། །དགྲ་ཤ་པ་གླིང་རུའི་ལག་ལ་བཞག །ལུས་ འདོམ་གང་ཇོ་རུའི་གཡོག་ལ་བསྡད། །དུས་ད་དུང་སྟོང་གཏམ་ཆེ་ལུགས་ལ། །ཞལ་དཀར་རྒྱུ་ འམ་ཞིག་དགྲ་ལ་འགྱུར། །ཁ་ནག་སེམས་ནག་མུན་ནག་གླིང་། །ཁྱོད་འདྲ་ནག་གསུམ་ག་ལ་
ཡོད། །ཞལ་དཀར་ཨང་ཞིག་ཡིན་པས་ཟེར། །སྟག་གཟིག་ནོར་གྱི་རྒྱལ་ས་དེ། །སྣུམ་སྟེམ་མར་
ཁུ་འཁྱིལ་འདྲ་དེ། །ཡི་དྭགས་འབྱུང་པོའི་ལག་ཏུ་བཞག །ཨ་ཙི་གཏམ་གྱི་མཚར་ལུགས་ལ། །སྤྲང་ པོ་ཆང་གིས་བཟི་ཉིན་མོ། །ཕྱུག་པོའི་བང་མཛོད་ཡོད་སྣང་ཤར། །ནམ་ལངས་དུས་ཁ་སྟོང་ལག་ སྟོང་རེད། །མཚན་བྱ་འུག་པ་འདྲེ་ཡི་བྱ། །ཕུ་མདའ་མེད་ལ་སྐད་ཀྱིས་བཀང་། །ནམ་ལངས་
དུས་བྲག་གསེབ་རྐུན་མ་རེད། །གབ་ཁུང་མི་རྙེད་བྲོས་ཁུང་འཚོལ། །བྲོས་ལམ་མ་རྙེད་བྱ་བརྒྱས་
སྡང་། །སྒྲོ་ལེབ་ཆེན་ཡོད་པ་སྟོང་པ་རེད། །རྐུན་མ་བྱང་སྟོང་འཁྱམས་པའི་དུས། །སྡེ་ཆེན་དཔོན་ པོ་ཡིན་སྣང་ཤར། །ཀི་བསྭོ་བསྭོ་གཉིས་ཀྱིས་ལུང་པ་བཀང་། །དཔའ་རྟིང་མ་ངར་གཏམ་འཇིགས་ གཏམ་བྱེད། །ཕ་ཕྱུག་པོའི་ལྷས་ར་གཏོར་ཉེས་ཤོར། །དཔའ་ཆེན་པོས་གཉའ་ནས་གནོན་ཉིན་ མོ། །ལགས་སོ་ལེགས་སོ་ཞུ་བ་འབུལ། །ཤི་དམྱལ་བ་བར་དོ་འགྲིམ་ཉིན་མོ། །ལུས་གཅེར་
བུར་ཁ་བ་ལྷགས་པ་སྡང་། །ཕོ་ངར་མར་དཔོན་པོའི་ཁྲིམས་ཀྱིས་སྡང་། །མི་རྒྱུས་མེད་ལམ་
འགྲོར་རྐུ་མ་སྡང་། །དེ་ཨེ་རེད་ཨ་ཕོ་བསམ་བློ་ཐོང་། །ཕོ་ང་འདྲ་ཁྱོད་ཀྱིས་མ་ཤེས་ན། །རྫོང་ སྲིན་པོ་ཁ་འཐབ་ནང་བཅུད་ནས། །ལྷོ་ཁྲི་སྡེ་བདུན་གྱི་ཡ་བདག་ལ། །མིང་བོས་ན་སྟག་མོ་ཁྲི་ རྒྱལ་ཡིན། །ལ་ལས་སྟག་མོ་སྟོང་ཐུབ་ཟེར། །ལ་ལས་སྟག་མོ་འབུམ་རྒྱལ་ཟེར། །འབུམ་ཚོ་ དམག་གི་མགོ་འཛིན་ཡིན། །ཁྲི་ཚོ་དམག་གི་བཙན་བདག་རེད། །སྟོང་ཚོ་སྲོག་རྩ་གཅོད་མི་
ཡིན། །སྤྲུལ་བ་སྟག་མོ་ཆུ་ལ་སྤྲུལ། །མེ་ཆུ་རླུང་གསུམ་རྩི་ཤིང་སོགས། །འབྱུང་བ་ལྔ་དེ་གང་
80
སྤྲུལ་ཡིན། །དེ་རིང་ཉི་མའི་གདུགས་གང་ལ། །ཁྱོད་དང་ང་རང་ཡོད་རྒུ་གཉིས། །རྒྱལ་པོའི་བློན་ པོ་འདྲ་འདྲ་ལ། །དཔའ་རྩལ་རྩལ་དྲུག་བསྡུར་བས་ཆོག །བླ་མའི་སློབ་མ་འདྲ་འདྲ་ལ། །རྟོག་པ་ མཉམ་ན་ཕྱིར་བལྟས་ཆོག །རྟ་རྒོད་མའི་རྟེའུ་ཕྲུག་འདྲ་འདྲ་ལ། །རྟ་གང་མགྱོགས་བང་ཁ་རྒྱུག་ པས་ཆོག །ཕ་མའི་བུ་རྒྱུད་འདྲ་འདྲ་ལ། །བསོད་ནམས་དབང་ཐང་བསྡུར་བས་ཆོག །ངས་མ་
འདས་ཉིན་གྱི་གོང་གང་ལ། །སྒར་ཆུང་ཤིག་སྲོ་སྤར་གང་དེ། །ཡར་གཏོར་གནམ་ལ་མི་གཏོར་
རེ། །བྱ་སྤུ་རླུང་གིས་གཏོར་འདྲ་བྱེད། །མར་བརྡབ་ས་ལ་མི་གཏོར་རེ། །བྱེའུ་ཁྱུ་ཁྲ་ཡིས་གཤགས་ འདྲ་བྱེད། །སྤར་མོ་སྒར་ལ་བསྙབ་ཉིན་མོ། །ལུག་ཁྱུ་སྤྱང་ཀིས་གཏོར་འདྲ་བྱེད། །རྟ་རྒྱུག་རལ་ གྲི་གཡུག་ཉིན་མོ། །ལོ་ཡག་སྙེ་མ་རྔ་རྔ་བྱེད། །མདུང་འདྲེན་མགོ་ལ་སྐོར་ཉིན་མོ། །སྤྲང་པོས་
རྒྱ་ཁུག་རྐུ་རྐུ་བྱེད། །མདའ་མོས་ཐད་ནས་འདྲེན་ཉིན་མོ། །ར་ནག་སེར་བས་རྡུང་རྡུང་བྱེད། །ཞགས་ པ་སྐེད་ནས་སྐོར་ཉིན་མོ། །ཤ་ལུག་ཐག་པས་འཛིན་འཛིན་བྱེད། །ཁྲབ་མཁར་ཐོང་འཛིང་བྱེད་
ཉིན་མོ། །རྒོད་རོ་སྤྱང་ཀིས་འཐེན་འཐེན་བྱེད། །སྤྲང་པོའི་སྒར་ཆུང་སྤར་གང་དེ། །ཐལ་བ་གནམ་
ལ་གཏོར་འདྲ་བྱེད། །མེ་འབར་ཞོར་སོལ་རི་ནག་པོ་བཟོ། །དེ་མ་བཟོས་ཟེར་ན་ཆོ་འཕྲུལ་མིན། །ད་ ལོ་དུས་ཀྱི་ཡ་མཐའ་ལ། །དགུ་ནིང་དུས་ཀྱི་མ་མཐའ་ལ། །ལན་མེད་ལས་དམག་གླིང་རུ་བཙན། །མ་ ཉེས་ཁ་གཡོགས་ཇོ་རུ་བཙན། །མ་ཐུག་དགྲ་དོགས་སྡར་མ་ཚོ། །དཔའ་བརྟུལ་ཟེར་བ་སྟོང་
གཏམ་རེད། །བྱང་སྟོང་ཁྲེལ་མེད་ཁྲམ་པ་དེས། །མི་རྒྱུ་ཧམ་ཟོས་བྱས་བྱས་ཀྱིས། །རང་རྒྱུ་བཟས་ ནས་རྒྱགས་ལེ་མེད། །ཉམ་ཆུང་གཉའ་སྒ་བསྟད་བསྟད་ཀྱིས། །བཙན་པོ་གང་ཡོད་ཤེས་ལེ་
མེད། །མི་ཡུལ་ས་མཐའ་འགྲིམས་འགྲིམས་ཀྱིས། །རང་ཡུལ་རང་ངོ་ཤེས་ལེ་མེད། །ལུགས་
མེད་འཆལ་གཏམ་བཤད་བཤད་ཀྱིས། །ཁྲིམས་ངོ་ཁྲིམས་སྲུང་ཤེས་ལེ་མེད། །ཕོ་ཁྱོད་འདྲའི་ མི་དེ་ག་ལ་སྲིད། །དེ་ནས་མི་དཀར་རྟ་དཀར་སྐྱ། །ཁྱོད་ཡ་རབས་མཛེས་རབས་ཆེ་རབས་
གསུམ། །སྟོང་གཏམ་ཡུར་ཆུ་འབབ་འབབ་རེད། །ལག་ལེན་འཇའ་ལ་འགྱུར་རྒྱུ་རེད། །མི་འགྱུར་ ཀ་མེད་ཨེ་འདྲ་གདའ། །བར་སྣང་གཡུ་འབྲུག་སྐད་སྒྲ་ཆེ། །ཐོག་སེར་ས་ལ་མ་བབ་ན། །འུར་
སྒྲ་ཆེ་ཡང་སྟོང་སྒྲ་རེད། །འདོ་ཆེན་ཁ་ངར་རྒྱུག་འདོད་ཅན། །མགྱོགས་པའི་དར་དཀར་མ་ལོན་ ན། །རྒྱུག་འདོད་ཆེ་དང་མ་ཆེ་མེད། །ཕོ་གསར་ངར་འདོད་འཁོར་གསུམ་ཅན། །བུ་འདྲ་གཉིས་
81
ཐུག་དུས་མ་འཐབ་ན། །ཐང་དཀྱིལ་རྐུན་མ་མི་འདྲ་རེ། །ན་ཆུང་བུ་མོ་སྐྱེ་ཡག་མ། །ཁྲ་ཤར་རེར་ གནས་སྒོ་མ་འགྲིམས་ན། །ལམ་མདོའི་ཀོ་གདན་ཨེ་མི་འདྲ། །ཁྱོད་རང་བཤད་བཤད་དེ་རང་ རེད། །རྒོད་པོ་བཙན་པོ་ཡིན་པས་ན། །ལྷོ་འཛམ་བུ་གླིང་གི་ས་ཆ་ན། །ནུབ་ལན་མེད་སྟག་
གཟིག་རྒྱལ་པོ་ཟེར། །རྒྱུ་རྩིས་མེད་ཛམ་ལྷ་དཀར་སེར་ཟེར། །དཔའ་ལན་མེད་སྟག་གཟིག་རྒྱལ་
པོ་ཟེར། །དཔོན་ལན་མེད་འཆི་མེད་དཔའ་བོ་ཟེར། །དེ་མདང་སུམ་རྨི་ལམ་བཞིན་དུ་བཟོས། །ཕྱི་ མི་ནང་ལ་ཁྲིད་དང་གཅིག །ནང་ཇུས་ཕྱི་ལ་བཤད་དང་གཉིས། །ཕྱི་ནང་གཉིས་དེ་མ་ཤེས་
པས། །ད་རུང་ཞལ་དཀར་སྟོབས་པོ་ཆེ། །གཏམ་བརྗོད་ངོ་ཚ་ཅིས་ཀྱང་མེད། །ཨ་རེ་མཚར་གྱི་ ལྟད་མོ་གདའ། །ཁྱི་རྒན་རང་ཁ་མི་གསོ་བས། །མགོ་ནག་མི་ལ་རྟེན་འབྲེལ་བྱེད། །གཡོག་མོ་ རང་གྲོད་མི་རྒྱགས་པར། །བདག་པོའི་ཟས་ཀྱི་ཟ་ཚོད་བཟུང་། །གཡོག་པོ་རང་མགོ་མི་ཐོན་
པར། །ཕྱུག་པོའི་དཀར་ཕྱུགས་མི་ཚེ་འཚོ། །གཡོག་པོ་བཙན་འདོད་ཁྲིམས་བཤད་རེད། །བྲག་ བཙན་འུག་པའི་ཉིན་སྐད་རེད། །ཆུ་བཙན་འདོད་ཉ་མོས་གཤོག་འགྱུར་བརྒྱབ། །གླིང་ཇོ་རུ་ས་ འབུ་མགོ་ནག་ཁོ། །སྤྲུལ་རྒྱུ་འཕྲུལ་རྒྱུ་ཅི་ཡོད་དེ། །ཕོ་ང་ཡི་ལག་པའི་མཐིལ་ལ་ཡོད། །ལམ་
འདི་ནས་གོམ་གང་བཏང་བས་ན། །ང་སྟག་མོ་ཁྲི་རྒྱལ་མིན་རྟགས་གྱིས། །རལ་གྲི་བཏབ་པ་ཤ་ ཟན་འདི། །དམར་མོ་མེ་ལྕེའི་སོ་ཁ་ཡོད། །རི་བོ་སྲེག་པའི་སྟོབས་ཤུགས་ཡོད། །རྫ་རི་སྙིལ་
བའི་ཤུགས་རྩལ་ཡོད། །ས་གཞི་སྟོང་པའི་འུར་སྒྲ་ཡོད། །གོ་ན་རྣ་བའི་བདུད་རྩི་གྱིས། །མ་གོ་ གླུ་ཡི་འགྲེལ་པ་མེད། །ཅེས་ཟེར་ནས་རལ་གྲི་ཤུབས་ནས་བཏོན་ཏེ་མཆོངས་བྱུང་བར། སྟག་
གཟིག་ཞལ་དཀར་དེས་ཀྱང་རལ་གྲི་ཤེལ་དཀར་སྟོང་གཅོད་ཤུབས་ནས་བཏོན་ཏེ་གྲི་འཐབ་ཇ་ ཡུན་ཙམ་བྱས་ཀྱང་བདུད་ཕྲུག་དེར་སྤྲུལ་པ་མང་ཞིང་བདུད་ཀྱི་ལྷ་སྲུང་གིས་བརྟན་པས་མཚོན་ མ་སོང་། ཞལ་དཀར་ལའང་དགྲ་ལྷའི་ཚེ་གོས་དང་རྒྱལ་པོའི་ན་བཟའ། བླ་མའི་སྒྲུབ་མདུད།
སངས་རྒྱས་ཀྱི་དབུ་སྐྲ་ཡོད་པས་མཚོན་གྱིས་གནོད་མ་ཐུབ་པར་རྒོད་པོ་འདྲ་མཉམ་བྱུང་བའི་
དུས། སྟག་གཟིག་གི་བློན་པོ་ལྷ་རྒོད་བཙན་པོ་དེས་ཁོ་ལ་གྲི་འགྲན་བྱས་པས། ཁོ་ཡིས་དུག་ཁྲི་ དེ་གཡུག་ཐེངས་གཅིག་ལ་ལྷ་རྒོད་བཙན་པོ་ལུས་ཕྱེད་བཤགས་བཏང་། ཁོ་བྲག་ནག་པོ་ཞིག་ གི་ནང་དུ་བྲོས་པ་ལྟར་ཤོར། ཞལ་དཀར་གྱིས་རྗེས་འདེད་བྱས་ནས་བྲག་སྒོ་དེར་གྲི་ལན་མང་
82
བརྒྱབ་པས། བྲག་ནག་ཁྲོབ་ཁྲོབ་ཏུ་གཏོར་བ་ལས་བྲག་སྒོ་ཕྱེ་མ་ཐུབ། དེའི་དུས་དཔའ་ལ་དར་
རྗེ་སེང་སྟག་དང་གུང་པའི་དགྲ་ལྷ་བསྟན་སྐྱོང་། གུང་སྟོད་ཨ་དཀར་ཁྲི་བཙན། གུང་སྨད་གཡུང་ དྲུང་ལྷ་སྐྱབས། གུང་སྐེད་ནོར་བུ་དགྲ་འདུལ་བཅས་པ་གཅིག་རྒྱབ་གཉིས་སྣོན་གྱིས་མཆོངས་ ནས་བྲག་དེར་མདའ་ཚག་བཏང་ནས་བྲག་ནག་དེ་འུར་ལྡིར་རེར་གཏོར་བར། ཁོས་དྲེད་ཨོག་ དཀར་རི་དེའུ་འབུར་ཙམ་ཞིག་ལ་སྤྲུལ་ནས་ལྕེ་མོ་གློག་དམར་འཁྱུག་འཁྱུག་གིས་ཁོང་རྣམས་
ཀྱི་སྟེང་དུ་མཆོངས་བྱུང་བས། ཁོང་རྣམས་ལ་ལས་མདའ་འཕངས། ལ་ལས་མདུང་བསྣུན། ལ་ ལས་གྲི་གཡུགས་བྱས་ཀྱང་ཁོ་ལ་གནོད་མ་ཐུབ་ཅིང་གར་སོང་མེད་པར་གྱུར་ཏེ་དཔའ་བརྟུལ་ རྣམས་འདི་བྱེད་དེ་བྱེད་མེད་པར་སྒར་དུ་ལོག་ནས་ཅི་དྲག་གང་དྲག་གི་གསུང་གླེང་ཞིབ་རྒྱས་
མཛད་པ་ན། བློན་ཆེན་ཞལ་དཀར་ལྡན་པ་དེས། ད་འཆི་བ་སྲོག་ལ་ཐུག་ཀྱང་རྫ་ལ་དེ་ལེན་དགོས།
སང་ཉིན་ང་དང་དུང་སེང་དཀར་ཡག གུང་གི་དགྲ་ལྷ་རྣམས་བྱོན་ན་ལེགས་གསུངས་པར། དེར་ ཡོད་རྣམས་ཀྱིས་གྲོས་ཐག་དེར་བཅད། སང་ཉིན་ནམ་ལངས་པ་དང་ཞལ་དཀར་གཙོས་པའི་
དཔའ་བརྟུལ་རྣམས་སྔོན་ནས་ཆས། དམག་རྣམས་རྗེས་ནས་ཡོང་བའི་དུས། བྲག་མགོ་གཡའ་
མ་ལའི་གཤམ་དུ་རྩེབས་པ་དང་རྦབ་རྒོད་འབྲོང་རོ་ཙམ་ཉིན་སྲིབ་གཉིས་ནས་བསྒྲིལ་བྱུང་བར། དགྲ་ལྷ་བསྟན་སྐྱོང་། དུང་སེང་དཀར་ཡག དབོན་སྲས་གཡུང་དྲུང་བཅས་ཀྱིས་དབལ་གསས་ སྟག་ལྷ་མེ་འབར་གྱི་མི་པགས་གཡང་གཞི་དེ་བར་སྣང་ལ་གཡུགས་པས་རྦབ་རྡོ་རྣམས་བྱ་སྤུ་
རླུང་གིས་འཁྱེར་བ་བཞིན་སོང་ནས་མི་རྟ་སུ་ལའང་མ་ཕོག དེ་ནས་ཞལ་དཀར་ལ་ཞང་ཞུང་བླ་ མའི་དར་དཀར་ཡོད་པ་དེ་གནམ་ལ་འཕྱར་ནས་དམིགས་པ་བྱས་པས། གནམ་ནས་སྤྲིན་ནག་
འཚུབས། གཡུ་འབྲུག་གིས་ངར་སྐད་བསྒྲགས། བར་ནས་སྨུག་རླངས་འཁྲིགས། ས་གཞིར་ན་ བུན་འཐིབས། ཉི་མའི་འོད་མདངས་ཆག གཡུ་འབྲུག་རྔ་མོ་རྡུང་རྡུང་། ཁལ་རྒོད་ངར་ངར་གྱིས་ གནམ་ས་འུར་སྒྲས་ཁེངས། ཐོག་སེར་མེ་སྟག་འཚུབས། བྲག་ཆར་རི་ཀླུང་བཤིག་ལེ། སེ་ར་
བུ་ཆུང་གི་ཁུ་ཚུར་ཙམ་བབ་བྱུང་བར། བདུད་ཀྱི་རྫ་སྲུང་དང་འཕྲང་སྲུང་བྲག་སྲུང་གང་ཡོད་རང་
མགོ་གང་ཐོན་གྱིས་བྲག་འོག་རྡོ་འོག་ལ་གབ་ནས་སྡོད་པ་ལས་དོན་མ་ནུས། གླིང་དམག་རྣམས་ རིམ་གྱིས་བཤར་ནས་རྐྱང་ལུང་ལ་མོ་བརྒྱབ། རྡོ་སྤོ་ཐོ་ཙམ་མེད་པའི་སྤང་ལམ་བརྒྱུད་ནས་བཤར་
83
བས། བདུད་ཀྱི་སོ་པ་དང་འཕྲང་སྲུང་སུས་ཀྱང་མ་མཐོང་། དཔའ་བརྟུལ་རྣམས་ཀྱིས་བྲག་རི་
སྟ་རེ་འདྲ་བའི་རི་རྩེ་ནས་བལྟ་བའི་དུས། ཉི་མ་ཁྲབ་བཙན་གྱི་ལས་དམག་རྣམས་སྤང་དཀར་པོ་ མེ་ལོང་འདྲ་བ་ཞིག་ལ་རྟ་ཕོ་སྒ་སྲབ་ཁྲིགས་སེ། མི་ཕོ་གོ་མཚོན་ཁྲིགས་སེ་ཡོད་པས། དཔའ་ བརྟུལ་རྣམས་རྦབ་རྒོད་འགྲིལ་འགྲིལ། གློག་དམར་འཁྱུག་འཁྱུག་གིས་སྤྱང་ཨ་ཐོང་ལུག་སྟེང་
དུ་མཆོངས་པ་བཞིན་བྱས་ནས་དམག་སྒར་ཟིང་ཟིང་ལོང་ལོང་དུ་དཀྲུགས་པས། ཉི་མ་ཁྲབ་བཙན་ དེའི་བསམ་པར། དེ་ཅི་ཞིག་ཡིན་ནམ། ས་བཙན། བྲག་བཙན། ཆུ་བཙན་འདི་འདྲ་བ་བཟུང་ བར་དགྲ་གང་ནས་ཡོང་བསམས་པའི་དུས། དབོན་སྲས་གཡུང་དྲུང་དེ་ཡིས་མི་རྐང་གླིང་བུ་
བཏང་། སེང་ལྡིང་ཌཱ་རུ་དཀྲོལ། མི་པགས་གཡང་གཞི་སྤྲུགས་པས། གནམ་ནས་སྤྲིན་ནག་
འཁྲིགས། བདུད་ཀྱི་སྒར་སྟེང་དུ་སེར་བ་བཏང་ནས་དམག་བརྒྱ་སྐོར་ཙམ་བསད། སྟག་གཟིག་
ཞལ་དཀར་དང་དགྲ་ལྷ་བསྟན་སྐྱོང་གཉིས་བདུད་ཀྱི་སྒར་སྟེང་དུ་མཆོངས་པར་ཉི་མ་ཁྲབ་བཙན་
དང་། དེ་ཡི་མཆན་ཁེབ་ལྷ་བཙན་དར་མ། བྱ་རྒོད་སྟོབས་ལྡན། ཁྲི་རྗེ་རླུང་དམར་མི་བཞི་དེས་
དུག་མདའ་དུ་བ་འཐིབས་སེ། དུག་ཞགས་ན་བུན་འཚུབས་སེ་ཁོང་གཉིས་ཀྱི་གདོང་བཀག་ནས་ བདུད་ཕྲུག་དམ་སྲི་གཤིན་དམར་ཉི་མ་ཁྲབ་བཙན་དེས་རྟ་ཁྱུང་ནག་འཕུར་ལྡིང་གི་གོང་ནས་
གནམ་ཐེའུ་སྲོག་གི་བླ་རྡོ། ཐེའུ་རང་བླ་མའི་སྒྲུབ་རྡོ། མུ་སྟེགས་བླ་མའི་མཐུ་རྫས་ལྕགས་ཀྱི་སེ་ ར་ལག་ལ་བཟུང་ནས་ལྕགས་ནག་ཁྲོ་ཆུ་འཁོལ་མའི་རྟ་ལ་དྲངས་ནས་གླུ་འདི་བླངས་པར་གདའ་ འོ། །
གླུ་བསེར་གཅིག་བསེར་གཉིས་བསེར་དང་གསུམ། །བྱང་བྱེ་རིའི་གླུ་དེ་བསེར་གླུ་འདྲེན། །ས་
འདི་འདྲ་ས་ངོ་མ་ཤེས་ན། །བྱང་བྱེ་རིའི་ལྷོ་རི་རྔམ་ཆེན་ཟེར། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ལྷོ་
སྟོང་སྡེ་བཅོ་བརྒྱད་མགོ་འདྲེན་ལ། །རྫོང་སྟག་རི་རྔམ་རྫོང་སྙིང་བཅུད་ཡིན། །རྗེ་རྒྱལ་པོའི་བློན་ པོ་བློ་མཁས་ཡིན། །མིང་བོས་ན་ཉི་མ་ཁྲབ་བཙན་ཟེར། །ཁྱོད་མི་ཉུང་རྟ་ཉུང་ཇག་ཚོ་དེ། །ས་ གང་གི་ཐད་ནས་ཡོང་ལེ་ཡིན། །གངས་རི་བརྒྱབ་ནས་ཡོང་བས་ན། །ཁྱོད་གངས་སྟོད་སེངྒེ་
ཡིན་རྒྱུ་གྱིས། །ཁྱོད་ནགས་རི་བརྒྱབ་ནས་ཡོང་བས་ན། །ནགས་རྒྱ་རྫོང་འགྲིམས་པའི་སྟག་མོ་
འདྲ། །དམའ་རི་བརྒྱབ་ཆུ་ནས་ཡོང་བས་ན། །ཁྱོད་རྒྱ་མཚོར་འཁྱུགས་པའི་ཉ་ཆུང་འདྲ། །དེ་མིན་
84
བཙན་གསུམ་ས་ཆ་འདིར། །ཕྱི་མི་ནང་ལ་ཡོང་ས་མེད། །ས་དེ་ནས་གང་འདྲ་ཡོང་ལེ་ཡིན། །ཁྱོད་ མཐོ་ནམ་མཁའི་དགུང་ནས་བབ་འདྲ་བྱུང་། །དམའ་ས་གཞིའི་དཀྱིལ་ནས་སྐྱེས་འདྲ་བྱུང་། །ཨ་ ཙི་མི་དུམ་ཧམ་པ་ལ། །གཏམ་དྲང་པོ་དྲང་ཤོད་མ་བྱས་ན། །དཔོན་ཆེན་པོའི་ཁྲིམས་ལ་ཡ་ང་
མེད། །ལོ་དགུ་ཁྲིམས་ཤིང་རྩེ་ལ་བསྐྱོན། །དུས་དེ་ནས་ཤ་རུས་སྟི་ག་གཏུབ། །ཤ་སྐམ་ཁྲག་
ཐིགས་འཛར་ཉིན་མོ། །ཚིག་གསུམ་གཏམ་དེ་འཕྱིས་ལེ་རེད། །ལར་གཞི་སྔ་མིའི་གཏམ་དཔེ་
ལ། །རྟ་ཨེ་འཚོང་ཟེར་དུས་མ་བཙོངས་ན། །ཇག་ཧམ་འདེད་བྱེད་དུས་འགྱོད་པ་ཆེ། །ལོ་ཏོག་ སྙེ་མ་སྐྱེ་བཟང་མ། །སྐྱ་ཐར་རེར་འགྲོ་དུས་མ་བརྔས་ན། །ཐོག་སེར་བས་རྡུང་དུས་འགྱོད་པ་
ཆེ། །སྐྱེས་ཕོ་གཉིས་འདྲ་མཉམ་ཐུག་པ་ལ། །མགོ་ཨེ་སྒུར་ཟེར་དུས་མ་སྒུར་ན། །ལག་ཐག་
པས་བསྡམས་ན་ཞུ་ས་མེད། །ཁྱོད་དྲང་གསུམ་གཏམ་ཞིག་མ་བཤད་ན། །བྱང་གླིང་འཁྲུགས་ ནས་ལོ་གསུམ་སོང་། །ཁྱོད་མི་འཁྱམ་མགོ་ལག་ལེན་རྒྱུ་ཡིན། །གླུ་གོ་ན་གཏམ་ལ་གཏམ་ལན་
གྱིས། །མ་གོ་མགོ་འཕྲུ་ང་ལ་བབས། །ཞེས་གླུ་ལན་སྐད་ཆ་ཅི་ཟེར་ཡོང་ངམ་བསམས་ནས་བསྡད་ པར། དགྲ་ལྷ་བསྟན་སྐྱོང་དེས་རྟ་ཐོག་ནས་ཡོབ་ལངས་བརྒྱབ། རྟ་འདོ་བ་དར་དམར་རླུང་འཚུབ་ དེའི་རྟ་ཁ་བཀག་ནས་ཡིན་ལུགས་འདྲ་མ་ཤོད་པའི་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ཨ་ལ་ཨ་ལ་ཨ་ལ་རེད། །ཨ་ལ་ཚིག་གི་མགོ་མོ་རེད། །ཐ་ལ་ཐ་ལ་
ཐ་ལ་རེད། །ཐ་ལ་དོན་གྱི་འབྲས་བུ་རེད། །དེ་ཚོ་གླིང་རུའི་གླུ་ལེན་རེད། །ང་ངོ་ཁྱོད་ཀྱིས་ལོས་
ཤེས་རེད། །ཁྲ་མོ་གླིང་རུའི་ས་ཆ་ནས། །གུང་སྟོད་གུང་གི་ཡ་མཐའ་ནས། །གུང་རྗེ་གུང་གི་སྲས་ པོ་རེད། །གངས་དཀར་མོའི་གོང་གི་སེང་ཆུང་དེར། །གཡུ་རལ་མེད་ན་ཁྱི་དང་འདྲ། །སྤྲིན་ཀློང་ འཁྱུགས་པའི་གཡུ་འབྲུག་དེར། །མེ་གཤོག་མེད་ན་སྦྲུལ་དང་འདྲ། །བར་སྣང་འཕུར་བའི་ཐང་
དཀར་དེར། །གཤོག་རྩལ་མེད་ན་དེ་ཕོ་འདྲ། །འཁོར་གསུམ་བསྐོར་བའི་དཔའ་བོ་དེར། །སྙིང་
ཁམས་མེད་ན་བུ་མོ་འདྲ། །སྒ་སྲབ་མཛེས་པའི་རྟ་ཕོ་དེར། །བང་རྩལ་མེད་ན་བོང་བུ་འདྲ། །ཟེར་ ལེ་གཏམ་གྱི་འདྲ་མ་ཡིན། །གུང་ལ་ཆེ་བ་མི་དགུ་ཡོད། །གུང་པ་བུ་ཡི་ཁྲ་སྐྱ་དང་། །གུང་པའི་
དཔའ་བོ་ལྷ་དར་དང་། །གུང་པའི་ཨ་ཡག་དར་ཁྲི་དང་། །གུང་གི་ཉི་མ་འབུམ་ཐུབ་དང་། །གུང་
པའི་དགྲ་ལྷ་བསྟན་སྐྱོང་དང་། །གུང་པའི་ཇོ་བོ་ལྷ་སྐྱབས་དང་། །གུང་པའི་གསེར་འབུམ་ཁྲི་བཙན་
85
དེ། །གུང་ནས་ཆས་པའི་བུ་དགུ་ཡིན། །གླིང་དཀར་སྡེ་པའི་སྙིང་བཅུད་ཡིན། །གཏམ་དང་སྐད་ཆ་
ཤོད་རྒྱུ་མེད། །གྱོད་དང་ཁ་མཆུ་བསྒྲིག་རྒྱུ་མེད། །རྒྱུ་དང་ཅ་ལག་གཏོར་རྒྱུ་མེད། །ཚོང་དང་གོང་ ལ་བསྒྲིག་རྒྱུ་མེད། །ཕ་ཉེ་མ་ཉེ་བརྩི་དགོས་མེད། །གཏམ་དང་འདུན་མ་བསྒྲིག་རྒྱུ་མེད། །ལར་
གཞི་སྔ་མིའི་གཏམ་དཔེ་ལ། །གནམ་ས་འདུན་མ་བཏམས་ལེ་དེ། །སྦྲང་ཆར་མེད་ན་བཏམ་ཐབས་ མེད། །ནག་པོ་བདུད་ཀྱི་འབངས་སྡེ་དེ། །རྒྱལ་པོ་བཙན་པའི་བཀའ་དང་གཅིག །བློན་པོ་མཐུ་
ཆེ་དབང་ཐང་གཉིས། །རང་ཚོད་རང་གིས་མ་བཟུང་ན། །ཤ་ཁྲག་གཟུགས་ཀྱི་ཕུང་པོ་ལ། །མ་
འཆི་འགྲོ་ས་མ་ཡོད་དེ། །མི་འཐབ་ཀ་མེད་དཔོན་གྱི་བཀའ། །བཙན་གཏམ་བཤད་དང་མ་བཤད་ མེད། །རྒོད་པོ་མགོ་ནས་གནོན་རྒྱུ་ཡིན། །ང་ཚོ་གླིང་གི་དཔའ་བོ་དེ། །ཁར་རྩང་སྤྱང་ཐང་གཞུང་
ལ་བསྡད། །སྟོང་ཚོ་དགུ་ཡི་ལས་དམག་ཡོད། །རྟ་དམག་ཁྲ་བོ་གླིང་ནས་ཡིན། །ཕ་རི་སྲིབ་ཀྱི་རྫ་ དང་གཅིག །ཚུ་རི་ཉིན་གྱི་བྲག་དང་གཉིས། །རྫ་བྲག་གཉིས་ཀྱི་གོང་ལ་རྩེབས། །བདུད་ཕྲུག་ཁྱོད་ ཚོ་ཀ་མེད་ལ། །མི་མང་བསད་ན་རོ་མང་རེད། །ཟས་མང་བཟས་ན་གྲོད་པ་ན། །གོས་མང་གྱོན་
ན་ལུས་པོ་ལྕི། །རྒྱལ་པོའི་བཀའ་བཙན་མེ་ལྟར་འབར། །ཁྱོད་དང་ང་རང་ཡོད་རྒུ་གཉིས། །དཔའ་ བཟང་དཔུང་པ་བསྡུར་རྒྱུ་ཡིན། །མཚོན་རྣོ་བོའི་སོ་ཁ་ཚད་རྒྱུ་ཡིན། ། །ང་གླིང་དཀར་ཁྲ་མོའི་ལྷ་ སྡེ་དེ། །དཔེ་བཞག་ན་འདྲ་མ་ཨེ་འདྲ་གདའ། །རྒྱ་མཚོ་ལྕགས་ཀྱུས་མཐའ་ནས་བསྐོར། །ཁྱོད་ ཉ་ཆུང་གང་ན་འགྲོ་བསམ་ཡོད། །སྟེང་བར་སྣང་བྱ་རྒྱ་བྱེའུ་རྒྱས་བསྐོར། །ཁྱོད་སྐྱ་ཁྲ་གང་ན་
འཕུར་བསམ་ཡོད། །གླིང་རུའི་དམག་གིས་མཐའ་ནས་བསྐོར། །ཁྱོད་སྡར་མ་གང་ལ་བྲོས་བསམ་
ཡོད། །ཡང་མིན་ན་བྲོས་པའི་ལམ་ཞིག་དགོས། །ཡང་མིན་ན་གབ་པའི་ཁུང་ཞིག་དགོས། །ཡང་ མིན་ན་མགོ་འབུལ་ཕྱག་འཚལ་གྱིས། །དགའ་བསམ་ན་མགོ་འབུལ་ལ་མོ་གྱིས། །ཁྱོད་ལར་
གྱིས་མགོ་སྒུར་མ་བྱས་ན། །གསོན་གོམ་གང་ཕར་ལ་གཏོང་ལེ་མིན། །ང་མི་ཕོ་དཔུང་པ་ངོམ་
འདོད་ཡོད། །རྟ་ཕོ་བང་ཁ་རྒྱུག་འདོད་ཡོད། །མཚོན་གྱི་སོ་ཁ་བརྡར་འདོད་ཡོད། །གོ་ཨེ་བྱུང་
བདུད་ཕྲུག་དམར་ར་བ། །གོ་ན་སེམས་ཀྱི་དཀྱིལ་ལ་ཞོག །མ་གོ་སྲོག་གི་ཁུག་པ་གཅོད། །ཅེས་ ཟེར་ནས་གླུ་རྫོགས་པ་དང་རལ་གྲི་འཕྱར་རོ།། །།
86
ལེའུ་བརྒྱད་པ། དཔའ་བརྟུལ་བདུན་པོ་དེ་མི་གཅིག་གིས་གྲི་མགོ་འཕུར་བ་དང་རྟ་གཅིག་གིས་བང་ཁ་
རྒྱུག་པ་ལྟར་ཁོ་ཡི་སྟེང་དུ་མཆོངས་ནས་གུང་པའི་དགྲ་ལྷ་བསྟན་སྐྱོང་དེས་ཉི་མ་ཁྲབ་བཙན་དང་
རལ་གྲི་གཡུག་རེས་གསུམ་རེ་བྱས་པར། དགྲ་ལྷ་བསྟན་སྐྱོང་གི་རལ་གྲི་གསེར་འོད་བྲག་གཅོད་ དེ་ཁོ་ཡི་སྐེ་ལ་གཡུགས་པས་མགོ་ཡུང་རྡོག་བཅད་པ་བཞིན་བྱས་ནས་ཁོ་ཡི་མགོ་འཕྲུ་གོང་
ལེན་བྱས། གླིང་དཔའ་བརྟུལ་རྣམས་ཀྱིས་ཀི་བསྭོ་གཡུ་འབྲུག་གྲག་གྲག་གིས་བདུད་དམག་ རྣམས་ཡར་འདེད་མར་འདེད་བྱས་པར། མི་དམར་ཟངས་ཀྱི་ཁྲབ་རྨོག་ཅན། ལུས་སྟོབས་ཆེ་ བ་རི་དེའུ་འབུར་ཙམ་ཡོད་པའི་སྟག་རྒོད་སྟག་མོ་ཁྲི་རྒྱལ་དེ་ངར་རྒོད་གཏིང་ནས་འཁྲུགས་ཏེ་
མཆོངས་བྱུང་བར། གུང་པའི་དགྲ་ལྷ་བསྟན་སྐྱོང་དང་གྲི་གཡུག་སྐོར་འགའ་རེ་བྱས་ཀྱང་ཕན་
ཚུན་གཉིས་ཀར་མཚོན་མ་སོང་། སྟག་གཟིག་ཞལ་དཀར་ལྡན་པ་དེས་དགྲ་ལྷ་བསྟན་སྐྱོང་གིས་ ཁོ་གདུལ་བའི་བསྐལ་བ་མེད་དགོངས་ནས་གློག་འཁྱུག་པ་བཞིན་ཁོ་ཡི་སྟེང་དུ་མཆོངས་པས།
གཡུང་དྲུང་ཚེ་དབང་རྒྱལ་མཚན་གྱིས་ཞལ་དཀར་དང་མཉམ་དུ་ཁོ་ཡི་སྟེང་དུ་མཆོངས་ནས་ཁོ་
ལ་གྲི་རུབ་བརྒྱབ་ཀྱང་ཕམ་རྒྱལ་མ་བྱུང་། དེ་ནས་ཁོ་ཡིས་གླིང་དཔའ་བོ་གཉིས་ཀྱི་གྲི་ངོ་མ་ལོན་ པར་རྫ་མ་གཡའ་འགག་ལ་བྲོས། ཞལ་དཀར་དང་གཡུང་དྲུང་གཉིས་ཀྱིས་རྗེས་འདེད་བྱས་པར།
རྫ་མ་གཡའ་འགག་གི་བྲག་རོང་དེ་ནས་ཁོ་ཡིས་རྟ་ཁ་ཕྱིར་བསྐོར་ནས། ཡ། ཁོ་རེ་ཁྱི་རྒན་སྟག་ གཟིག་ཞལ་དཀར་ཁྱོད། །ང་བྲོས་ལམ་དེའང་མ་དབང་ན། །ཤི་རོགས་སེ་རྟ་མགོ་མཉམ་སྒྲིལ་ བྱེད། །དཔའ་མཉམ་སྟག་རོ་གཟིག་རོ་ཞིག །དེ་རིང་མ་བྱེད་ཀ་མེད་ཡིན། །ས་འདིའི་ས་ངོ་མ་ ཤེས་ན། །བྱང་བྱེ་རིའི་ལྷོ་རི་བྲག་རྫོང་རེད། །ང་འདྲ་ཁྱོད་ཀྱིས་མ་ཤེས་ན། །ལྷོ་ཁྲི་སྡེ་དགུ་ཡི་
ཡ་བདག་ཡིན། །དམག་ཁྲི་ཚོ་གཉིས་ཀྱི་རུ་འདྲེན་ཡིན། །རྗེ་སྟག་རྩེ་རྒྱལ་པོའི་བློན་ཆེན་ཡིན། །འབྱུང་ བ་ལྔ་ལ་རང་དབང་ཐོབ། །དགུང་ནས་ཤར་བའི་ཉི་ཟླ་དེ། །མུན་པའི་གླིང་ལ་བསྒྱུར་བས་ཆོག །བར་ སྣང་འགྲིམ་པའི་རླུང་བསེར་དེ། །འཇམ་ཐིང་ཐིང་རུམ་ལ་བཅུག་པས་ཆོག །ལུང་གཉིས་འབབ་
པའི་ཆུ་ཆེན་དེ། །སྔོ་ཐིང་ངེ་འབབ་སྒོ་བཀག་པས་ཆོག །ས་ལ་འབར་བའི་མེ་ལྕེ་དེ། །ནག་ཚུབས་
87
སེ་དུ་རླངས་འཚུབ་པས་ཆོག །གཞན་གྱི་བུ་དང་འདྲ་ལེ་མེད། །སྤྲུལ་པ་སྣ་ཚོགས་ཡོད་པའི་
མི། །འགྲན་ཡ་ཨེ་ཡོང་ཤེས་ས་ཡོད། །བྱང་བྱེ་རི་ཡུལ་གྱི་ས་ཆ་དེས། །ཕར་དགྲ་ལར་གྱིས་མ་ བྱས་པར། །ཚུར་འགེལ་མི་ལོ་གསུམ་ལ་བྱས། །གླིང་སྡུག་ཝ་མོའི་ཁྱུ་དཔུང་དེ། །མི་ཡུལ་དེ་
ལ་རང་ཡུལ་བསམས། །མི་རྒྱུ་ཟ་བ་རང་རྒྱུ་བསམས། །གཞན་མཁར་ཡོད་ན་རང་མཁར་
བསམས། །ཕ་ཡུལ་ཡོད་ཀྱང་མི་ཡུལ་འགྲིམས། །བདེན་ཟས་མེད་ཀྱང་ཇག་ཟས་ཟ། །རང་རྟ་
མེད་ཀྱང་མི་རྟ་བརྒྱུགས། །ཕངས་མེད་ན་དམར་གཞུང་གཤགས་བྱེད། །རང་ཆེ་རང་འདོད་རང་
བཙན་གསུམ། །རང་སྣང་ཨ་སྔོན་དགུང་ལས་མཐོ། །རང་དམའ་སྐྱག་ཚང་འོ ག་ནས་འབེབས། །རང་ མཚང་འཕྱ་དམོད་ན་བུན་འཐིབས། །རང་དམའ་ཐལ་བ་སྤར་གང་རེད། །རང་ཆེ་འབབ་ཆུ་ས་
ནག་ལྷུང་། །དེ་མིན་ཡོང་རྒྱུ་ཅི་ལ་ཡོད། །ད་ནངས་ཞོགས་པའི་རྟིང་མ་ལ། །གླིང་རུ་ཕོ་ཁྲམ་མི་ མགོ་བདུན། །རྐུན་མ་ལུག་ལ་འཇབ་འཇབ་རེད། །གཡང་ཁྱུ་ཞགས་པས་བཟུང་བཟུང་རེད། །ད་ རུང་དེ་བས་མ་ཚད་པར། །ཐང་དཀར་བླ་མཁར་བྲག་རྫོང་དེ། །སྲིན་པོ་ཁ་འཐབ་མི་རྒོད་
གཟུགས། །གཏེར་དང་ནོར་བུའི་བང་མཛོད་གཅིག །གོང་བཙན་གཡང་གི་མཁར་བཙན་
གཉིས། །བདག་པོ་བཙན་དང་བཙན་གསུམ་དེས། །སྲོག་ལ་ཕངས་མེད་མི་དགོས་བསམས། །ཡིན་ ཀྱང་ཕངས་མེད་རང་མགོ་འདོན། །ཁྱོད་མ་བྱས་ལས་དེ་གཅིག་ཀྱང་མེད། །ད་ནི་བྲོས་ཚོད་ལར་ གྱིས་མེད། །རྣོ་གཅོད་ཧ་ལོ་དུག་མདུང་འདི། །ཐེའུ་རང་མགར་བའི་འཕྲུལ་ལྕགས་རེད། །ས་
ཐེའུ་ནག་པོའི་ལག་ནས་བླངས། །སྦྲུལ་ནག་མེ་ལྕེ་འབར་བ་ཟེར། །གཡུགས་ན་རི་བོ་མེ་འབར་
ཟེར། །ནམ་མཁའི་མཐོངས་ལ་བསྐོར་བའི་དུས། །ཉི་ཟླ་གཉིས་པོ་དམར་མདངས་ཆག །ས་གཞི་
ཕྲེད་ལ་གཡུགས་པའི་དུས། །རྒྱ་མཚོ་སྔོན་མོ་གྲམ་ལ་འགྱུར། །རྡོ་རྗེ་བྲག་ལ་འདྲེན་པའི་དུས། །སྲ་ མོ་བྲག་རི་ཐལ་བར་གཏོང་། །གནམ་ལྕགས་ཐོག་གི་ཨ་མ་ཡིན། །འཆི་བདག་གཤིན་རྗེའི་ལག་
ཡ་ཡིན། །ཁྲམ་པས་ཧམ་པ་བྱས་བྱས་ཀྱིས། །དྲིན་ཆེན་ཕ་མར་རལ་གྲི་འཕྱར། །ཟོག་པོས་ཆོས་
མགོ་བསྐོར་བསྐོར་གྱིས། །རྒྱུ་རིག་ན་དམིགས་པ་བསྐྱེད་རིམ་བྱེད། །ཁྱོད་མ་བྱས་ལས་དེ་གཅིག་ ཀྱང་མེད། །དམན་ཁྲ་རིལ་མ་དེས་མི་མགོ་བསྐོར། །ཁོག་སྟོང་གྲྭ་པས་ཆོས་བཤད་བྱེད། །ལུས་ གཟན་ཤམ་འོ ག་ནས་དུག་མདའ་འཕེན། །དེ་ལ་གེ་སར་རྫོ་ལེ་མེད། །ཁྱོད་ལ་དཔའ་བརྟུལ་རྫོ་
88
ལེ་མེད། །ཁྱོད་རྒོད་པོ་དེ་ཙམ་ཡིན་པས་ན། །སྔོན་མ་དུས་ཀྱི་ཡ་མཐའ་དུས། །ནུབ་ཀྱི་སྟག་
གཟིག་རྒྱལ་པོ་ལ། །འཛམ་གླིང་འགྲན་ཡ་མེད་པའི་བུ། །སྟག་སྲས་ཟླ་བ་ཁྲབ་རྒོད་དེ། །ཤ་པ་ ཇོ་རུའི་ལག་ཏུ་བཞག །ནོར་རྫོང་གཏེར་གྱི་སྒོ་མོ་དེ། །ས་སྟེང་གཡང་གི་དང་པོ་ཡིན། །འཁོར་ བ་ཆགས་པའི་གཞི་མ་ཡིན། །འཛམ་གླིང་ནོར་གྱི་དང་རྩེ་ཡིན། །གཏེར་ཟོག་ནོར་བུ་ཆ་བདུན་
དང་། །ས་སྟེང་ཟོག་གི་གཡང་ཕུད་ལ། །རྟ་གཡང་ནོར་གཡང་ལུག་གཡང་དང་། །ཟས་གཡང་
གོས་གཡང་རྒྱུ་གཡང་སོགས། །གཡང་སྣ་མ་གཅིག་བཅོ་བརྒྱད་དེ། །ཤ་པ་གླིང་དཀར་སྟོད་ལ་
བསྐྱལ། །ལུས་གཟུགས་བེམ་པོ་འདོམ་གང་དེ། །ཚེ་གཅིག་གླིང་རུའི་གཡོག་ལ་བསྐོས། །རང་
དབང་མེད་ཀྱང་སྲོག་དང་བརྗེས། །རང་ཟས་ཁ་ལ་ཟ་རྒྱུ་མེད། །མི་ཟས་དུག་གི་ཧ་ལོ་འགམ། །རང་
ས་རང་གིས་མ་བཟུང་བར། །སྔས་མགོ་གོར་མོ་རྡོ་ལ་བྱེད། །ཁ་སྐོམ་ཡུར་ཆུ་སྔོན་མོ་བྱེད། །ཁྱོད་ དགའ་འོ ་བསམ་མམ་སྡུག་གོ་བསམས། །ད་རུང་སྣང་བ་དགུང་ལས་མཐོ། །དེ་རིང་རྟིང་མ་ང་
ལ་བབས། །མེ་ལྕེ་འབར་བའི་དུག་མདུང་འདི། །འཕྲུལ་འཁོར་གནམ་གྱི་རྩེད་ར་ཡིན། །ས་གཞི་ གྲམ་གྱི་གཤིན་ར་ཡིན། །མི་ཕོ་དགྲ་ཡི་སྲོག་གཅོད་ཡིན། །སྙིང་ཁྲག་གོང་དུ་ཧོ་མ་ཡ། །ཟེར་
ཞིང་དུག་མདུང་དེ་བསྣུན་བྱུང་བར། ཞལ་དཀར་གྱི་བྲང་སྟེང་དུ་མེ་ལོང་རྟ་སྒ་ཙམ་ཡོད་པ་དེ་སིང་ སྒྲ་ཐར་རེར་གཏོར། ཁྲབ་ཀྱི་རྒྱུན་ཐག་བྱ་སྒྲོ་མེ་ཡིས་གཞོབ་པ་ལྟར་བཏང་སྟེ་ཞལ་དཀར་རྟ་ཐོག་ ནས་རིལ་ལ་ཁད་བྱུང་བར། གཡུང་དྲུང་ཚེ་དབང་རྒྱལ་མཚན་དེས་ཞལ་དཀར་གྱི་ལག་གཡས་ ནས་བསྐྱོར་ཏེ་ཤི་ལྕེབས་རོ་ལྕེབས་ཀྱིས་ཁོ་ལ་གྲི་ལན་མང་གཡུགས་ཀྱང་གནོད་མ་ཐུབ། ཁོ་
ཡིས་མདུང་བསྣུན་ནས་གཡུང་དྲུང་ཚེ་དབང་རྒྱལ་མཚན་དེ་བཀྲོངས། ཁོ་ཡིས་ཞལ་དཀར་གྱི་
མགོ་ལག་ལེན་བསམས་ནས་ཚུར་ཡོང་བར། ཞལ་དཀར་གྱིས་མྱུར་བར་རྟ་ཐོག་ནས་ཡོབ་ལངས་ བརྒྱབ། རལ་གྲི་ཤེལ་དཀར་དགུ་གཅོད་དེའི་ཤུབས་ཁ་ཕྱེད་ཙམ་སྤར་ནས། ཡ། ཁོ་རེ། ཚིག་
གསུམ་སྒྲ་སྡེབ་མ་བྱས་ན། །གླིང་དཔའ་བརྟུལ་གྲལ་དུ་སྡོད་ལེ་མེད། །ཆོས་ཤོད་པའི་གྲུབ་མཐའ་
མ་ཤེས་ན། །སྡུག་སྡིག་པའི་སྤང་བྱ་བྱེད་ལེ་མེད། །དཔོན་ཨ་ཁུས་ཁྲིམས་ལུགས་མ་ཤེས་ན། །བུ་ རང་ལུས་སྒྲིག་ལམ་ཚུད་ལེ་མེད། །སྡེ་ཁྲ་རུ་འགྲོ་འདུག་ཤེས་ལེ་མེད། །ནམ་ཚོད་སྐར་ཚོད་མ་ ཤེས་ན། །སོ་ནམ་ལས་ཚོད་ཟིན་ལེ་མེད། །ཟེར་བའི་གཏམ་དེ་ཨེ་བདེན་འདུག །རྒོད་པོ་གླིང་
89
དཀར་ཁྲ་མོ་འདི། །བྱེ་རིའི་ཡུལ་ལ་ཡོང་ལེ་ནས། །ལོ་ཨ་ལོང་འདྲ་ཞིག་ཕྱེད་གསུམ་གཏུགས། །དཔའ་ ཅི་ཡོད་བདུད་བློན་ཕོ་གསར་ཚོ། །ཁྱི་གདའ་ལི་ངར་ངར་འཐེན་འཐེན་རེད། །རྡོ་དབྱུག་གུ་གཉིས་
ཀྱི་སྣེ་འདྲེན་རེད། །རྟ་གསར་སྒ་འདྲོག་ཁ་ངར་ཅན། །རྡོ་རྡེའུ་གཉིས་ཀྱི་སྣ་འདྲེན་རེད། །ཕོ་གསར་ སྣང་བ་མཐོན་པོ་མ། །ལུས་རང་སྲོག་ཕུང་བའི་གཞི་མ་རེད། །མོ་གསར་སྐྱེ་ལོ་འཕྱོར་པོ་མ། །བུ་ ཁྲམ་པ་འཁོར་བའི་སྣ་འདྲེན་རེད། །བྲག་དཀར་དཀྱིལ་གྱི་ཐང་དཀར་རྒོད། །མཐོ་ན་མ་དགའ་ དམའ་ན་བཟང་། །ཤ་ཁྲག་ཟ་ཉིན་དམའ་ལ་བབ། །རྫ་རྩེ་འགྲིམ་པའི་འབྲོང་བུ་དེ། །མཐོ་ན་མ་
དགའ་དམའ་ན་བཟང་། །རྫ་སྤང་མཚམས་ཀྱི་སྨན་རྩྭ་བཟང་། །ཆོས་སྐུ་རང་འཁྲུངས་བླ་མ་ དེ། །མཐོ་ན་མ་དགའ་དམའ་ན་བཟང་། །དམྱལ་ཁམས་བཅོ་བརྒྱད་ཆོས་ལ་བསྒྱུར། །སྡེ་ཆེན་
མགོ་འཛིན་དཔོན་ཆེན་དེ། །མཐོ་འདོད་བཞག་ནས་དམའ་ན་བཟང་། །འབངས་སྡེ་སེམས་ཞེན་ དེ་ལ་ཆེ། །སྟག་ཤར་བུ་ཚ་འཁོར་གསུམ་ཅན། །སྣང་བ་མ་མཐོ་ལྷིང་ན་དགའ། །རྒྱ་སྡེས་ཆ་
འཇོག་དེ་ལ་བྱེད། །རྒྱ་གྲོང་ན་ཆུང་བུ་མོ་དེ། །བྲེལ་ན་མ་དགའ་དལ་ན་དགའ། །བདེན་ཁ་བློ་
བཟང་དེ་ལ་ཡོད། །རྟ་ཆུང་རྒྱུག་པའི་བང་ཁ་དེ། །བྲེལ་ན་མ་དགའ་དལ་ན་དགའ། །ས་ཐག་རིང་
པོ་དེ་ཡིས་ཆོད། །འདྲ་བསམ་ཨེ་གདའ་བདུད་ཕྲུག་ཁྱོད། །ན་ནིང་ཀོ་དམར་ཞྭ་ཞིག་བཟོས། །ད་ ལོ་མགོ་བོ་བཅུར་ནས་འགྲོ། །ན་ནིང་ཀོ་དམར་གོས་ཤིག་བཟོས། །ད་ལོ་ལུས་པོ་བཅུར་ནས་
སོང་། །ན་ནིང་ཀོ་དམར་ལྷམ་ཞིག་བཟོས། །ད་ལོ་རྐང་པ་བཅུར་ནས་སོང་། །གོར་མོ་རྡོ་ཡི་ཞྭ་ མོ་དེས། །ལོ་རེ་སོང་ན་ལྗིད་ཀྱིས་མནན། །དམར་ནག་རམ་པས་ཆང་ཞིག་བཙོས། །ཞག་རེ་
སོང་ན་ཇེ་རུལ་རེད། །རྐུན་མ་ཁྲམ་པས་རྒྱུ་ཞིག་ཟོས། །ལོ་རེ་སོང་ན་ཇེ་ལྟོགས་རེད། །དམན་
ཆུང་བུ་མོས་འཆལ་པོ་འཚོལ། །ལོ་གསུམ་སོང་ནས་སྤྲང་པོར་གྱུར། །ཁྱོད་དེ་མིན་ཡོང་བ་ལར་ གྱིས་མེད། །དེ་རིང་ཞལ་དཀར་བུ་ལ་ཐུག །ངའི་ལག་ན་ཡོད་པའི་རལ་གྲི་འདིར། །ཤེལ་དཀར་
སྟོང་གཅོད་མིང་དུ་གྲགས། །སྟག་གཟིག་ཡུལ་གྱི་ཕ་རལ་རེད། །གྲི་ཡར་འཚོས་གོང་མ་ལྷ་ཡིས་ འཚོས། །བར་འཚོས་བར་མ་གཉན་གྱིས་འཚོས། །མར་འཚོས་འོག་མ་ཀླུ་ཡིས་འཚོས། །ཨ་
བོན་བླ་མས་སོ་ཁ་འཚོས། །གཡུང་དྲུང་ལྷ་ཡིས་ལྟག་པ་འཚོས། །དགྲ་ལྷ་ཝེར་མས་སྙིང་ནས་ དྲོངས། །དེ་རིང་དགྲ་སྲོག་ཆམ་ལ་ཕོབ། །རྟིང་མ་ཞལ་དཀར་ལག་ཏུ་ཞོག །མགོ་འཕྲུ་དམར་
90
པོ་ཁྲག་ལ་སྒྲེས། །རྟ་ཁྲབ་བེར་གསུམ་ང་ལ་བབས། །ཕ་རྫོང་བྲག་དམར་ཁ་འཐབ་དེ། །དྲག་ པོས་བྲག་ཅ་འཁོར་ལེ་བཟོ། །དེ་མ་བཟོས་ཟེར་ན་སྟག་བློན་མིན། །གླིང་དཀར་ལྷ་ཆོས་མེད་
རྟགས་གྱིས། །སངས་རྒྱས་བདེན་ཚིག་མེད་རྟགས་གྱིས། །ཞལ་དཀར་དཔའ་སྙིང་མེད་རྟགས་
གྱིས། །གླུ་གོ་ན་རྣ་བའི་དཀྱིལ་ལ་ཞོག །མ་གོ་སྡུག་སེམས་རླུང་ལ་བསྐུར། །ཅེས་ཟེར་ནས་ཞལ་ དཀར་གྱིས་ཤེལ་དཀར་རལ་གྲི་དེ་གནམ་ལ་འཕྱར་ནས་མཆོངས་པ་དང་ཁོ་ཡིས་ལག་སྔ་བྱས་
ནས་ཞལ་དཀར་ལ་མདུང་གཅིག་བསྣུན་བྱུང་བ་དང་ཞལ་དཀར་གྱིས་གྲི་གཡུགས་པ་ཁོ་ཡི་བདུད་ མདུང་དེར་ཕོག་ནས་མདུང་དུམ་མེར་བཅད། སྟག་གཟིག་གི་ཡུལ་ལྷ་གཞི་བདག་དང་ཡུལ་བདག་ དྲེད་མོང་ཨོག་དཀར། གླིང་ལྷ་དགྲ་ལྷ་ཝེར་མ། བོད་ཀྱི་བཀའ་སྲུང་ཆོས་སྐྱོང་ཐམས་ཅད་མེ་
དཔུང་འབར་བ་བཞིན་ཞལ་དཀར་གྱི་དཔུང་རོགས་སུ་བྱོན་བྱུང་བ་ན་ཞལ་དཀར་བློ་སྟོབས་ཇེ་ ཆེར་འཕེལ། ཁོ་ཡང་དཔའ་སྙིང་ཆེ་བས་སྲོག་ལ་ཕངས་སེམས་མེད་པར་ཞལ་དཀར་གྱི་སྟེང་
ལ་མཆོངས་ནས་སྤར་འཐམ་བྱས་བྱུང་བར། ཞལ་དཀར་གྱིས་རལ་གྲི་དེ་ཁོ་ཡི་སྤྱི་གཙུག་རྨོག་
སྟེང་དུ་ལན་གཅིག་གཡུགས་པར། ཁོ་ལ་བདུད་ཀྱི་ལྷ་སྲུང་དང་མུ་སྟེགས་བླ་མའི་མཚོན་སྲུང་། དགའ་རབ་ཀྱི་ན་བཟའ། ཐེའུ་རང་གི་གོ་ཆ་ཡོད་པས། རྨོག་གི་ཁྱུང་སྒྲོ་གཏོར་བ་ལས་མཚོན་
མ་སོང་། ཁོས་སྟག་གཟིག་ཞལ་དཀར་ལ་འཐམ་རྩིས་བྱས་བྱུང་བར་ཞལ་དཀར་གྱིས་ཡང་བསྐྱར་ གྲི་ལན་གཅིག་གཡུགས་པས། ཁོ་ཡི་མགོ་ཀླད་པའི་རྒྱ་སྲང་ལ་ཐེབས་ཤིང་སྣ་ཁུང་གི་བར་དུ་
སོང་ཡང་། ཁོ་ལ་བདུད་བླ་ཧྭ་ཤང་ཧུ་ཤུའི་ན་བཟའ་དང་། འཆི་མེད་ལྕགས་ཀྱི་རིལ་བུ་ཡོད་པ་ སྔོ་ཐར་རེ་ལས་ཁྲག་དམར་ཐིགས་པ་ཙམ་ཡང་དོན་རྒྱུ་མེད་པར་ཞལ་དཀར་ལ་སྤར་འཐམ་བྱས་
ནས་ཞལ་དཀར་རྟ་ཐོག་ནས་ཕབ་བྱུང་བར། ཞལ་དཀར་གྱིས་ཁོ་ཡི་ཕྲག་པར་རལ་གྲི་ལན་གསུམ་ བསྣུན་པས་ཁྲབ་ཀྱི་རྒྱུན་ཐག་འགའ་རེ་བཅད་པ་ལས་ཁོ་ལ་མཚོན་མ་སོང་། དེའི་རྒྱབ་ཕྱོགས་
ནས་དཔའ་ལ་དར་རྗེ་སེང་སྟག་དང་སྟག་སྲས་ཟླ་བ་ཁྲབ་བཙན་གཉིས་དེས་ཞལ་དཀར་བཀྲོངས་ སོང་བསམས་ནས་གློག་དམར་འཁྱུག་པ་ལྟར་ཁོ་ཡི་འགྲམ་དུ་རྒྱུགས་པར། ཁོས་གླིང་དཔའ་
བརྟུལ་གྱིས་དཔུང་རུབ་བྱེད་དོགས་ཀྱིས་ཞལ་དཀར་གློད་ནས་ཁོ་རང་གི་རྟ་ཐོག་ལ་མཆོངས་
ཏེ་རླུང་སྒྲ་འུར་འུར་གྱིས་བྲག་གཞུང་ཞིག་ལ་ཡར་ཡར་བྲོས་པ་ལྟར་གྱིས་སོང་ནས་བྲག་མཐོན་
91
པོ་མདའ་རྒྱང་གང་ཙམ་ཡོད་པའི་སྟེང་ནས་རྔམ་རྔམ་འགྱིང་འགྱིང་གིས་ནམ་མཁར་འགྲོ་རྩིས་
བྱེད་པའི་དུས། ནམ་མཁའ་ནས་འཇའ་ནག་པོ་ཞིག་ཤར་ཏེ་དགའ་རབ་ཀྱི་བསུ་མ་བྱུང་བས་ཁོ་ ཡིས་འཇའ་སྣེ་ནས་བཟུང་སྟེ་མར་བལྟས་བྱུང་བར། འདིར་ཡོད་དཔའ་བརྟུལ་གསུམ་གྱིས་མི་
རེས་མདའ་རེ་འཕངས་པས། དཔའ་ལའི་མདའ་དེ་ཁོ་ཡི་རྟ་དྲེད་མོང་གཟུགས་ཅན་དེའི་ཕྲག་གི་ རལ་པའི་གསེང་དུ་ཐེབས་ཏེ་མགོ་སྒུར་སྒུར་འགྱེལ་ལ་ཁད་བྱུང་། ཞལ་དཀར་གྱི་མདའ་དེ་རྟ་
དེའི་ལག་པ་གཡས་ལ་ཐེབས་པས། ལག་འཐེང་འཐེང་བྱེད་པ་ལས་གནོད་མ་ཐུབ། སྟག་སྲས་
ཟླ་བ་ཁྲབ་བཙན་གྱི་མདའ་དེ་བདུད་ཕྲུག་གི་རྐང་པར་ཐེབས་ཀྱང་གནོད་མ་ཐུབ། དེས་ན་ཁོ་ཇེ་ མཐོར་འགྲོ་བའི་སྐབས། གླིང་གི་དཔའ་བརྟུལ་རྣམས་ཅི་བྱེད་འདི་བྱེད་མེད་པར་ལུས། བདུད་
ཀྱི་འཕྲུལ་བུ་དྲེད་མོང་བཞོན་ནས་རླུང་གི་གུར་ཁང་ཕུབ། སྤྲིན་གྱི་ན་བུན་འཐིབས་སེ། འབྲུག་
གི་འུར་སྒྲ་ལྡིར་རེ་བར་སྣང་ནས་འགྲོ་བའི་དུས། དཔའ་ལ་དར་རྗེ་སེང་སྟག་དེས། མཁྱེན་མཁྱེན། གླིང་དཀར་སྟོད་པའི་ཕོ་ལྷ་མཁྱེན། །དགྲ་ལྷ་ཝེར་མ་ཆོས་སྐྱོང་མཁྱེན། །དཔའ་བོ་མཁའ་འགྲོ་
ཟོ་དོར་མཁྱེན། །ཡུལ་ལྷ་རྨ་རྒྱལ་སྤོམ་ར་མཁྱེན། །དགྲ་ལྷ་གཉན་སྟག་དམར་པོ་མཁྱེན། །འབྲོང་
གཡག་དར་མ་བཅུ་གསུམ་མཁྱེན། །བོད་ཁམས་བསྟན་མ་བཅུ་གཉིས་མཁྱེན། །མགོན་པོ་བདུན་
ཅུ་རྩ་ལྔ་མཁྱེན། །རྗེ་བཙུན་སྒྲོལ་མ་ཉེར་གཅིག་མཁྱེན། །གུ་རུ་དྲག་པོ་མཚན་བརྒྱད་མཁྱེན། །དགྲ་ བོ་གོམ་གསུམ་མ་ཐོང་ཞིག །ཤོར་སོང་དགྲ་བོ་གནམ་ལ་ཤོར། །འཛམ་གླིང་ཆོས་ལ་བསྒྱུར་
ཐབས་མེད། །སེམས་ཅན་བདེ་ལ་བསྐོས་ཐབས་མེད། །སངས་རྒྱས་བསྟན་པ་དར་ཐབས་མེད། །དེ་ རིང་གླིང་རུའི་འགྲོ་དོན་དེ། །སྟོང་པ་རླུང་ལ་འགྱུར་ལེ་ཡོད། །ཅེས་ཟེར་ནས་ཡང་བསྐྱར་མདའ་ གཅིག་བླངས། མདའ་གཞུ་ལྟོང་མཐེབ་སྤྲད་པ་དང་། ནམ་མཁའ་ལྷ་ཡི་ཞིང་ཁམས། །སྟོང་ཉིད་
འཇའ་ཡི་གུར་ཁང་། སྤྲིན་དཔུང་རལ་བ་རོལ་བའི་འགྲིམ་ལམ་ནས། དགྲ་ལྷ་ཕྲག་ཁྲི་དགུ་འབུམ་ དེ། བྱ་རིགས་གཤོག་སྒྲ་དིར་རེ། གཅན་གཟན་ངར་སྐད་ལྡིར་རེ། གཡུ་འབྲུག་མེ་གཤོག་ཐར་
རེ། གློག་དམར་ཟེ་ར་འཚུབས་སེ། ནམ་མཁར་སྤྲིན་ནག་གཡོ་ཞིང་བར་སྣང་རླུང་སྒྲ་འུར་རེ་བདུད་ ལྷ་རྣམས་ཕར་འདེད་ཚུར་འདེད། བྱེའུ་ཁྱུ་ཁྲ་ཡིས་གཏོར་འདྲ། ལུག་ཁྱུ་སྤྱང་ཀིས་དེད་འདྲ། ར་ ཁྱུ་འཕར་བས་དཀྲུག་འདྲ། རླུང་འཚུབས་ནང་གི་མར་མེ་ལྟ་བུར་བཀྲོངས་བྱུང་བར། བདུད་བློན་
92
དེའང་ཇེ་དམའ་ཇེ་དམའ་རུ་ལྷུང་ནས་ད་ནངས་ཡར་འགྲོ་བའི་བྲག་སྟེང་དེར། རྒོད་ཐང་དཀར་
བྲག་ཚང་ལ་བབ་པ་བཞིན་ལྷུང་བྱུང་བས། གླིང་དཔའ་ལ་དར་རྗེ་སེང་སྟག་དེ་ཡིས། རྟ་སྟོང་རི་ དར་དཀར་གྱི་གོང་དུ་བུད། ལྷ་མདའ་དཀར་མོ་དགུ་གཅོད་དེ་གཞུ་སྟེང་དུ་བཞག་ནས་དཔའ་གླུ་ ངར་སྐད་འདི་ལྟར་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ལ་མོ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །འབྲུ་
དྲུག་ཚིག་གི་གཅོད་ལུགས་རེད། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །གསོལ་བ་སྙིང་ གི་རྒྱུད་ནས་འདེབས། །བྱིན་རླབས་ཐུགས་རྗེས་མགོ་ནས་གནོན། །རིགས་དྲུག་ཕ་མ་སེམས་ ཅན་རྣམས། །མ་དག་འཁོར་བར་གནས་ཚད་དེ། །དག་པའི་ཆོས་ལ་འགྱུར་བར་ཤོག །གླུ་
འདི་ནམ་མཁའི་འབྲུག་གླུ་ཡིན། །ངོ་ཤེས་ན་ཁྱོད་དང་ང་གཉིས་ཐུག །ཚེ་སྔོན་ལས་ཀྱི་བསྐོས་ ཐང་རེད། །སྤྲ་བ་མེ་རྡོ་མེ་ལྕགས་གསུམ། །བསམ་པ་མེད་དེ་འཛོམས་ལུགས་ལ། །རི་རབ་ སྲེག་པའི་དུས་ལ་བབས། །བླ་མ་སློབ་མ་ཡོན་བདག་གསུམ། །བསམ་པ་མེད་དེ་བསྐོས་ཐང་
རེད། །འདྲེ་སྲིན་འདུལ་བའི་དུས་ལ་བབས། །དཔོན་པོ་བློན་པོ་འབངས་སྡེ་གསུམ། །བསམ་པ་ མེད་དེ་བསྐོས་ཐང་རེད། །གཅིག་སེམས་གཅིག་བརྟེན་དུས་ལ་བབས། །དགུང་གི་གཡུ་འབྲུག་ སྔོན་མོ་དེ། །དབྱར་ལ་གྲག་ན་གྲག་ངེས་ཡིན། །དགུན་ལ་གྲག་ན་ལྟས་ངན་ཡིན། །བྲག་རོང་
ཡུལ་ལ་འུག་པ་དགོད། །ཡུལ་དེར་བགད་ན་བགད་ངེས་ཡིན། །ས་གཞན་ལ་བགད་ན་ལྟས་ ངན་ཡིན། །གླིང་དཔའ་བརྟུལ་དཔའ་ལ་དགྲ་ལ་ངར། །བདུད་ནག་པོ་བཏུལ་ན་འདུལ་ངེས་
ཡིན། །རྫ་ལམ་ཆུ་མདོ་བྲག་རོང་ནས། །བྲོས་ལམ་མ་རྙེད་གབ་ཁུང་བཟུང་། །དེ་ནས་དཔུང་
པའི་ཐོང་འཛིང་དུས། །དགའ་རབ་སྤྲུལ་པ་ཆེ་འདུག་བསམས། །དམུ་རྟ་བཞོན་ནས་ལམ་མཐར་
བསྙེགས། །སྔ་དྲོ་རྟ་ཕོ་མགྱོགས་པོ་མ། །ཚིགས་ཆུ་འཁོར་བའི་སྔ་ལྟས་རེད། །ཚེ་སྟོད་ཕོ་གསར་ ཧམ་པ་ཅན། །རང་སྲོག་ཤོར་བའི་སྔ་ལྟས་རེད། །བླ་མ་དཀོར་ཟན་རྒྱུ་ལ་བརྔམས། །དམྱལ་
ཁམས་འགྲིམ་པའི་སྔ་ལྟས་རེད། །དཔོན་པོ་ཁྲེལ་མེད་འོག་སྡེར་སྡང་། །གོ་ས་ཤོར་བའི་སྔ་ལྟས་ རེད། །མི་ཆུང་ཁྲེལ་མེད་རྒྱུ་ལ་བརྔམས། །རང་ལུས་ཤོར་བའི་སྔ་ལྟས་རེད། །ཁྱི་རྒན་རྐུན་མ་ ཁུག་ལ་འཇབ། །སྐེ་ལྕགས་ཐག་འདོགས་པའི་སྔ་ལྟས་རེད། །ད་འགྲོ་ས་གཅིག་ལས་ཁྱོད་ལ་
93
མེད། །མདའ་འདི་འཕེན་གསོན་ལ་གཏོང་ལེ་མིན། །དེ་རིང་གནམ་སའི་བར་སྐབས་ན། །མ་
གོ་མ་ཚོར་མ་ཤེས་གསུམ། །མེད་པ་ལྷ་ཡིས་ལོས་མཁྱེན་རེད། །མདའ་འདི་བདུད་པོའི་སྙིང་ལ་
རྒྱོབ། །བེམ་རོ་བྲག་རོང་ཆུ་ལ་གཡུགས། །རྣམ་ཤེས་དག་པའི་ཞིང་ལ་དྲོངས། །མཁྱེན་གཟིགས་ ཆོས་ལོངས་སྤྲུལ་གསུམ་མཁྱེན། །མགོན་སྐྱབས་མ་དང་མཁའ་འགྲོས་མཛོད། །འཚོས་ཤིག་ དཔའ་བོ་བུ་རྟ་འཚོས། །བདུད་ནག་པོའི་སྙིང་ལ་ཧོ་མ་ཡ། །ཞེས་མདའ་དེ་བརྫངས་པས། ཐོག་
སེར་མེ་གློག་གིས་བར་སྣང་ཁེངས་ཤིང་འུར་སྒྲ་ལྡིར་སྒྲ་འབྲུག་སྐད་སྒྲོག་འདྲ། ས་གཞི་འདར་ཡོམ་ ཡོམ། བར་སྣང་གི་སྤྲིན་ཚོགས་འཁོལ་འགྱུར་ཤིག་ཤིག་གིས་གཏོར། བདུད་པོ་དེ་ལ་སྟོབས་དང་ རྫུ་འཕྲུལ་མང་པོ་ཡོད་ཀྱང་གླིང་ལྷ་རྣམས་སྟོབས་ཤུགས་ཆེ་བས་ཁོ་བྲོས་དབང་མེད་པར་ལུས།
དཔའ་ལའི་མདའ་དེ་ཁོ་ཡི་བྲང་སྟེང་དུ་ཐེབས་པས་རི་བོ་མེ་ཡིས་བསྲེགས་འདྲ། བྲག་དམར་ཐོག་ གིས་གཏོར་འདྲ། འཆི་བདག་གཤིན་རྗེའི་ཞགས་པས་ཚེ་ཟད་བཟུང་འདྲ་བྱས་ཏེ་མདའ་རྩེ་རྒྱབ་
ཕྱོགས་ནས་ཐོན་ཏེ་བྲག་རི་ལིང་གཅིག་འུར་རེ་བཤིག་ནས་ས་ལ་འཕངས་བྱུང་བ་དང་དྲེད་རྟ་ཨོག་ དཀར་དེ་རྒྱུག་མ་འདུར་གྱིས་མཆོངས་བྱུང་བར། ཞལ་དཀར་གྱིས་མདའ་གཅིག་འཕངས་པ་རྟ་
དེའི་སྣ་དང་མིག་གི་མཚམས་སུ་ཕོག་ནས་མི་རྟ་གཉིས་པོ་ཐུར་དུ་རྦབ་རྡོ་བཞིན་འགྲིལ་བྱུང་བ་ དང་བདུད་ཕོ་དེས། འཛམ་བུ་གླིང་གི་སྲོག་གཅོད། སངས་རྒྱས་བསྟན་པའི་བསྟན་དགྲ། དགེ་
འདུན་རྣམས་ཀྱི་སྐུ་དགྲ། བླ་མ་རྣམས་ཀྱི་སྤྱི་དགྲ། ཁོ་མ་ངན་ཨབ་ཤ་ཇོ་རུ་དེས། སངས་རྒྱས་ ཀྱི་བསྟན་པ་ཡར་བརྩེགས་ན། དེ་མར་གཤིགས་པའི་དམ་སྲི་གདུག་པ་ཅན་གྱི་སྐྱེ་བར་འགྲོ་བ་ ཤོག་ཟེར་ནས་སྨོན་ལམ་དམིགས་པ་བྱེད་པའི་དུས། རྒྱལ་པོ་སེང་ཆེན་གྱིས་སྟོང་ཉིད་མཉམ་
པར་གྱི་ཐུགས་རྗེས་མཁྱེན་ཏེ་ཕྱག་ཕྲེང་དེ་གཡུགས་པས། དྲེལ་རྟ་དེའི་རྣམ་ཤེས་གྲུམ་པ་ཞིག་ ལ་གྱུར། བདུད་ཕྲུག་དེའི་རྣམ་ཤེས་སྦལ་པ་ཞིག་ལ་གྱུར་ནས་རྒྱལ་པོའི་བཞུགས་ཁྲིའི་འོ ག་ཏུ་ བཀུག་བྱུང་བར་ཕྱག་ཕྲེང་ལ་བསྐོན་ནས་བཞག དེའི་དུས་དཔའ་ལ་དང་བློན་ཆེན་ཞལ་དཀར་
གཙོས་པའི་དཔའ་བརྟུལ་རྣམས་ཀྱིས་བདུད་སྒར་གྱི་སྟེང་དུ་མཆོངས་པས་བདུད་དམག་ལ་ལ་
རི་ལ་བྲོས། ལ་ལ་ཆུ་ལ་ལྕེབས། ལ་ལས་ཕྱག་འབུལ་མགོ་སྒུར་བྱས། བདུད་མཁར་སྲིན་པོ་ཁ་
འཐབ་ཀྱི་ཕྱི་ནང་བར་གསུམ་གླིང་གི་ལྷ་དམག་གིས་བཟུང་། མཁར་རྩེར་སྟག་སེང་ཁྱུང་འབྲུག་
94
གི་དར་དཀར་གཙོས་གདུགས་དང་རྒྱལ་མཚན། བ་དན་སྣ་ལྔ་གཙུགས་ཤིང་དུང་རྒྱ་གླིང་སོགས་ ཀྱི་རོལ་དབྱངས་ཀྱིས་བཀང་ནས་དགའ་སྤྲོར་རོལ་བའི་དུས། ཧ་ཤང་ནག་པོ་དེ་དང་ཧྭ་ཤང་བླ་
མའི་སྤྲུལ་པ་ཧ་ཚག་ཧུ་ཤུ། ཤི་ལོག་སྟོང་བདུད་གསུམ་དེ་སྤྲུལ་པའི་བརྒྱུད་ནས་ཤོར་ཏེ་རྒྱལ་པོའི་ མདུན་དུ་སོང་། བླ་མ་ཧྭ་ཤང་སྤྲུལ་པ་དེས། མ་ཕན་མ་དགའ་མ་སྐྱིད། སྡུག་ལེ་མུག་ལེ་ཕུང་ལེ་ ལ། ད་ལོ་གྱོད་ནག་པོ་དགུ་དེ་རང་ཡུལ་རེད་ཟེར་ནས་ཧཱུཾ་སྒྲ་བསྒྲགས། རྒྱལ་བློན་རྣམས་ཆང་
ཨ་རག་སྐྱེམས་འདྲེན་བྱེད་ཅིང་ཡོད་པས། རྒྱལ་པོ་ཆང་ཨ་རག་གཉིས་ཀྱིས་བཟི་ནས་བླ་མས་ བཤད་པ་ཧ་མ་གོ དོན་མ་རྟོགས། སེམས་དྲན་པ་མེད་པས། ཧྭ་ཤང་བླ་མ་དེས། ཡ། ད་ཉིན་
མ་བཅོ་ལྔའི་ཕར་འདབས། ཟླ་བ་གཅིག་གི་ཚུར་ནང་ལ་རང་ཡུལ་ས་ཆ་ཡུ་མེད་ཤོར་ཟེར་ནས་ སྡུག་སྐད་འུག་པའི་རྟ་ལ་དྲངས་ནས་གླུ་བླངས་པར་གདའ་འོ ། །
ཧཱུཾ་གཅིག་ཧཱུཾ་གཉིས་ཧཱུཾ་དང་གསུམ། །ཧཱུཾ་གསུམ་ཐོག་ནས་གླུ་ཞིག་ལེན། །ཧཱུཾ་གླུ་མི་འགྱུར་
སྔགས་པའི་གླུ། །མཆོད་གཅིག་མཆོད་གཉིས་མཆོད་དང་གསུམ། །ཤ་ཁྲག་རུས་པའི་མཆོད་པ་ ལ། །རྟ་ཁྲག་ཕག་ཁྲག་ཁྱི་ཁྲག་གསུམ། །རཀྟ་དམར་པོའི་དམར་མཆོད་ཡིན། །བདུད་ལྷ་དགའ་ བའི་ལྷ་མཆོད་ཡིན། །ང་འདྲ་ཁྱོད་ཀྱིས་ལོས་ཀྱང་མཁྱེན། །བྲག་ཧྭ་ཤང་ན་བུན་སྟོང་འཐིབས་
ལ། །རྒྱལ་སྲས་བླ་མའི་གདུང་རྒྱུད་ཡིན། །ཧྭ་ཤང་བླ་མ་ཧུ་ཤུ་ཟེར། །ཕ་རྒྱུད་རུས་རྒྱུད་སྔགས་
པའི་རྒྱུད། །བསྒྲུབ་བྱ་ཡང་དག་མཐུ་དང་སྔགས། །རྟེན་ས་མུ་སྟེགས་ལྷ་ལ་བརྟེན། །སངས་རྒྱས་ ཆོས་ཀྱི་བསྟན་དགྲ་ཡིན། །ཇོ་རུ་མུ་གེ་ཨབ་ཤ་དང་། །གླིང་རུའི་མུ་གེ་དཔའ་བརྟུལ་དེ། །ཡི་
དྭགས་མཚོ་འགྲམ་བཀུག་ན་བསམས། །བསམ་ཚད་ལས་དེ་མི་འགྲུབ་འདུག །ཡར་འགྲོ་དཔྱི་ མགོ་ཐུར་ཟུག་གདའ། །ལས་བསམ་འགྲུབ་རྒྱུ་མེད་ལེ་སྡུག །ཕ་བསམ་ཙམ་ཞིག་བུ་སེམས་
མེད། །བུ་སེམས་ཙམ་གྱི་སྡེ་མཐུན་མེད། །བླ་མའི་སྒྲུབ་ཕུག་བཅོ་བརྒྱད་དེ། །ཞག་མ་བཅུ་ཡི་ གོང་རོལ་དུ། །གནམ་ནས་ཐོག་སེར་བབ་ནས་བྱུང་། །ས་ནས་རི་བོ་འགུལ་ནས་བྱུང་། །ཆུ་
མེད་ཆུ་ཡིས་ས་གཞི་བཀང་། །རྫ་རི་བྲག་རི་གངས་རི་གསུམ། །དུས་ཅིག་མདོ་ལ་བསྙིལ་
ནས་བྱུང་། །ཉིན་རི་སྲིབ་ལ་འགྱེལ་ནས་བྱུང་། །སྲིབ་རི་ཉིན་ལ་ལོག་ནས་བྱུང་། །ལུང་མདོ་
འདམ་གྱིས་བསྐོར་ནས་གདའ། །འུར་སྒྲས་ལུང་པ་བཀང་ནས་ཐལ། །ཆུ་མེད་ཆུ་ཡིས་གྲོག་རོང་
95
བཟོས། །དེ་ནས་མི་རྒོད་འཕྲུལ་རི་ལ། །དངོས་ཡོད་གླིང་དམག་ཆས་ནས་བྱུང་། །ཤར་གྱི་སེངྒེ་ གནམ་རྫོང་དེ། །གཡུ་ལྷ་ཐོག་འགྱུར་བཟུང་ནས་ཐལ། །བྱང་གི་རུས་སྦལ་གནམ་རྫོང་དེ། །ཁྲ་
མོ་གླིང་ལ་ཤོར་ནས་གདའ། །ཆོས་གྲུབ་དཔའ་ལས་གསོན་བཟུང་བྱས། །ད་ནི་རྒྱལ་བློན་ལས་
ཟད་ཚོ། །ཡུན་རིང་མ་སྡོད་བྲོས་གྲབས་མཛོད། །བླ་མའི་ལུང་དང་མོ་མ་བསྟུན། །གར་འགྲོ་ལུང་ ཆེན་གདམ་ག་གྱིས། །བཙུན་མོ་སྲས་དང་སྲས་མོ་དང་། །ཡར་གཡོག་ཕུ་ནུ་ཕ་ཤོར་ཚོ། །ལན་ ཞིག་མ་བྲོས་བཞུགས་ན་དགའ། །ཇོ་རུ་མཁར་ལ་མ་འབྱོར་བར། །ཕྱི་དགྲ་ནང་དགྲ་མི་གསོག་ པར། །ཕྱི་ནང་མ་ནོར་སྒོ་སྲུང་གྱིས། །སྟོང་ཁྲི་གཡུ་འོད་འབུམ་རྒྱལ་དང་། །སེང་ཕྲུག་ཐོག་ལྷ་
བཙན་པོ་གཉིས། །རྒོད་པོ་དཔུང་སྒྲིག་བྱས་ན་བཟང་། །གསན་ན་རྒྱལ་བློན་ཐུགས་ཆ་བསྐོར། །མ་ གསན་འགལ་འཁྲུལ་ང་ལ་མེད། །ཅེས་ཞུས་པར། རྒྱལ་པོ་ནི་ཧོན་ཐོར་ཐོར། སྐྲ་རལ་པ་གནམ་
ལ་ཟིང་། ཁྲག་རྩ་རྒྱས། སྟོད་ཁྲག་སྐེ་ལ་འཚངས་ནས་དབུགས་གཏོང་མ་ཐུབ་པར་ལུས་པས། འདིར་ཡོད་ཀྱི་བློན་འཁོར་དང་བཙུན་མོ་བཅས་པས་དགའ་རབ་ལྷ་ཡི་ཁྲུས་ཆབ་དང་བླ་མས་
ཁྲུས་གསོལ་བྱས། རྒྱལ་པོ་དྲན་པ་གསོས་ཀྱང་རང་གཟུགས་ལ་ཚོར་བ་མེད། རང་སེམས་རང་
གིས་མི་ནོན། ང་རྒྱལ་གྱི་དུག་ཆུ་འཁོལ། སྦྲུལ་ནག་པོར་ཚེར་ལྕག་བརྒྱབ་འདྲ། ཉ་མོ་བྱེ་ཐང་ལ་ འཕངས་པ་ལྟར་བྱུང་བས་སོ་སྒྲ་སྒྲོག་ཅིང་དཔུང་ལག་འཕུར་ཏེ། ཡ། དཔོན་གཡོག་མེད་རྟ་སྒ་
རང་གིས་སྟོད། །བྱ་ལག་མེད་རྒུམ་བུ་མཆུ་ཡིས་སྒྲུག །བུ་ཕ་མེད་ལྟོ་གོས་རང་གིས་འཚོལ། །དེ་ མིན་པ་བྱེད་ཐབས་ཅི་ལ་ཡོད། །དུས་ད་རེས་རྒྱལ་པོའི་ཇུས་ལ་ཐུག །རྫོང་ཆེན་རེ་ལ་རུ་འཛིན་
རེ། །ཁྲི་དམག་གསུམ་གྱི་དཔུང་དང་བཅས། །ཕྱོགས་བཞིའི་མཐའ་བཞི་སྲུང་ནའང་། །ད་བུ་མི་ དགོས་བུ་མོ་མ་ལུས་གདའ། །རྟ་མི་དགོས་རྟེའུ་མ་ལུས་གདའ། །མཚོན་མི་དགོས་འུར་རྡོ་མ་ ལུས་གདའ། །ཡིན་ཀྱང་བྱ་ཐབས་ཅི་ཡང་མེད། །ཟེར་ནས་རྨོག་ཆེན་བྱ་ནག་གཤོག་མཛེས། གནམ་ལྕགས་ཁྲོ་རྫོང་མེ་ཆུ་རླུང་གསུམ་གྱིས་མི་འཇིག་པ་དེ་དབུ་ལ་གསོལ། དགའ་རབ་བླ་
དར་དར་འཕྲུ་བཙུགས། ཁྲབ་ཆེན་ཐེའུ་རང་འབུམ་རྫོང་། གནམ་ཐེའུ་དཀར་པོའི་འཕྲུལ་རྫོང་།
སྨུག་སེར་ཁྲོ་ལས་གྲུབ་པ་དེར། གསེར་དངུལ་གཉིས་ཀྱི་རི་མོས་བརྒྱན། བདུད་ལྷ་མུ་སྟེགས་
འཕྲུལ་གྱི་ལྷ་ཚོགས་འཁོར། མེ་ཕུང་དུ་བ་འཕྱུར་འཕྱུར། ཁྲབ་རྒྱུན་ཟངས་སྐུད་དམར་པོ། དུག་
96
སྦྲུལ་འཁྱུད་འགྲོས་ལིང་ལིང་། རྒྱབ་དར་སྤྲིན་ཀློང་ནག་པོ། གཡང་དགུ་འཁོར་བའི་དར་ནག ཚེ་
དགུ་སྲོག་དགུ་གནས་པའི་དར། བླ་དགུ་འཁོར་བའི་གཡང་དར། དར་ཆེན་ཁྲ་མོ་ཁྲ་གསུམ། ཁྲ་ བོ་གཟའ་ཡི་བླ་དར། མུ་སྟེགས་སྟོན་པའི་བླ་དར་དེར། ཚེ་མདུད་སྲུང་མདུད་དགུ་བཅུ་བརྒྱབ་
ནས། ཀླུ་བདུད་ཤི་ལོག་ནག་པོ་གསུམ་དེ་རྒྱལ་པོའི་ཕོ་བྲང་ལ་འབྱོར་ནས་དགྲ་མ་ཐུབ་པར་རྫོང་ ཤོར་བའི་ལོ་རྒྱུས་ཞིབ་པར་ཞུས་པས། རྒྱལ་པོ་ངར་རྒོད་གཏིང་ནས་འཁྲུགས་ཏེ། ཡ། ད་ཤི་ ན་མཉམ་ཤི གསོན་ན་མཉམ་གསོན། འགྲོ་ན་མཉམ་འགྲོ། བསྡད་ན་མཉམ་སྡོད། ཟས་ཡོད་
མཉམ་ཟ། ཟས་མེད་མཉམ་ལྟོགས་བྱེད་པར་བློ་ཨེ་མཐུན་ཟེར་བས། བློན་པོ་གསུམ་གྱིས། ད་
མི་མཐུན་ཟེར་བ་ག་ལ་ཡོད། རྗེ་རྒྱལ་པོའི་སྐུ་ཇུས་མ་ཟིན་ན། །གཡོག་ཨ་སྡུག་བསྡད་ཀྱང་ཡིད་
སེམས་སྐྱོ། །གཡོག་པོ་སྔོན་ནས་ཤི་ན་དགའ། །དྲིན་ཆེན་རྒྱལ་པོ་འདས་པ་དེ། །ཁྲ་ཆུང་མིག་
གིས་རིག་ན་སྡུག །གྲོངས་པ་རྣ་བས་གོ་ན་སྡུག །དེ་བས་རང་སྲོག་ཆད་ན་དགའ། །དེ་མིན་བྱེད་ ཐབས་ཅི་ལ་ཡོད། །ཅེས་ཟེར་བར། རྒྱལ་བློན་བཞི་པོ་དེས་དམག་མང་པོ་དགོས་པ་མེད། རྟ་
བཟང་དམག་ཧྲག་ལྔ་བརྒྱ་དཔུང་གྲལ་བསྒྲིགས་ནས་འགྲོ་ཟེར་གྲོས་མཐུན་བྱུང་བས། ཨ་ཡོད་ ནང་གི་ད་ཡོད། །ཁྲ་ཆུང་མིག་གི་ཨ་འབྲས། །བྲང་ཁོག་སྙིང་གི་ཁྲག་ལིང་། །སོ་དཀར་སུམ་ ཅུའི་མཆེ་བ། །ཁ་ཆུང་ནང་གི་ལྕེ་དམར། །མི་ལ་བཏོན་པའི་ཡ་ཐོད། །རང་གིས་ལྟ་བའི་མིག་
འབྲས། །ཟས་ནོར་བཅུད་ཀྱི་བང་མཛོད། །མགོ་སྤྱི་གཙུག་སྟེང་གི་སྐྲ་ལོ། །རང་སྲོག་ཁེབས་པའི་ ཁྲབ་དཀར། །དགྲ་ལ་ངོམ་པའི་གོ་མཚོན། །ཧྲག་བསྡུས་གདམ་སྒྲུག་བྱས་ནས་སང་ཉིན་ནམ་
ལངས་པ་དང་འགྲོ་རྒྱུར་ཐག་བཅད། དེའི་དུས་སེང་ཆེན་དགྲ་ལྷའི་རྒྱལ་པོ། སངས་རྒྱས་བསྟན་
པའི་བསྟན་སྲུང་། གཉོམ་ཆུང་སྐྱོབ་པའི་ཕ་མ། ནག་པོ་བདུད་ཀྱི་ཁ་གནོན། སངས་རྒྱས་སྟོང་གི་ ཐུགས་སྲས། མཁའ་འགྲོ་འབུམ་གྱི་སྤྱན་མིག སྐྱེས་པ་ཕོ་ཡི་དགྲ་ལྷ། ཟ་མ་མོ་ཡི་ཟས་ལྷ། འདོ་ བ་རྟ་ཡི་བང་ལྷ། རིགས་གསུམ་མགོན་པོའི་ཐུགས་སྤྲུལ་དེ་ལྷ་འཁོར་བྱེ་བ་འབུམ་གྱིས་བསྐོར་ ནས་ལྷ་གུར་པདྨ་ཡར་འཁྱིལ་གྱི་ནང་དུ་ཏིང་འཛིན་མཉམ་པར་གྱི་སྒོམ་ལ་བཞུགས་ནས་གཞན་
སྡེ་བསད་པ་ཁྲི་མ་འབུམ། རང་སྡེ་ཤོར་བ་ཁྲི་མ་འབུམ་གྱི་འདྲེན་འདོན་མཛད་བཞིན་ཡོད་པའི་
ཚེ། ནམ་མཁའ་སྤྲིན་གྱི་འགྲིམ་ལམ། །སྤྲིན་དཀར་འདབ་ལོ་ཤིག་ཤིག འདབ་ལོ་རལ་བའི་ཡང་
97
སྟེང་ནས་ནེ་ནེ་གནམ་སྨན་དཀར་མོ་དེ། སེངྒེ་སྒ་མེད་འོག་ལ་བཅིབས། གཡུ་འབྲུག་སྔོན་མོ་རོལ་ ཏུ་ཁྲིད། སྤྲིན་མི་གཟུགས་འདྲ་བས་རྟ་ཁ་ཁྲིད། གཡས་ལ་སེང་ལྡེང་ཌ་རུ་བསྣམས། གཡོན་ལ་
དངུལ་དཀར་དྲིལ་ཆུང་བསྣམས། སྐེ་ལ་ཤེལ་དཀར་ཕྲེང་བ་གསོལ། དབུ་ལ་མཁའ་འགྲོའི་རིགས་ ལྔ་བཞེས། དར་གདུགས་ལྷོ་སྤྲིན་སྤུངས་སེ། ཕྱོགས་བཞི་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ རྒྱལ་པོའི་ལྷ་གུར་དུ་བྱོན་ནས་རྒྱལ་པོ་གེ་སར་ལ་ལུང་བསྟན་གནང་བའི་གླུ་འདི་ཚེ་གླུ་འགྱུར་ མེད་ཀྱི་རྟ་ལ་དྲངས་ནས་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ལྷ་གོང་མས་མངོན་ཤེས་ཁྱེད་ལ་ཞུ། །བློ་བདེ་ཇུས་མགོ་ཐོན་
རབས་ཡོད། །དགྲ་ནམ་གཏུག་རྟིང་མ་ལག་ལ་ཡོད། །ཁྱེད་མ་བཞུགས་ཡར་ལ་བཞེངས་ན་
དགའ། །ལྷ་བླ་མ་ཉལ་ན་ཆོས་མགོ་ཉེས། །དེའི་ཞོར་ལ་དགེ་འདུན་སྡེ་ཚོ་ཉེས། །བཀའ་སྡོམ་ པའི་སྒྲིག་ཁྲིམས་ཐོར་ནས་འགྲོ། །གོང་དཔོན་པོ་ཉལ་ན་ཁྲིམས་མགོ་ཉེས། །དེ་འབངས་བློན་
འཁོར་ཁྲི་འབུམ་ཉེས། །ཇུས་ཕམ་ཁར་རང་མགོ་འཁོར་ནས་ཡོང་། །ཕ་ཁུ་ཉལ་ན་གཏམ་ར་
ཉེས། །དེའི་ཞོར་ལ་བུ་ཚ་ཁྲི་འབུམ་ཉེས། །བློ་རིག་པའི་ཤེས་རྒྱ་ཉམས་ནས་འགྲོ། །མ་སྲུ་མོ་
ཉལ་ན་ཇ་ཆང་ཉེས། །དེའི་ཞོར་ལ་ཡར་གཡོག་བརྒྱ་སྟོང་ཉེས། །རྒྱུ་ཟས་ནོར་མཐའ་ནས་ཐོར་ ནས་འགྲོ། །སྨན་བུ་མོ་ཉལ་ན་གནས་སྒོ་ཉེས། །དེའི་ཞོར་ལ་ན་ཆུང་བརྒྱ་སྟོང་ཉེས། །ཕུགས་
མི་ཚེ་རྒྱུ་ནོར་ཐོར་ནས་འགྲོ། །སྟག་ཤར་པ་ཉལ་ན་དགྲ་མགོ་ཉེས། །དེའི་ཞོར་ལ་དམག་གྲངས་
ཁྲི་འབུམ་ཉེས། །དཔའ་གདོང་ལེན་དུས་བབས་ཞུ་རྒྱུ་ཡིན། །རྗེ་རྒྱལ་པོའི་གདོང་ལེན་རྒྱལ་པོས་ གྱིས། །བློན་སེང་ཕྲུག་གདོང་ལེན་དགྲ་ལྷ་ཐོན། །བཀའ་དགོངས་པའི་དུས་ཚོད་བབས་ནས་
ཡོད། །བློན་ཀླུ་བདུད་གདོང་ལེན་ཁྲོ་ཐུང་ཡིན། །ཤུགས་རྩལ་དྲུག་དཔུང་པ་བསྡུར་རྒྱུ་ཡིན། །བློན་ གནམ་ལྷའི་གདོང་ལེན་ཉི་འབུམ་གྱིས། །སྟོབས་རྫུ་འཕྲུལ་འཁོར་ལོ་བསྐོར་རྒྱུ་ཡིན། །ནམ་ཉིན་ མཚན་གང་ཐུབ་མ་ཤེས་ཏེ། །དུས་མཐའ་མ་གླིང་རུའི་ལག་ཏུ་ཡིན། །འདི་ལོ་གནམ་ལོ་ས་སྟག་ ལོ། །ས་ཟིན་པ་སྟག་མོའི་ཚང་དང་འདྲ། །ཕོ་རྒོད་དཔའ་བརྟུལ་འཛུམ་དྲུག་དེ། །དགོས་ངེས་པ་ ཨ་ནེའི་ལུང་བསྟན་རེད། །དེ་ལྟར་ལུང་བསྟན་རིམ་བཞིན་ཡོད། །རྒྱལ་པོའི་ཐུགས་ལ་དེ་ལྟར་
ཞོག །ཅེས་གསུངས་པར། སེང་ཆེན་ནོར་བུ་དགྲ་འདུལ་དེ་ནམ་ལངས་པ་བཞིན་རིག་པ་དྭངས་
98
གསལ་བྱུང་ནས། ཡ། ཨ་ནེ་གུང་སྨན་རྒྱལ་མོའི་ལུང་ལ་གསལ་སྒྲིབ་ག་ལ་ཡོད། རྒྱལ་པོ་དཔོན་ གཡོག་བཞི་དེ་སྒར་ལ་ཡོང་ན། ཁྱི་རྒན་ཁུག་ལ་བཀར་ན། ངོམ་རྒྱུ་མཆེ་བ་ལས་མེད་ཟེར་བའི་ དཔེ་ལྟར། ཁོ་ནང་ལ་ཆགས་ས་མེད་པས་སྲོག་ལ་ཕངས་མེད་བྱེད་པ་ཐག་གིས་ཆོད་དགོངས་
ནས། གནམ་ལྕགས་རྡོ་རྗེ་དེ་གསོལ་ཅོག་སྟེང་དུ་ཁྲོབ་ཁྲོབ་ལན་གསུམ་བརྡུངས་པར། གསོལ་ དཔོན་མི་ཆུང་དང་། ག་དར་བློན་པོ་བཅས་པ་རྒྱལ་པོའི་དྲུང་དུ་བཅར་བྱུང་བ་དང་རྒྱལ་པོས་ཕ་ ཁུ་དཔའ་བརྟུལ་རྣམས་དཀྱིལ་སྒར་དུ་འདུ་འཛོམས་དགོས་པའི་བརྡ་གྱིས་གསུངས། གསོལ་
དཔོན་རྣམས་ཀྱིས་དུང་བརྡ་བཏང་བ་དང་གླིང་གི་དཔའ་བརྟུལ། ཕ་ཁུ། ཕུ་ནུ་གྲོས་དབང་ཡོད་
རིགས་རྣམས་གུར་ཆེན་པདྨ་དགའ་འཁྱིལ་གྱི་ནང་དུ་འཛོམས་ཏེ་རང་ཐོབ་ཀྱི་གྲལ་ལ་བཞུགས་ པའི་དུས། ཤཱཀྱ་ཐུབ་པའི་བཀའ་སྲུང་། པདྨ་འབྱུང་གནས་ཀྱི་ཕོ་ཉ། གླིང་དཀར་དམག་གི་ཡ་
བདག ཕ་ཁུ་རྣམས་ཀྱི་སྙིང་བཅུད། སེང་ཆེན་ནོར་བུ་དགྲ་འདུལ་དེ། དཀྱིལ་གྲལ་གྲལ་གྱི་གྲལ་ མགོ གསེར་ཁྲི་ཟ་འོག་འབུམ་བརྩེགས་ཀྱི་ཡང་སྟེང་ན། མདུན་ནས་མཇལ་ན་བླ་མ་འདྲ་བ།
གཡས་ནས་མཇལ་ན་དགྲ་ལྷ་འདྲ་བ། གཡོན་ནས་མཇལ་ན་ཝེར་མ་འདྲ་བ། རྒྱབ་ནས་མཇལ་
ན་ཆོས་སྐྱོང་སྲུང་མ་འདྲ་བ་ཞིག་མཛད་དེ། ཡ། གླིང་གི་ཕ་ཁུ་ཕུ་ནུ། དཔའ་བརྟུལ་རུ་འདྲེན་དམག་ དཔོན་ལ། འདིར་ཡོད་རྣམས་ཀྱིས་སྙན་གསོན་དང་། མདང་སུམ་ལྷ་ཡི་ལུང་བསྟན་བྱུང་། དོན་
གལ་ཆེན་ཚིག་ལ་ཨེ་འདྲ་གདའ་གསུངས་ནས་ཁྲོམ་ཆེན་ཟིལ་གནོན་གྱི་རྟ་ལ་དྲངས་ནས་གླུ་འདི་ བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲིཿ། །གླུ་ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །མདང་
སུམ་གཉིད་ཀྱི་མཚན་གུང་ན། །ནེ་ནེ་རྒྱལ་མོའི་ལུང་བསྟན་བྱུང་། །མ་སྡོད་ལ་མོ་བྱོན་དགོས་
གསུངས། །ལངས་ན་འབྲས་བུ་ཡོད་པས་ཟེར། །བླ་མ་དཔོན་པོ་ཕ་ཁུ་གསུམ། །སྟག་ཤར་མ་སྲུ་
མོ་སྨན་གསུམ། །ལངས་ན་འབྲས་བུ་ལོས་ཡོད་གསུངས། །ཉལ་ན་བདེ་བ་མེད་དོ་གསུངས། །བྱེ་
རི་སྟག་རྩེ་གཡུལ་རྒྱལ་དེ། །ཕོ་བཙན་སྣང་བ་དགུང་ལས་མཐོ། །བློན་པོ་གསུམ་གྱི་དཔུང་རོགས་
ཁྲིད། །རྒོད་པོ་ལྔ་བརྒྱའི་རྟ་དམག་ཁྲིད། །གླིང་རུའི་དཀྱིལ་སྒར་བཤར་ཡོང་གསུངས། །ནམ་ལངས་ དུས་སྒར་ལ་རྩེབས་ཡོང་གསུངས། །ཁོ་རྒྱལ་པོ་དུག་གི་གདོང་ལེན་ལ། །ང་གེ་སར་བཟང་དྲུག་སྨན་
99
གྱིས་བྱེད། །ཁོ་སེང་ཕྲུག་གངས་ཀྱི་གཡུ་རལ་དེ། །ལྷ་སྲས་དགྲ་ལྷའི་འདུལ་སྐལ་བབས། །གནམ་ ལྷ་འབྲུག་རྒྱལ་ཡ་མེད་དེར། །རྩལ་ཆེན་དཔུང་གིས་འགྲན་མི་ལ། །ཤུགས་ཆེན་ཁ་ཡ་ཉི་འབུམ་
བབས། །ཀླུ་བདུད་ཤི་ལོག་མིག་འཕྲུལ་ཅན། །སྒྱུ་མ་སྤྲུལ་པ་མང་ངོ་གསུངས། །གདོང་ལེན་ཨ་ ཁུ་ཁྲོ་རྒྱལ་ཡིན། །དེ་ཚོ་ལྷ་ཡི་ལུང་བསྟན་རེད། །ངན་པའི་ཆག་སྒོ་མ་ཡིན་གསུངས། །བཟང་
བའི་དུས་ཀྱི་འདུལ་སྐལ་དང་། །རང་རང་ལས་འཕྲོ་ཡོད་པས་གསུངས། །གདོང་ལེན་ཕ་ཁུ་ཕུ་
ནུ་དེས། །ནམ་ཐུལ་ནམ་ཐུབ་མ་ཤེས་ཏེ། །དུས་བབས་ནམ་ཉིན་ཅི་ཡིན་ལ། །ལྷ་གོང་མས་ལུང་ བསྟན་རིམ་བཞིན་ཡོད། །མ་གོ་མ་ཤེས་མ་གསུངས་ལགས། །རྒྱལ་པོའི་བཀའ་བཙན་མ་ཡིན་ ནོ། །གོང་མ་ལྷ་ཡི་ལུང་བསྟན་ཡིན། །ང་རང་གླིང་དཀར་རྒྱལ་བློན་རྣམས། །དཔེ་དང་འདྲ་མ་
ཨེ་འདྲ་གདའ། །སེང་དཀར་མོ་གཡུ་ཡི་རལ་པ་ཅན། །དགུན་བུ་ཡུག་འཚུབ་པར་འཇིགས་པ་
མེད། །མགོ་གཡུ་རལ་རྒྱས་པའི་དོན་སྒོ་རེད། །འབྲུག་ཕོ་ཐོང་མེ་རིའི་གཤོག་པ་ཅན། །རླུང་
སྐྱི་བསེར་འཚུབ་པར་མི་འཇིགས་པ། །ལུས་མེ་གཤོག་ཅན་གྱི་བསྐོས་ཐང་རེད། །སྟག་དམར་
ཡག་རི་མོ་འཛུམ་དྲུག་ཅན། །གཞན་གཅན་གཟན་བྱུང་བར་མི་འཇིགས་པ། །དཔའ་སྙིང་སྟོབས་ ཅན་གྱི་བདག་པོ་རེད། །ལྷ་བླ་མ་ཆོས་སྐུའི་ཆ་ལུགས་ཅན། །རོ་རུལ་བར་བཙོག་སྣང་མི་བྱེད་ པ། །བྱམས་སྙིང་རྗེ་ཅན་གྱི་བསྐོས་ཐང་རེད། །སྟག་ཤར་པ་དགྲ་ལྷའི་གོ་མཚོན་ཅན། །བདུད་ དཔའ་རྩལ་ཆེ་བར་མི་འཇིགས་པ། །དཔའ་རྟིང་མ་ཅན་གྱི་བསྐོས་ཐང་རེད། །དེས་ན་གླིང་རུའི་
བློན་ཆེན་ཚོ། །རྟ་ཕོ་སྒ་སྲབ་ཁྲིགས་སེ་སྒྲིགས། །འཁོར་གསུམ་བཙན་རྫོང་ལ་མོ་ཟུང་། །གླུ་གོ་ ན་རྣ་བའི་བདུད་རྩི་ལ། །མ་གོ་གླུ་ལ་འཁྲུལ་བ་མེད། །ཅེས་གསུངས་སོ།། །།
100
ལེའུ་དགུ་པ། དཔའ་བརྟུལ་ཕུ་ནུ་རྣམས་ཀྱིས་རྒྱལ་པོའི་བཀའ་ལ་མངོན་པར་བསྟོད་ནས་རང་རང་རུ་སྣེ་
བཟུང་ཞིང་བསྡད་པའི་དུས། ཉི་མ་ཐང་ལ་སེར་ཆེམ་མེར་ཕོག་པ་དང་གླིང་གི་སོ་པ་ཕྱི་ནང་གསུམ་ ཡོད་པའི་ཕྱི་སོ་རྣམས་ཀྱིས་རི་མགོ་ནས་བསང་བཏང་། ཉེ་སོ་རྣམས་ཀྱིས་དུང་བུས་པར། བྱེ་ རིའི་རྒྱལ་བློན་བཞི་པོ་དེས་རུ་གྲལ་བསྒྲིགས་པའི་སྔོན་ནས་སེང་ཕྲུག་ཐོག་ལྷ། དེ་རྒྱབ་གནམ་
ལྷ་འབྲུག་རྒྱལ། དེ་རྒྱབ་ཀླུ་བདུད་ཤི་ལོག་གསུམ་དེར་ཧྲག་བསྡུས་བུ་རྟ་ལྔ་བརྒྱས་བསྐོར་ནས་ གྲུ་གུ་འདྲིལ་བ་བཞིན་བཤར་བྱུང་བ་དང་། རྒྱལ་པོའི་སྐུ་སྲུང་ལ་རྟ་དམག་ཉིས་བརྒྱ་ཙམ་གྱིས་
བསྐོར། མཆན་ཁེབ་ཟླ་བ་སྟོང་བཙན་དང་དུག་ནག་མེ་ལྕེ་གཉིས་ཀྱིས་གཡས་གཡོན་ནས་བསྐོར་ ཏེ་རྗེས་ཙམ་ནས་མི་ཆེན་དགྲ་ལ་བྱོན་འདྲ། དཔོན་ཆེན་ཇུས་ལ་བྱོན་འདྲ། བློན་ཆེན་གྲོས་ལ་
བྱོན་འདྲ། བྱ་ཆེན་རི་ལ་འགྱིངས་འདྲ་ཞིག་བྱས་ཏེ་རྩེབས་བྱུང་བར། གླིང་གི་དཔའ་བརྟུལ་རྣམས་ རྟ་ཕོ་སྒ་སྲབ་ཁྲིགས་སེ། མི་ཕོ་འཁོར་གསུམ་ཁྲིགས་སེ། གསེར་པ། མུ་སྤྱང་། སྟག་རོང་གི་
ལས་དམག་རྣམས་གཅིག་རྒྱབ་གཉིས་སྣོན་གྱིས་ལྕགས་རི་བསྐོར་བ་བཞིན་བཞུགས་པས། སེང་ ཕྲུག་ཐོག་ལྷ་བཙན་པོ་དེས་གླུ་ལན་ངག་འགུགས་ཚིག་གཅིག་མེད་པར་རྦབ་རྒོད་འགྲིལ་བ་ལྟར་ མཆོངས་ཏེ་གཡས་སྟག་དོང་འབྲོང་གཡག་པགས་པ་ཁ་སྦྱར་དེའི་ནང་ནས་མདའ་མོ་ཤ་ཟན་རྒྱ་
སྟག་ཁྲག་འཐུང་བཏོན་ནས་འཕངས་བྱུང་བར། གླིང་མུ་པའི་ཤོག་ནས་དམག་བདུན་ཙམ་ཞིག་ གཡས་བསྒྲིལ་གཡོན་བསྒྲིལ་བཏང་། ཁོས་ད་དུང་མདུང་གི་སོ་ཤུབས་ཕུད། མདུང་མོ་འུར་རྡོ་
སྐོར་སྐོར། ཡར་མཆོངས་མར་མཆོངས་བྱས་བྱུང་བར་གླིང་གི་འདིར་ཡོད་དཔའ་བརྟུལ་རྣམས་ ཀྱིས་མདའ་གྲི་མདུང་སོགས་གང་མང་བརྒྱབ་ཀྱང་ཁོ་མ་ཐུབ་པར། འབུམ་པའི་དཀྱིལ་སྒར་གྱི་ ལྷ་གུར་དཀར་མོ་སེངྒེ་འགྱིངས་པ་འདྲ་བའི་ཐད་ལ་ཀྲོང་ངེར་ཤོར་ཏེ་གླིང་གི་ཁྲབ་དམག་སུམ་
ཅུ་ཙམ་གྲི་དང་མདུང་གི་འོག་ཏུ་འདས་གྲོངས་བཏང་། དེ་ནས་ཡང་ཁོ་ཡིས་དུག་མདུང་མེ་ལྕེའི་
འཁོར་ལོ་དེ་ཤུབས་ལ་བཅུག རལ་གྲི་འབུམ་ནག་དགུ་གཅོད་དེའི་དཔའ་ལུང་མཛུབ་མོར་བསྒོན་ ནས་ལྷ་གུར་གྱི་ཉེ་འགྲམ་དུ་མཆོངས་བྱུང་བས། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེ་མི་དཀར་པོ་སྤྲིན་
101
དཀར་རླུང་གིས་བསྐྱོད་འདྲ། གངས་ལ་ཉི་མ་ཕོག་འདྲ། འཁོར་གསུམ་ལུས་ལ་བསྐོར་བའི་དུས།
སེངྒེ་གཡུ་རལ་རྒྱས་འདྲ། དུག་ཚེར་ལོ་མ་རྒྱས་འདྲ། གནམ་ལྕགས་སེར་བ་འབབ་འདྲ། རྒྱ་ཞིང་ ལོ་མ་གཏོར་འདྲ། མེ་ལྕེ་ཕྱོགས་བཞིར་འབར་འདྲ། རི་བོ་སོལ་བར་འགྱུར་འདྲ། ལྕགས་ཀྱུས་
མཐའ་ནས་བསྐོར་འདྲ། ཉ་ཆུང་འཁྱུགས་ས་མེད་པ་ཞིག་བྱས། མཆན་ཁེབ་གཡུ་རྩེ་ཐོག་རྒྱལ་
དང་། དུང་སེང་དགྲ་ལྷ། རྨ་ཉི་རྫོང་ལྷ་བུ། སྟག་ལྷ་དོན་གྲུབ་བཅས་ཀྱིས་བསྐོར་ནས་ཁོ་ཡི་གདོང་ བཀག་སྟེ། ཡ། ཁོ་རེ་མི་ནག་རྟ་ནག་སྐྱ། ཕོ་ངར་འདོད་རྟིང་མ་ལེན་ལུགས་མེད། རྟ་རྒྱུག་འདོད་ མགྱོགས་དར་ལེན་རབས་མེད། སྨན་འཕྱོར་འདོད་གནས་སྒོ་ཐོན་རབས་མེད། ལས་ག་ལེར་
གྱིས་དང་བསམ་དོན་འགྲུབ། རྟ་ག་ལེར་རྒྱུགས་དང་མགྱོགས་དར་ལེན། གཏམ་ག་ལེར་ཤོད་
དང་དོན་གོ་ཡོད་ཟེར་བའི་དཔེ་ལྟར་ཡིན་པས། ཅུང་ལྷོད་ཙམ་གྱིས་དང་། དཔྱིད་ཉི་རིང་པོ་ཤར་
ཉིན་མོ། འགྲོ་ལོང་འདུག་ལོང་གཉིས་ཀ་ཡོད། རྒྱ་ཇ་ཡུ་དམར་སྐོལ་ཉིན་མོ། འཁོལ་ལོང་འཐུང་ ལོང་གཉིས་ཀ་ཡོད། ཤ་ཚོ་པོ་ཚིལ་གྱི་རོ་བཅུད་དེ། ཚ་ལོང་གྲང་ལོང་གཉིས་ཀ་ཡོད། ཕོ་རྒོད་ པོ་སྟག་སེང་ཁ་སྤྲོད་དེ། བཤད་ལོང་གཏུག་ལོང་གཉིས་ཀ་ཡོད། ཨ་ཙི་བྲེལ་བ་ཆེ་ལུགས་ལ།
ང་གླིང་རུའི་ཆ་ཚུལ་དེ་འདྲ་མིན་ཟེར་ཏེ་ཡ་ཟི་དཀར་ཕྲེང་གི་གྲི་མགོ་འཕུར། ལྷ་སྲས་དགྲ་ལྷ་རྩེ་
རྒྱལ་ཁོང་གིས། བཤས་ལུག་ཐག་པས་བཏགས་ལེ་ལ། །གྲི་ཆུང་བརྡར་བར་སྔ་ཕྱི་མེད། །ཙནྡན་ སྡོང་པོ་རི་ལ་ཡོད། །སྟ་རེ་རྣོ་ངར་ཆེ་ཞན་བལྟ། །རྟ་ཆུང་རྒྱུག་གི་བང་ཁ་ཅན། །གོམ་མྱུར་ཅི་
ཡོད་ཐང་ཆེན་གཅོད། །དཔའ་རྒོད་སེང་ཕྲུག་ཐོག་ལྷ་དེས། །གླིང་དཀར་ཁྲག་བཞིན་དཀྲུགས་
པ་ལ། །དེ་ལན་སྤྲོད་པའི་དུས་ལ་བབས། །སྔ་ཕྱི་མི་དགོས་སྐྱེས་པ་ཕོ། །ཉོན་དང་འདྲ་མ་ཨེ་
འདྲ་གདའ། །ནམ་ཟླ་དཔྱིད་ཉི་རིང་པོ་ལ། །འགྲོ་ལོང་འདུག་ལོང་གཉིས་ཀ་ཡོད། །ཕྱུག་པོའི་
ཟས་ཀྱི་བང་མཛོད་དེར། །ཟ་ལོང་གསོག་ལོང་གཉིས་ཀ་ཡོད། །ཁམས་གསུམ་སེམས་ཅན་བླ་
མས་འདྲེན། །ཐུགས་དགོངས་ཞི་ཁྲོ་གཉིས་ཀ་ཡོད། །ཁྱོད་དཔའ་ངར་རྩལ་དྲུག་ཆེ་བ་དང་འཐབ་ འདོད་དེ་ཙམ་ཡོད་ན། ང་ལྷ་ནས་མངགས་པའི་མི་ཕོ་གོ་ཆོད་ཡིན། འཕངས་པའི་མདའ་མོ་དགྲ་ འདུལ་ཡིན། །སྲོག་བདག་ལས་ལ་གྲུབ་པ་དེས། །སྲོག་ཕྲ་སྦོམ་དེ་ལ་བལྟ་ལེ་མིན། །རྟ་ཕོ་རྒྱུག་ ལ་བསྐོས་ལེ་དེས། །ས་ཐག་རིང་ཐུང་བལྟ་ལེ་མིན། །སྟག་ཤར་བུ་ཚ་དམག་ལ་ཆས། །འཆི་སྔ་
102
ཕྱི་སྲོག་ལ་ཕངས་སེམས་མེད། །ཁྱོད་དང་ང་རང་ཡོད་རྒུ་གཉིས། །འདྲ་ལེ་བཞིན་དུ་ཐུག་ལེ་
ལ། །གནམ་ནས་ཉི་མ་དྲོ་ལེ་དང་། །ས་ལ་ལྗང་ཆུང་འཁྲུངས་ལེ་གཉིས། །ལོ་འབྲས་སྨིན་པ་ཐག་ གིས་ཆོད། །གངས་ལ་སེངྒེ་འཁོར་ལེ་དང་། །བུ་ཡུག་ཁ་ཆར་འཚུབ་ལེ་གཉིས། །གཡུ་རལ་
རྒྱས་པ་ཐག་གིས་ཆོད། །རྒྱ་མཚོ་ཁ་དར་བཞུ་ལེ་དང་། །ངང་པ་གསེར་གཤོག་རྒྱས་ལེ་གཉིས། །རྦ་ རླབས་གཡོ་བ་ཐག་གིས་ཆོད། །གླིང་རུ་བྱང་ལ་རྩེབས་ལེ་དང་། །ལོ་གསུམ་རིང་ལ་བུ་རྟ་
ཤོར། །ཤ་ལན་སྤྲོད་པ་ཐག་གིས་ཆོད། །ཁྱོད་ད་ནངས་ཉི་མའི་སྔ་དྲོ་ལ། །ཁྲ་ཡིན་བསམ་བར་
སྣང་གཤོག་འགྱུར་བརྒྱབ། །རླུང་ཆེན་པོའི་ཟུར་ནས་མ་འགྲིམས་ན། །ལུས་བྱ་སྒྲོ་ཐང་ལ་གཏོར་ རབས་ཡོད། །མགྱོགས་བསམས་ནས་རྒོ་བ་སྤང་ལ་རྒྱུག །རྐང་རྨིག་བཞི་གཏད་ས་མ་ཞིབ་
ན། །རྒོ་བ་སྤང་ནས་འདྲེད་རབས་ཡོད། །མཐོ་བསམས་ནས་ཐང་དཀར་གནམ་ལ་འཕུར། །མཐོངས་ བར་སྣང་གཅོད་ཚོད་མ་ཟིན་ན། །རླུང་སྐྱི་བསེར་སྤུ་གྲི་ངར་མ་དེས། །སྒྲོ་ལེབ་ཆེན་བར་སྣང་
གཏོར་རབས་ཡོད། །ཕོ་རྒོད་པོ་བྱང་མི་བདུད་ཕྲུག་ཚོ། །སྲོག་ཕངས་མེད་གླིང་དཀར་དཔའ་
བོར་འགྲན། །མགོ་སྒུར་བའི་དུས་ལ་མ་སྒུར་ན། །ལུས་བེམ་རོ་ཐང་ལ་འཕེན་དགོས་ཡོད། །ཁྲབ་ འཁོར་གསུམ་དཔའ་བོའི་དཔའ་དར་ལེན། །དེ་མི་ཡོང་ཟེར་བ་སྲིད་ལེ་མེད། །ཕོ་ང་ལ་ཐུག་ན་
ཐོབ་རྒྱུ་མེད། །ཆུ་སྔོན་མོ་དབྱར་ལ་རྒྱས་ཉིན་མོ། །ཟམ་པ་སྐེད་པ་མ་བཅད་ན། །དབྱར་རྦ་རླབས་ འཁྲུགས་ཚད་སྟོང་པ་རེད། །ཐོག་སེར་བ་སྤྲིན་ནས་འབབ་ཉིན་མོ། །དམའ་རྒྱ་ཞིང་འབྲུ་དམར་ མ་གཏོར་ན། །དཔའ་ཡོད་བཙན་གཏམ་སྟོང་པ་རེད། །གླིང་དཔའ་བརྟུལ་བདུད་ཡུལ་འགྲོ་ཉིན་
མོ། །བདུད་ནག་པོ་མཐའ་ནས་མ་གཏོར་ན། །ལྷ་གོང་མའི་བདེན་ཚིག་སྟོང་གཏམ་རེད། །ཁྱོད་
མདང་སུམ་རྨི་ལམ་ཅི་འདྲ་བྱུང་། །ནམ་ལངས་དུས་བསམ་བློ་ཅི་འདྲ་འཁོར། །ཕོ་རྒྱུ་མེད་སེམས་ རྩ་འཁྲུག་ལེ་དེ། །ནམ་མར་ཉལ་འཁོར་ཁྱིམ་ནོར་གྱིས་ཁེངས། །ནམ་ལངས་དུས་ར་མོའི་རིལ་
ཞིག་མེད། །དམའ་སྤྲང་པོ་ཆང་གིས་བཟི་ལེ་དེ། །ལུས་བེམ་རོ་དཀར་མོ་དངུལ་གྱིས་ཁེངས། །ཁ་ སྟོང་གཏམ་རྒྱལ་པོའི་ཁྲིམས་ལས་འགལ། །བཟི་དང་དུས་འགྱོད་སེམས་དེ་བས་ཆེ། །དམན་
ན་ཆུང་སྣང་བ་མཐོ་བའི་དུས། །གཏན་ཚེ་རོགས་མི་འདོད་དགྲ་ལ་འཛིན། །བུ་ཁྲམ་པའི་ཁ་མཚར་
ལག་རྩེད་དེ། །བདེན་བསམས་ནས་རང་ལུས་ནད་ཀྱིས་བཟུང་། །མགོན་སྐྱབས་མེད་དུས་འགྱོད་
103
པ་ཆེ། །ལྷ་ཆོས་མེད་བླ་མ་ཟོག་པོ་དེས། །རྒྱུ་རིག་དུས་མི་མགོ་དོན་མེད་བསྐོར། །ཤི་དམྱལ་
བར་འགྲོ་ཉིན་ཨ་ཚ་མང་། །ཕོ་དཔའ་མེད་འཁོར་གསུམ་ལྕི་བོ་མ། །དམག་བུ་རྟའི་མདུན་ནས་ སྟོང་གཏམ་བཤད། །དགྲ་ཐུག་ཉིན་རང་ལུས་ཁྲག་གིས་ཁེངས། །རྗེ་རྒྱལ་པོའི་མདུན་ན་འགྱོད་
སེམས་སྐྱེས། །ཐར་བསམ་པ་བསྐལ་བའི་སྐད་ཆ་རེད། །ཟེར་ནས་རལ་གྲི་གནམ་ལ་འཕྱར་ཏེ་ ཁོ་ཡི་སྤྱི་གཙུག་རྨོག་འཕྲུའི་སྟེང་དུ་གཡུགས་པས། མགོ་ཡི་རྨོག་དེ་ཕྱེད་བཤགས་སུ་བཏང་
ཡང་ཀླད་པའི་གསས་མཁར་གཏོར་མ་ཐུབ། ཡང་ཡ་ཟི་ལན་གཅིག་གཡུགས་པས། ཀ་ལི་ཀླད་
པའི་བར་དུ་བཤགས་ནས་ཀླད་པ་གྲོ་རིལ་རིལ་དུ་མཐོང་བྱུང་ཡང་། ཁོ་བདུད་ཀྱི་བུ་དངོས་ཡིན་
པས། རལ་གྲི་གཤིན་རྗེ་ཀླུ་བདུད་ཁྲག་འཐུང་དེ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་ལན་གཉིས་གཡུགས་ པར། དགྲ་ལྷ་རྩེ་རྒྱལ་ལ་མཚོན་མི་འགྲོ་ནའང་ཁྲབ་ཀྱི་རྒྱུན་ཐག་དང་མགོ་ཡི་རྨོག་དཀར་བཅས་ པ་རླུང་བསེར་མས་ཤིང་ལོ་འཁྱེར་བ་ལྟར་འཕངས་བྱུང་བས་ན། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེས་ ལྷ་ཞགས་དཀར་མོ་འཁྱུགས་ཆེན། མི་འགྱུར་ལྕགས་ཀྱི་སྲོག་བདག ཨ་ལོང་མུན་རུབ་དེ་གྲུ་
ནས་ཕུད་དེ་ཁོ་ལ་འཕངས་པས། ཁོ་ཡི་སོག་པར་ལྕགས་ཀྱུ་ཐེབས། ཨ་ལོང་སྐེ་ལ་འཁོན་ནས་ དགྲ་ལྷས་ཤུགས་ཀྱིས་འཐེན་པའི་དུས། བདུད་ཕྲུག་དེ་ཤི་བ་སྲོག་ལ་ཐུག་ཀྱང་ཕྱིར་འཐེན་མེད་ པར་དགྲ་ལྷའི་ཕྱོགས་སུ་རལ་གྲི་འཕྱར་ནས་མཆོངས་ཤིང་རལ་གྲི་ལན་མང་གཡུགས་ནའང་
དུས་ལ་བབས་པས་ཞགས་པ་གཅོད་མ་ཐུབ། དེའི་དུས་ཉི་འབུམ་དེ་ཉེ་བཅར་བྱས་ནས་རྡོ་ཕ་
བོང་ལུག་གི་རོ་ཙམ་ཞིག་བརྒྱབ་པས་ཁོ་རྟ་ཐོག་ནས་ལྷུང་བྱུང་བས། དགྲ་ལྷ་རྩེ་རྒྱལ་གྱིས་སྤྱང་ དར་མས་ལུག་རོ་འདྲུད་འདྲ། རི་བོང་གླག་གིས་འཁྱེར་འདྲ། བྱེའུ་ཆུང་ཁྲ་ཡིས་འཛིན་འདྲ་བྱས་ ནས་རྟ་ཁྱུང་གཤོག་གི་བང་ཁ་གློད་ནས་གླིང་གི་ལྷ་སྒར་ལ་སྐོར་བ་གཅིག་བརྒྱབ་པར། ཁོ་ཕྱི་
ཡི་ཤ་ཐོར་ནས་ནང་གི་རུས་པར་ཐུག དགྲ་ལྷས་ལྷ་གུར་གྱི་མདུན་རྟ་ཁ་བཀག་ནས་ཁོ་ཕྱི་བཀྱིག་ ཨ་ལོང་འདྲ་དང་ནང་བཀྱིག་གྲུ་གུ་འདྲ་ཞིག་བྱས་ནས་ཡན་ལག་བཞི་ལ་ཕུར་པ་རེ་བརྒྱབ་ནས་
ལྷ་གུར་ལ་ཁ་གཏད་དེ་བཏགས་པ་ན། བྱེ་རི་རྒྱལ་པོ་ཁོང་ཁྲོ་མེ་ལྟར་འབར། རང་སྲོག་ལ་ཕངས་
མེད་ཀྱིས་དེ་རིང་སྲོག་གི་འགྲོ་དོན་དེ་དུས་ཀྱི་བསྐལ་བ་ཡིན་ངེས། ད་ས་སྟེང་བསྡད་ནས་དགའ་ རྒྱུ་ཅི་མེད་བསམས་ཏེ་མདུང་ནག་ལྕགས་སོ་རྩེ་གསུམ་དེ་ཀླད་ལ་བསྐོར། ཐེ་ཚོམ་མེད་པར་
104
མཆོངས་བྱུང་བར། ཉི་འབུམ་གྱིས་ཁོ་ཡི་གདོང་བཀག་ནས་མདུང་འགྲན་ཅུང་བྱས་ཀྱང་ཉི་འབུམ་ གྱིས་ཁོ་ཡི་མདུང་ཤུགས་མ་ལོན་པས། ཁོས་གསེར་པ་དང་སྟག་རོང་ཤོག་ནས་དམག་བརྒྱ་
སྐོར་ཙམ་རེ་གཡས་རིལ་གཡོན་བསྒྲིལ་བཏང་། རྒྱལ་པོ་སེང་ཆེན་གྱི་ལྷ་གུར་ལ་གཏད་ནས་
ཤོར་བའི་དུས། སྐྱེས་བུ་སེང་ཆེན་ནོར་བུ་དགྲ་འདུལ་དེ་ཉིད་ཀྱིས་ལས་ལྷ་ལ་སྐུལ་མ་བྱས་པས། ལྷ་དང་ཀླུ། དགྲ་ལྷ་ཝེར་མ་རྣམས་ཁ་བ་འབབ་འབབ། བུ་ཡུག་འཚུབ་འཚུབ་ཀྱིས་ཀི་སྒྲ་བསྭོ་
གསུམ་ངང་ནམ་མཁའ་དར་གྱིས་ཁེངས། ས་གཞི་བུ་རྟས་ཁེངས། ཕྱོགས་བཞི་མཚམས་བརྒྱད་
ལྷ་ཀླུ་གཉན་གསུམ། དགྲ་ལྷ་ཝེར་མའི་དམག་གིས་བསྐོར་བྱུང་བས་ན། སེང་ཆེན་ནོར་བུ་དགྲ་
འདུལ་དེས། རྨོག་ཆེན་རྒྱལ་བ་ལྷུན་གྲུབ་དེ། ཉི་མའི་འོད་མདངས་ཤར་རེ། དར་འཕྲུ་དཀར་དམར་ ཁྲ་གསུམ་འཇའ་ཚོན་གནམ་ལ་ཤར་འདྲ་དབུ་ལ་གསོལ། ཁྲབ་ཆེན་དགྲ་ལྷའི་འབུམ་རྫོང་དེ།
རྒྱབ་དར་སྤྲིན་དཀར་འཚུབས་སེ། བྱིན་རླབས་ཆོས་ཀྱི་ཆར་སྤྲིན་འཐིབས་སེ། ཆོས་བྱིན་རླབས་ ཀྱིས་དམྱལ་ཁམས་བཅོ་བརྒྱད་ཁྱབ་ལེ། གཤིན་པོ་དུང་ཕྱུར་མང་པོའི་འགྲོ་དོན་ལ་བྱོན་འདྲ་སྐུ་
ལ་གསོལ། ཕྱག་གཡས་ལ་མདའ་མོ་ཤེས་རབ་མདའ་དར། རྣམ་ཤེས་དག་ཞིང་འདྲེན་མདའ། གཡོན་ལ་གཞུ་མོ་རྭ་རྒོད། སྲིད་པ་འཁོར་ལོ་བསྐོར་ལེ། ཤེས་རབ་ཤེལ་གྱི་རལ་གྲི་དེ་ཕྱག་ལ་
བསྣམས་ཏེ། ཆོས་སྐུ་རྣམ་པར་དག་པ། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཞི་ཁྲོ་དམ་པ་རིག་བརྒྱ། མ་དང་མཁའ་འགྲོ་ཆོས་སྐྱོང་། རྗེ་བཙུན་སྒྲོལ་མ་ཉེར་གཅིག མགོན་
པོ་བདུན་ཅུ་རྩ་ལྔ། བོད་ཀྱི་མགུར་ལྷ་བཅུ་གསུམ། བོད་ཁམས་བསྟན་མ་བཅུ་གཉིས། ཤར་གྱི་
རྨ་རྒྱལ་སྤོམ་ར། ལྷོ་ཡི་རོང་ལྷ་རྒྱལ་མཚན། བྱང་གི་གཉན་ཆེན་ཐང་ལྷ། ནུབ་ཀྱི་གེར་མཛོ་གཉན་ དཔོན། སྟོད་ཀྱི་མ་ཕམ་གཡུ་མཚོ། བྱང་གི་གནམ་མཚོ་ཕྱུག་མོ། ཤར་གྱི་ཁྲི་ཤོར་རྒྱལ་མོ། ལྷོ་
ཡི་འབྲུག་མཚོ་ཕྱུག་མོ། ཡུལ་ལྷ་གཞི་བདག དཀར་ཕྱོགས་སྐྱོང་བའི་ཆོས་སྐྱོང་སྲུང་མ་རྣམས་
ལ་གསོལ་བ་ནན་གྱིས་བཏབ་པས། ལྷ་ཚོགས་རྣམས་བུ་ཡུག་འཚུབ་འཚུབ། སྤྲིན་དཀར་འཁྲིགས་ འཁྲིགས་ཀྱིས་གླིང་གི་སྒར་པ་དེ་ཕྱོགས་བཞི་མཚམས་བརྒྱད་ནས་ཁྲིགས་སེ་སྐོར་བའི་དུས།
ཁོ་ཡིས་རལ་གྲི་གཡུགས་པ་བར་སྣང་སྟོང་པར་གྲི་གཡུགས་པ་བཞིན་ལས་དེ་ཐེབས་དང་འདི་
ཐེབས་དེ་གསོད་དང་འདི་གསོད་མེད་པར། གནམ་གྱི་སྐར་མ་ལ་མཐུ་ཤར་བྱེད་འདྲ། ས་ཡི་མེ་
105
ཏོག་ལ་གྲངས་ཀ་རྒྱག་འདྲ། ཆུ་ཁའི་བྱེ་མ་ཕོར་ལ་འཇལ་འདྲ། རླུང་བསེར་བུ་ལག་པས་ལེན་
འདྲ། དེ་ཐེབས་འདི་གསོད་གཅིག་ཀྱང་མ་བྱུང་། དེ་ནས་ཁོ་སེང་ཆེན་རྒྱལ་པོའི་གདོང་ལ་རྩེབས་ པ་དང་ཁོ་ཡིས་རྒྱལ་པོ་གེ་སར་ཡིན་པ་ངོ་ཤེས་ཏེ་སོ་སྒྲ་སྒྲོག་ཅིང་དཔུང་ལག་འཕུར་ཏེ། ཡ།
ཁོ་རེ་ཇོ་རུ་ཨབ་ཤ ས་འབུ་མགོ་ནག འཛམ་གླིང་སྟོང་གསུམ་སྲོག་བདག ཁྱོད་འདྲ་བའི་མནའ་ མེད་ཁྲེལ་མེད། ཁྱོད་མ་མཐོ་མཐོ་མདོག་བྱེད་མི། མ་བཙན་བཙན་མདོག་བྱེད་མི། མ་དཔའ་
དཔའ་མདོག་བྱེད་མི། ཁྱི་གདའ་ལི་སེངྒེ་ཡིན་སྣང་ཤར། གངས་དཀར་པོ་འཛིན་པའི་རེ་བ་བྲལ།
ཝ་གྲོ་ལོ་སྟག་མོ་ཡིན་སྣང་ཤར། ནགས་རྒྱ་རྫོང་ཟིན་པའི་རེ་བ་མེད། ཁྱོད་སྦལ་རྒན་རྒྱུག་རྩལ་ ཆེ་ནའང་། མཐའ་རྒྱ་མཚོ་བཤགས་པའི་བསྐལ་བ་མེད། ཁྱོད་ཇོ་རུ་རང་སྣང་མཐོ་ནའང་། བྱང་ སྟག་རྩེ་རྒྱལ་པོའི་ཁ་ཡ་ལ། གཡོག་ཨ་སྡུག་ཤིག་སྲོ་ཟ་ལེ་དེས། ཁ་ཡ་མི་ཡོང་དགའ་རབ་ལྷ་
ཆེན་དཔང་ཟེར་ཏེ་དུག་གྲི་གནམ་ལྕགས་མེ་འབར་དེ་ཤུབས་ནས་བཏོན། སོ་ཁ་གནམ་ལ་འཕྱར་ ཞིང་རྒྱལ་པོ་སེང་ཆེན་ལ་སྡིགས་གཏམ་གྲི་འགྲན་གྱི་གླུ་འདི་བྱང་གླུ་བསེར་མ་འུར་ཆེན་གྱི་རྟ་ ལ་དྲངས་ནས་བླངས་པར་གདའ་འོ ། །
གླུ་འུར་གཅིག་འུར་གཉིས་འུར་དང་གསུམ། །འུར་གསུམ་ཐོག་ནས་གླུ་ཞིག་ལེན། །འུར་གླུ་
ལེན་པ་བྱང་གི་སྐད། །བྱང་བྱེ་རི་སྟག་རྩེ་གཡུལ་རྒྱལ་ང་། །སྔ་མོའི་དུས་ཚོད་མི་རབས་ལ། །ལྷོ་ ན་ཐང་རྩྭ་ཐང་ཤིང་ཐང་གསུམ། །ལྷོ་རི་རྒྱ་གར་ས་མཚམས་ནས། །མཁར་མི་གཅིག་སྔོན་པོ་ལྷ་ མཁར་ཟེར། །དགོན་མི་གཅིག་བན་དགོན་ཆོས་དགོན་ཟེར། །གཏམ་མི་མཐུན་ལྷ་བདུད་འགྲས་ པའི་དུས། །ང་དོན་མེད་གླིང་ལ་མ་དགའ་ཟེར། །ངས་སྐྱེ་བ་འདི་ཡི་གོང་རོལ་ལ། །བྱང་བྱེ་མ་ གླིང་ཆེན་བཅོ་བརྒྱད་ལ། །ཕར་སོང་ན་སེར་པོ་ཧོར་ཡུལ་རེད། །ཡར་སོང་ན་བྱང་སྟོད་གྲུ་གུ་
རེད། །མར་སོང་ན་རྒྱ་ནག་ཟི་ལིང་རེད། །ཕོ་ལས་དབང་ཅན་གྱི་ཕ་ས་དེ། །ཧམ་པ་ཅན་ལ་དབང་
རྒྱུ་མེད། །བསོད་ནམས་ཅན་གྱི་རྒྱུ་ནོར་དེ། །མུ་གེ་ཅན་ལ་རག་རྒྱུ་མེད། །ཡོན་ཏན་ཅན་གྱི་གཏམ་ རྒྱུད་དེ། །གཡོ་སྒྱུ་ཅན་ལ་དབང་རྒྱུ་མེད། །བླ་མས་ཕྱི་མ་འདྲེན་ལེ་ལ། །བདུད་རྒན་དཀོར་འབུལ་ ཅི་ལ་བྱེད། །ཆེ་ཆུང་དམྱལ་བའི་སྡིག་རྡོ་ཡིན། །དཔོན་བཟང་པོ་བཀའ་ཁྲིམས་དྲང་བ་ལ། །ཕོ་
ཁྲམ་པས་གཟུ་གཏམ་ཅི་ལ་ཤོད། །ཕ་ཕྱུག་པོས་རྒྱུ་ནོར་བསགས་ལེ་ལ། །ཁྱོད་ཡི་དྭགས་ཟ་འདོད་
106
ཅི་ལ་རེད། །ཁྱོད་འདོད་ཀྱང་རྒྱ་མཚོའི་འགྲམ་ལ་ཤི །སྨན་ན་ཆུང་གནས་འགྲོ་བྱེད་པ་ལ། །ཁྱོད་ གོ་མ་བྲེལ་གཏམ་ཅི་ལ་བྱེད། །ཕོ་འདྲ་བསམ་ཡོད་ཀྱང་བསྡུར་རྒྱུ་མེད། །ཁྱོད་མ་ངན་ཇོ་རུ་ཨབ་ ཤ་དེ། །ས་རྨ་ཡུལ་གླིང་ལ་བཙན་ས་བཟུང་། །བརྒྱ་ཡར་འགྲོའི་ཇ་ལམ་ཁྱོད་ཀྱིས་བཀག །སྟོང་ མར་ཡོང་ཚོང་ལམ་ཁྱོད་ཀྱིས་བཅད། །བྱང་ཚྭ་པའི་ཚྭ་ལམ་ཁྱོད་ཀྱིས་བཅད། །སྟོད་རྒྱ་གར་
ཆོས་སྒོ་ཁྱོད་ཀྱིས་བཀག །ལྷོ་འབྲུ་ཡི་འབྲུ་ལམ་ཁྱོད་ཀྱིས་བཀག །ཁྱོད་ཟ་འདོད་ཅན་གྱི་བླ་མ་
དེས། །འདྲེ་མ་རིག་གོང་ནས་ཕཊ་སྒྲ་བྱེད། །ཁྱོད་མཐོ་འདོད་ཅན་གྱི་གཡོག་པོ་དེས། །དབང་མ་ ཐོབ་གོང་ནས་ཁྲིམས་གཏམ་བཤད། །ཁྱོད་འཕྱོར་འདོད་ཅན་གྱི་ན་ཆུང་དེས། །སྡེས་མ་བསྟོད་
གོང་ནས་རང་བསྟོད་བྱས། །ཁྱོད་རྒྱུ་མེད་སྤྲང་པོའི་ཕྱུག་གཏམ་དེ། །ཕུན་སུམ་མ་ཚོགས་ནོར་ལ་ གཡེང་། །སྡུག་ཨ་ཁ་ཨེ་ཤེས་ཇོ་སྡུག་བུ། །ཁྱོད་ང་གཉིས་འདྲ་བསམ་སྣང་བ་འཁྲུལ། །གསལ་
ཉི་མ་ཤར་བའི་མདུན་ལམ་ནས། །སྐར་ཚོགས་ངོ་མདངས་གསལ་ལེ་མེད། །ང་ཐོག་རྒོད་སེར་
བའི་འབབ་ལམ་ནས། །ཁྱོད་སྙེ་མ་མགོ་འཕང་མཐོ་རྒྱུ་མེད། །ང་ཁྱུང་ཆེན་ལྡིང་བའི་གཤོག་ལམ་ ནས། །ཁྱོད་ཁྱིམ་བྱ་ཨ་འགྱུར་བྱེད་ས་མེད། །ང་བྱང་རྒྱལ་དཔའ་རྩལ་ངོམ་ས་ལ། །ཁྱོད་སྤྲང་ཕྲུག་
གུར་སྒོར་གབ་ས་མེད། །ཁྱོད་ང་གཉིས་ཨེ་འདྲ་ད་རེས་བལྟ། །གླུ་གོ་ན་ཉི་མ་སྐྱེལ་ཚོད་མེད། །མ་ གོ་ཚེ་མཐའ་དགྲ་ལ་གཅོད། །ཤི་གསོན་ཅི་ཡོང་བསྐོས་ལས་རེད། །ཉི་མ་ལ་དང་མཉམ་འགྲོ་
ཡིན། །ཇོ་རུའི་སེམས་ལ་དེ་ལྟར་ཞོག །ཅེས་གླུ་རྫོགས་པ་དང་རྒྱལ་པོ་སེང་ཆེན་ལ་རལ་གྲི་ལན་ དགུ་གཡུགས་ཀྱང་། གྲི་སོ་དགྲ་ལྷ་ཝེར་མས་བླངས་པས། ནམ་མཁའ་སྟོང་པར་གྲི་གཡུགས་པ་ ལྟ་བུ་ལས་གྲི་སོར་ཐུག་རྒྱུ་གང་ཡང་མ་བྱུང་། ཁོས་གྲི་ཡི་སོ་ཁར་ལྟ་སྐྱོར་ཞིག་བྱས་པས། སོ་ ཁ་ནག་ལིང་ལིང་དུ་ཆག་ཡོད་པས། ཡ། འདི་ཅི་ཡིན་ནམ། ནམ་རྒྱུན་དུ་ཡིན་ན། ངའི་གྲི་འདི་
ནམ་མཁའ་སྟོང་པར་གཡུགས་ན། སྤྲིན་ཚོགས་འཁོལ་འགྱུར་ཤིགས་སེ་གཏོང་། གནམ་གྱི་ཉི་ ཟླ་གཉིས་ལ་གཡུགས་ན། འཛམ་གླིང་མུན་ནག་ལ་བསྒྱུར་ཐུབ། ས་གཞི་ཆེན་པོར་གཡུགས་
ན། བྲག་རི་སྐེད་པ་གཅོད་ཐུབ། ད་མུ་སྟེགས་གཏེར་གྱི་རལ་གྲི། དགའ་རབ་ལྷ་ཡི་སྒྲུབ་གྲི། ཧྭ་
ཤང་བླ་མའི་བླ་ལྕགས་འདིས་ཀྱང་ཇོ་རུ་གཅོད་མ་ཐུབ་ན། ཚེ་འདི་ལ་འཁོར་གསུམ་བསྐོར་དང་ མ་བསྐོར་མེད། ད་ཁྲབ་དཀར་ཐོང་འཛིང་ཞིག་བྱས་ན་དགའ་བསམས་ཏེ་ལྷོད་ཙམ་བྱས་པར།
107
རྒྱལ་པོ་སེང་ཆེན་གྱིས་འཛུལ་མུལ་མུལ། ཞལ་རས་ཉི་མ་ཤར་འདྲ། སྤྱན་གྱིས་མིག་བརྡ་ཞིག་
བྱས། ཞལ་བགད་ཧ་ཧ་ལན་གསུམ་བཞད་པར། ཁོ་ང་རྒྱལ་དྲག་པོ་ལངས་ཏེ་ཡང་བསྐྱར་གྲི་དེ་ ཀླད་ལ་འུར་རྡོ་བསྐོར་བ་བཞིན་བྱས་ནས་ལན་དགུ་བསྟུད་མར་གཡུགས་པས། སྟོང་ཉིད་འཇའ་ ལ་རལ་ཤན་བྱེད་པ་ལྟ་བུ་ལས་དེ་ཆོད་འདི་ཆོད་གཅིག་ཀྱང་མ་བྱུང་། ཁོ་ཧ་ལས་ནས་འདི་ཅི་ ཡིན་ནམ་བསམས་ཏེ་རྒྱལ་པོ་ལ་བལྟས་ནས་བསྡད་པས་ན། སེང་ཆེན་རྒྱལ་པོ་དེ་ཡིས། ཡ། ཁོ་རེ། ཁྱོད་དང་ང་ནི་ལར་ནས་མི་འདྲ། འདྲ་མི་འདྲ་ད་རེས་ཤེས། ང་ནི་སངས་རྒྱས་སེམས་
ཅན་དོན་ལ་བསྐོས། སྟེང་ལྷ་ཡི་འཕྲུལ་བུ། བར་གཉན་ནས་དམ་ཚིག་བཟུང་། འོག་ཀླུ་ཡི་ནོར་ བདག བར་མི་ཡུལ་གྱི་སངས་རྒྱས་བསྟན་པ་སྲུང་བའི་ལྷ་སྲས། མ་མཁའ་འགྲོ་འབུམ་གྱི་སྤྱན་ མིག བུ་དཔའ་བོ་འབུམ་གྱི་དཔུང་པ། ལྷ་སངས་རྒྱས་སྟོང་གི་དབུ་བླ། རྗེ་ཤཱཀྱ་ཐུབ་པའི་བཀའ་
སྲུང་། བོད་སྒང་པ་འགྲིམ་པའི་ཏིང་འཛིན། སྟེང་ལྷ་ཁམས་འགྲིམ་པའི་སྟོང་ཉིད། དམའ་དམྱལ་
ཁམས་འགྲིམ་པའི་བྱང་སེམས། བར་དགྲ་མགོ་འདུལ་བའི་ཐོག་མར། ང་འདྲ་བ་ས་སྟེང་ལ་མེད། ཁྱོད་འདྲ་བ་ཞིག་ངས་རྐང་འོག་གི་འབུ་དང་ལག་འོག་གི་ཤིག་ལའང་མི་བརྩི་བས། ད་བར་དུ་
ཁྱོད་སྣང་བ་སྐྱིད་པོ་བྱས། གནམ་ཨ་སྔོན་གོས་ལ་གྱོན། ད་དུང་ཕྲག་མགོ་མི་ཁེབས་བསམས།
ས་དོག་མོ་གདན་ལ་བཏིང་། ད་དུང་པུས་མོ་མི་ཤོང་བསམས། རྒྱ་མཚོ་ཧུབ་ཀྱིས་བཏུང་། རི་བོ་ དཔུང་པས་འགུལ། ཉི་ཟླ་གཡོག་ལ་བཀོལ་འདོད་ཀྱི་བསམ་བློ་འཁོར། ད་དེ་རིང་ཁྱོད་དུས་ལ་
བབས་པས་ཐར་ལམ་མེད། ཁྱོད་ཀྱིས་ཉོན་དང་ང་ཡིས་ཤོད་གསུངས་ཏེ། སེང་ཆེན་ནོར་བུ་དགྲ་ འདུལ་གྱིས་རལ་གྲི་བཏབ་པ་ལན་མེད་དེའི་དཔའ་ལུང་མཛུབ་མོར་བསྐོར་ནས། འདྲ་བསམ་ན་
རལ་གྲི་འདྲ་འདྲ་རེད། མི་འདྲ་རྣོ་ཆོད་ཁག་ཁག་རེད། ཨ་མའི་བུ་གཅེས་འདྲ་འདྲ་ལ། མི་འདྲ་སྣང་ བ་རང་འདོད་རེད་གསུངས་ཏེ་བཀའ་གླུ་རྡོ་རྗེ་བྲག་བཙན་ཐོག་འབེབས་ཀྱི་རྟ་ལ་དྲངས་ནས་འདི་
སྐད་ཅེས་གསུངས་པར་གདའ་འོ ། ། ༀ་མ་ཎི་པདྨེ་ཧཱུཾ་ཧྲིཿ། །གླུ་ཨ་ལ་ཨ་མའི་སྤང་ནས་ལེན། །ཨ་ མ་མ་ངོ་མ་ཤེས་ན། །དྲིན་ཆེ་བའི་དགེ་རྩ་གང་ནས་ཤེས། །བླ་མས་ཆོས་ངོ་མ་ཤེས་ན། །ཤི་
དམྱལ་བའི་འདྲེན་དོན་སུ་ཡིས་བྱེད། །གླུ་ཐ་ལ་ཐར་པའི་ལམ་ནས་ལེན། །སྨོན་ལམ་ཐར་པར་མ་ བཏབ་ན། །རང་སེམས་ཐར་པ་ག་ནས་ཐོབ། །དགེ་སྡིག་དབྱེ་བ་མ་ཆོད་ན། །དཀར་ནག་བདེན་
108
རྫུན་སུ་ཡིས་ཤེས། །གླིང་སེང་ཆེན་གོང་མ་ལྷ་ནས་བྱོན། །དཔའ་དཔུང་རོགས་དགྲ་ལྷ་ཝེར་མ་ རེད། །ལུས་མགོན་སྐྱབས་མཁའ་འགྲོ་ཆོས་སྐྱོང་རེད། །མཚོན་མི་འགྲོ་སྟོང་ཉིད་འཇའ་ལུས་
རེད། །ཤུགས་འགྲན་མེད་བར་སྣང་སྟོང་པ་རེད། །རྩལ་འགྲན་མེད་ལྕགས་རྡོ་མུ་མེད་རེད། །དབུས་ རི་བོ་མཆོག་རབ་ཤུགས་ཀྱིས་ཐུབ། །རྗེ་གེ་སར་ཤུགས་ཀྱིས་ཐུབ་ལེ་མེད། །དམའ་རྒྱ་མཚོ་
མཐའ་མེད་ཧུབ་ཀྱིས་འཐུངས། །ཤར་གླིང་རུའི་ཆུ་མགོ་འཐུང་དབང་མེད། །ཕོ་ལས་དབང་ཅན་
དེས་བསགས་ལེ་རེད། །བསོད་ནམས་ཅན་ལ་དབང་ལེ་ཡིན། །དཔའ་རྩལ་ཅན་གྱིས་འཐབ་ལེ་
དེ། །རླུང་རྟ་ཅན་ལ་ཐོབ་ལེ་ཡིན། །ཁྱོད་དང་ང་གཉིས་འགྲན་རྒྱུ་མེད། །ཁྱོད་རང་ཟེར་དང་དེ་རང་ གྱིས། །རྡོ་གོར་མོ་ཟས་ཀྱང་ལྟོ་བར་བཞུ། །དེས་ན་གེ་སར་ཟ་རྒྱུ་གྱིས། །རྒྱ་མཚོ་བཏུང་ཡང་ མིད་པར་སྐམ། །དེས་ན་གེ་སར་འཐུང་རྒྱུ་གྱིས། །སྔར་ཨ་ཆེན་སེར་པོ་ཧོར་ཡུལ་དེས། །བུ་
གཅེས་ཕྲུག་ལྷ་སྲས་དམར་གསོད་བཏང་། །གླིང་གེ་སར་མ་བསད་ལུས་ནས་གདའ། །རྫོང་
ཇ་མཁར་ཧོར་གྱིས་རྨང་ནས་བཤིག །མཚོན་རལ་གྲི་མ་ཁྱེར་ལུས་ནས་གདའ། །ཁྱོད་རྣོ་ངར་ འཛོམས་བསམ་རལ་གྲི་དེ། །ད་རུང་འདོད་པ་མ་ཚིམ་ན། །ལན་དགུ་གཡུགས་ནས་ཐེངས་
དགུ་བཅད། །ཐེངས་དགུ་གཡུགས་ནས་སྟོངས་དགུར་གྱུར། །ཁྱོད་ད་རུང་འདོད་པ་མ་ཚིམ་
ན། །ཉིན་ཞག་དགུ་ལ་སྤར་འཛིན་གྱིས། །ད་རུང་འདོད་པ་མ་ཚིམ་ན། །གནམ་ལ་སྤར་སྙོབ་ ས་ལ་སྒྲིལ། །བར་སྣང་རླུང་ལ་ཤུགས་ཡ་གྱིས། །མ་ཐུབ་ཇོ་རུ་ཤོར་ཟེར་ན། །ས་སྟེང་བྱང་
ཡུལ་མི་དགོས་ཏེ། །འཛམ་གླིང་ཡུལ་ལ་མིང་ཆད་ངན། །ཁྱོད་དང་ང་རང་ཡོད་པོ་གཉིས། །འདྲ་ བསམ་ཡོད་དེ་འགྲན་རྒྱུ་མེད། །གཡུ་འབྲུག་སྔོན་མོའི་མེ་གཤོག་དང་། །དུག་སྦྲུལ་འཁྱུད་པའི་
དཔུང་ཤུགས་གཉིས། །བར་སྣང་གཅོད་ལུགས་ཁག་ཁག་རེད། །གངས་སྟོད་སེངྒེའི་གཡུ་རལ་ དང་། །ཁྱི་རྒན་རྒྱ་བོའི་སྐྱག་རལ་གཉིས། །མགོ་འཕང་མཐོ་དམན་ཁག་ཁག་རེད། །མ་བཏབ་ སྤང་གི་རམ་ནག་དང་། །བཏབ་པའི་རྒྱ་ཞིང་སྙེ་མ་གཉིས། །ཟས་བཅུད་འཛོམས་ལུགས་ཁག་
ཁག་རེད། །ལྷ་བསྐོས་གླིང་གི་གེ་སར་དང་། །སྨོན་ལོག་དམ་ཉམས་བདུད་པོ་གཉིས། །ཚེ་མཐའ་ སྐྱེལ་སྟངས་ཁག་ཁག་རེད། །ཨེ་བདེན་མི་བདེན་ཅུང་ཙམ་སྒུགས། །ངའི་ལག་ན་བཟུང་བའི་རལ་ གྲི་འདི། །སྲོག་བདག་མ་ཡིན་ཐུགས་རྗེ་ཡིན། །ཐུགས་རྗེའི་ལྕགས་ཀྱུས་འདྲེན་མི་ཡིན། །རྣོ་
109
གཅོད་མ་ཡིན་ཤེས་རབ་ཡིན། །ཤེས་རབ་འཕྲུལ་གྱི་ལྡེ་མིག་ཡིན། །རྣམ་ཤེས་དག་པའི་ཞིང་
ལ་འདྲེན། །བེམ་རོ་དོག་མོ་ས་ལ་འཇོག །ཤེས་ན་མ་ཎི་ལན་གསུམ་དྲོངས། །མ་ཤེས་ཆོས་ལ་ སྙིང་པོ་མེད། །གོ་ནས་ཨེ་བྱུང་བདུད་རྒྱལ་ལགས། །ཞེས་གསུངས་ཏེ་གླུ་རྫོགས་པ་དང་རལ་
གྲི་རྨོག་སྟེང་དུ་གཡུགས་པས། རྨོག་དང་དར་འཕྲུ། བདུད་དགའ་རབ་ཀྱི་འཕྲུལ་རྫས་ཐམས་
ཅད་ཁྲ་ཐར་རེར་གཏོར་ཏེ་མགོ་ཀླད་པའི་བར་དུ་བཤགས་ཀྱང་བདུད་དགའ་རབ་ཀྱི་འཕྲུལ་བུ་ ཡིན་པས། འདྲེ་སྲིན་མི་མ་ཡིན་དང་མུ་སྟེགས་བླ་མའི་སྒྲུབ་རྫས་ཀྱིས་བསྲུངས་ནས་སྲོག་ལ་ གནོད་མ་ཐུབ། ཁོ་ཡིས་རལ་གྲི་ཤུབས་ལ་བཅུག དེ་རིང་ཇོ་རུ་དེ་དང་ཁྲབ་དཀར་ཐོང་འཛིང་
བྱས་ནས་གསོད་དགོས་བསམས་ཏེ་མཆོངས་བྱུང་བར། དགྲ་ལྷ་གཉན་སྟག་དམར་པོ་དེ་འཛུམ་ དྲུག་གྲ་དམར་རྒྱས་ལེ། ཁ་སྤུ་ཁ་སོ་གཤིབ་འདྲ། གྲ་རིང་གྲི་རིང་འདྲ་ལེ། གྲ་ཐུང་གྲི་ཐུང་འདྲ་ ལེ། །རྔ་མ་མདུང་སོ་བཅོ་བརྒྱད་བསྒྲིགས་འདྲ། སྤར་སྡེར་ལྕགས་ཀྱི་ཕུར་པ་འདྲ་བའི་སྟག་མོ་
ཞིག་ལ་སྤྲུལ་ནས་ངར་སྒྲས་ལུང་པ་ཁེངས་ལེ། ཁ་འཐེན་སྤར་འཛིན་གྱིས་བདུད་པོ་དེ་ཡི་སྟེང་དུ་ མཆོངས་པར། བདུད་པོ་དེས། ཡ། ཁྱི་གདའ་ལི་ཤིན་ཏུ་ཆེན་པོ་འདི་འདྲ་ཅི་ཡིན། ད་ཇོ་རུ་འདི་ གསོད་པའི་སྐལ་བ་མེད་པ་འདྲ་བསམས་ནས་ཕྱིར་འཐེན་བྱས། རྟ་ཁྱུང་ནག་འཕུར་ཤེས་ཀྱི་ཁ་ བསྐོར་ནས་སྐད་ཅིག་གཅིག་ལ་གློག་དམར་འཁྱུགས་པ་ལྟར་ཕོ་བྲང་དུ་བྲོས་པ་ལྟར་སོང་ངོ། །
ཁོ་ཡི་རྒྱབ་དམག་ནས་བརྒྱ་སྐོར་ཙམ་གླིང་དམག་གིས་བསད་པས། བརྒྱ་སྐོར་ཙམ་ཞིག་
མགོ་སྒུར། བྱེ་རིའི་དཔའ་བོ་གཞན་གཉིས་དེ་བྲོས་ཤོར། དེའི་དུས་གླིང་དམག་རྣམས་ལ་དམག་ ཕྱིར་འཐེན་གྱི་བརྡ་བཏང་ནས་ཕྱིར་འཐེན་བྱས་ཏེ་དཔའ་བརྟུལ་དམག་དཔོན་རྣམས་ལས་གུར་ དུ་འདུ་འཛོམས་བྱས། བཟའ་བཏུང་ཚིམ་པར་སྤྱོད་པའི་དུས། དཀྱིལ་གྲལ་གྲལ་གྱི་གྲལ་མགོ་ གུང་ཨ་ལོང་ཅན་གྱི་གདན་སྟེང་ནས་ཕ་སྤྱི་དཔོན་རོང་ཚ་ཁྲ་རྒན་དེས། ཡ། ཁྱེད་རྣམས་ཀྱིས་
བདུད་པོ་སེང་ཕྲུག་དེ་ལ་བློ་དང་སྐད་ཆ་རེ་དྲིས་གསུངས་པས། གཡས་གྲལ་ནས་ཉི་འབུམ་དེ་
ཡར་བཞེངས་ནས་ཁོ་ལ་སྐད་ཆ་དྲིས་པར། ཁོ་ཡིས་ཤི་བ་སྲོག་ལ་ཐུག་ཀྱང་། ཇུས་ཕྱི་ནང་བརྗེ་
བའི་ཚིག་གཅིག་མེད་ཟེར་ཏེ་སོ་སྒྲ་སྒྲོག་བཞིན་བསྡད་པ་ན། ཉི་འབུམ་གྱིས། དེ་ལྟར་ཡིན་ན། མི་ གསོད་གསོད་ལུགས་འདྲ་མ་ཡོད། །ཉ་མོ་བྱེ་ཐང་ནང་ལ་གསོད། །ཚ་གྲང་གཉིས་ཀྱི་མཚམས་
110
ནས་གསོད། །ཤ་ཕོ་རི་བོའི་འདབས་ལ་གསོད། །པགས་བཤུས་མགོ་རྭ་ལེན་ཉིན་མོ། །དབུགས་ མ་ཆད་གོང་ནས་ཤ་བཙོ་བྱེད། །ཨེ་དགའ་ཁྱོད་ཀྱིས་བསམ་བློ་ཐོང་། །མགོ་ནས་མི་གཤོག་
རྐང་ནས་གཤོག །ཁྲིམས་ཤིང་མགོ་ལ་ལོ་གཅིག་འཇོག །ཟེར་ནས་སྡིགས་གཏམ་བྱས་ཀྱང་
ཁོས་ཉམ་སྣང་མེད་པར་བསྡད་པས། བློན་ཆུང་ཆོས་གྲུབ་དེས། ཨ་ཕོ་ཁྱེད་དེ་ལྟར་མི་ཉན། ད་ ཤི་བའི་དུས་ལ་བབས་ན། བདུད་ཀྱིས་སྐྱབས་གནས་མི་ཡོང་། ཁྱོད་ལ་བྲོས་པའི་ལམ་མེད་ལ།
གབ་པའི་ཁུང་ཡང་མེད། གསོན་ཐར་གྱི་རེ་བ་མེད་ལ་ངོ་སོ་བཀའ་དྲིན་ཡང་མེད། མི་ཚེ་གཅིག་
ལ་སྲོག་བདག་བྱས། ས་འབུ་རྡོ་འབུ་ཡན་ཆད་ནས་བྱ་རིགས་གཤོག་ཐོགས་མན་ཆད་ཀྱི་འཇིག་ རྟེན་ཀུན་ལ་གནོད་པ་བྱས། སྲོག་གཅོད་དབུགས་ལེན་ཤ་མཁར་བརྩེགས། ཤ་ཟ་ཁྲག་འཐུང་
ཆད་མེད་བྱས། བཟང་བའི་དགེ་བ་མ་བསྒྲུབས་ནས། ངན་པའི་སྡིག་པ་ཇེ་བསྒྲུབས་བྱས། ནག་ པོ་བདུད་ཀྱི་འགྲོ་དོན་བསྒྲུབས། དེ་བདུད་ཀྱི་མངའ་ཁོངས་ཡིན་པས་ལན། ཁྱེད་ཨ་ནུ་དེ་ལྟར་
ལར་གྱིས་མི་ཉན། ཕ་རྒྱུད་གཅིག་གི་རུས་རྒྱུད་ཡིན། བུ་ལ་བསམ་བློའི་བཟང་ངན། རྟ་ལ་རྩྭ་ཆུ་
འཛོམས་ཞན། ཆོས་ལ་བསམ་བློའི་དཔྱོད་ལུགས་ཟེར་བའི་དཔེ་ཡིན་པས། ངས་སྔ་མོ་ནས་རྒྱལ་ པོ་སེང་ཆེན་ལ་མགོ་འབུལ་ཞུ་བསམ་པ་ཡོད་ཀྱང་། ཉིན་ཞིག་དཔའ་ལ་དང་དཔའ་བརྟུལ་འགའ་
ཞིག་ངའི་སྒོ་ལ་འབྱོར་ནས་ཆེ་གཏམ་བཙན་གཏམ་མང་པོ་བཤད་བྱུང་བར། ངས་བཟོད་སྒོམ་མ་ ཐུབ་པར་ཚིག་མཚོན་མང་པོ་བཏབ། ང་རྒྱལ་བདུད་ཀྱི་རྩ་བ་བཟུང་། ལྷ་ཆོས་བཟོད་པ་རྒྱབ་ལ་
བསྐྱུར། མཁར་གྱི་རྩེ་ནས་རལ་གྲི་བཤམས་ཏེ་གླིང་དཔའ་ལའི་སྟེང་དུ་མཆོངས་ནས་ཁྲབ་འཛིང་ རྟིང་མ་ལེན་བསམས་ཀྱང་། ལྷ་བདུད་གཉིས་ཀྱི་འགྲོ་དོན་ལས་ཀྱིས་རྒྱལ་ཁ་ཐོབ་པ་ག་ལ་ཡོད། རྒྱལ་པོ་གེ་སར་གྱི་བཀའ་དྲིན་དང་། གླིང་དཔའ་ལས་སྲོག་སྐྱོབ་གནང་བས། ཚེ་བསོད་ནམས་ རང་ལ་བསྐོས། བདུད་ལས་སྡིག་པ་སྤངས། ལས་རྒྱུ་འབྲས་ཀྱི་འགྲོ་དོན་དེས་ད་ཆ་ང་རྒྱལ་པོ་
སེང་ཆེན་གྱི་ཆོས་བློན་གྲལ་ལ་འཁོད། ཁྱོད་ཨ་ནུ་བསམ་བློ་ངན་པ་མ་ཐོང་རྒྱལ་པོ་སེང་ཆེན་ལ་ མགོ་འབུལ་ཕྱག་འཚལ་གྱིས། ཡུལ་སྡེ་དང་ཁྱིམ་མི། སྤུན་ཕུ་ནུ་ཐམས་ཅད་ལ་བསམ་བློ་ཐོང་།
དེ་ལྟར་རང་མགོ་ཐོན་ཁར་འབངས་སྡེ་སྐྱིད་པ། ཚེ་འདི་དཔོན་སར་འཁོད་ཅིང་ཕྱི་མ་དམྱལ་བར་ འགྲོ་མི་དགོས་པ་དེ་ང་ཡིས་རྒྱལ་པོར་ཞུ་ངོ་དང་བཤགས་པ་བྱེད་ཟེར་བར། སེང་ཕྲུག་ཐོག་ལྷ་
111
དེ་ཡིས། ཨབ་ཤ་ཇོ་རུ་ནག་ཙོག མི་མིན་འདྲེ་མིན། ལྷ་མིན་བདུད་མིན། སྤྲང་ཕྲུག་ཤིག་དང་སྲོ་ མས་གཡོགས་ལེ་དེར་རྐུ་ཁྲམ་གཉིས་ཀྱིས་མཐའ་ནས་བསྐོར། བརྒྱ་ཡར་འགྲོའི་ཇ་ལམ་བཀག
སྟོང་མར་ཡོང་ཚོང་ལམ་བཀག རྒྱལ་ཁམས་ཀུན་ལ་འགྲན་ཡ་བཟུང་། །རྒྱལ་ཕྲན་མང་པོར་མ་ ཉེས་ཁ་གཡོགས་བྱས། །མི་བསད་རྒྱུ་འཕྲོག་བྱས། །བདུད་ཆེན་ཟེར་ན་ཁོ་ལ་ཟེར། །མནའ་
ཁྲེལ་མེད་ན་ཁོ་ལ་མེད། །འཛམ་གླིང་ཁྲག་བཞིན་དཀྲུག་མི་ཁོས། །མཐོ་བོ་འམ་ཞིག་ཡིན་ནམ་
ཟེར། །བླ་མའི་འདྲེན་འདོན་ཡོད་པས་ཟེར། །དམྱལ་ཁམས་བཅོ་བརྒྱད་ཡོད་པས་ཟེར། །དེ་ཡོད་ ན་ལག་པའི་མཐིལ་ལ་སྟོན། །ཁྱོད་ཆེན་པོ་མཐོན་པོ་ཡིན་པས་ཟེར། །དེ་ཡིན་ན་བསད་བསད་ གྲངས་མེད་དེ། །དོན་མེད་མི་སྲོག་ཅི་ལ་གཅོད། །ཉི་མ་རེ་རེའི་དུས་ཚོད་ལ། །བརྒྱ་ཚོ་ཁྲི་ཚོ་
སྟོང་ཚོ་བསད། །བུམ་ཚོ་ཁ་ལོ་སྒྱུར་མི་ལ། །མ་ངན་ཨབ་ཤ་ཇོ་རུ་ལ། །མགོ་འབུལ་ཕྱག་འཚལ་ བྱེད་པ་ལས། །སྲོག་ཐེངས་དགུ་ཆད་ན་དགའ་རྒྱུ་ཡིན། །ཐུ་ཐུ་ཟེར་ནས་མཆིལ་མ་ལྕགས་ཀྱི་
སེར་བ་འདྲ་བ་རྒྱལ་པོའི་ཞལ་ལ་བརྒྱབ་པས། ཉི་འབུམ་དགོངས་པ་ཤིན་ཏུ་འཁྲུགས་ཏེ་ཡར་ བཞེངས་ནས། ཡ། ད་འདི་གསོད་ལུགས་མི་འདྲ་གསོད་སྟངས་ལ། གཟུགས་ཡན་ལག་བཞི་
ལ་ཕུར་བཞི་འདེབས། སེན་རྩེ་རེ་ལ་སྨྱུག་གཤགས་རེ། ཁྲིམ་ཤིང་མགོ་ལ་རྒྱང་ཤིང་རྒྱག སྲོག་ དེ་མ་ཆད་དུས་ཚོད་ལ། ཉི་མ་རེ་རེའི་བཟའ་བཏུང་ལ། ཆུ་ཕོར་གང་དང་རྩམ་ཕོར་གང་། དེ་ཡི་
སྲོག་རྟེན་བཞག་ན་དགའ། དེ་ནས་གསོད་སྟངས་ག་ལེར་བལྟ། ཟེར་ཏེ་ཉི་འབུམ་གྱིས་སྡིགས་ གཏམ་བྱས་པར། ཁོ་ཡིས་ཁ་ཁོ་བསྡམས་ནས་འཇིགས་སྣང་མེད་པར་བསྡད་པས། ཨ་ཁུ་ཁྲོ་
ཐུང་དེ་ཁ་ཁྲོ་བཅོ་བརྒྱད་ཁ་ནས་ལངས། ཞེ་ཁྲོ་བཅོ་བརྒྱད་ཞེ་ནས་ལངས། ང་རྒྱལ་ཁོང་ཁྲོ་གཏིང་ ནས་འཁྲུགས། སྨད་ཁྲག་ངོ་ལ་འཕྱུར། ངོ་ཁྲག་མིག་རྩར་ཁེངས་ནས། བདུད་ཕྲུག་འདི་འདྲ་བ་ མང་བ་དེ། ང་ཨ་ཁུའི་བྱ་བ་འཕུང་བའི་རྩ་བ་ཡིན། ང་ལ་གླིང་རུས་རྩིས་མཐོང་ཆེ་བ། མཚན་
དང་སྙན་གྲགས་ཆེ་བ། འཛམ་གླིང་ན་གྲགས་པ་ཆེ་བ། དཔའ་རྩལ་རྟིང་མའི་བཞག་པ་མང་བ། ལས་བྱ་བར་ངོ་སོ་ཆེ་བར་ཡོད་ཀྱང་། ཧོར་གླིང་འཁྲུག་གི་ཚུན་ཆད་ལ། ཧྭ་ཤང་ཧུ་ཤུ་ནག་པོ་ དེ་གནམ་ལ་འཕུར། ང་ཕྱི་དབུགས་ཆད་ནས་ནང་དབུགས་ཀྱི་མཚམས་སུ་རྩེབས་ཏེ་མི་རྒོད་
རི་ལ་ཉིན་ཞག་ལུས། ལས་དེ་ཚོའི་རྩ་བ་བདུད་ཕྲུག་དེ་ཚོར་ཐུག་བསམས་ནས་ཡར་ལངས།
112
སྲིན་གྲི་ཤུབས་ནས་བཏོན། སོ་ཁ་གནམ་ལ་འཕྱར་ནས་བདུད་ཕྲུག་དེར་སྡིགས་མོ་བྱེད་པའི་ གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ང་འདྲ་ཁྱེད་ཀྱིས་མ་ཤེས་ན། །ཁྲ་མོ་གླིང་གི་ལྷ་སྡེ་ནས། །སྔགས་
པ་བརྒྱ་ཡི་གཙོ་བོ་ཡིན། །མིང་ལ་ཨ་ཁུ་ཁྲོ་རྒྱལ་ཟེར། །ཧྭ་ཤང་བླ་མ་ཧུ་ཤུ་ཁོ། །སྟོབས་རྩལ་ སྤྲུལ་པ་མྱུར་ལུགས་ལ། །བྱ་རྒོད་སྤྲུལ་ནས་འཕུར་ཏེ་སོང་། །དེ་རྗེས་ཟིན་པ་ཨ་ཁུ་རེད། །དེ་
རིང་དུས་བབས་ང་ལ་བབས། །སྐེད་ལ་བཏགས་པའི་རལ་གྲི་འདི། །ནུབ་སྟག་གཟིག་ཡུལ་ གྱི་ས་ཆ་ནས། །ཁེ་ཚེ་རལ་བའི་ཕ་ཟོག་རེད། །ཁྲ་མོ་གླིང་རུའི་ས་ཆ་ན། །གྲི་སྲིན་གྲི་ཟེར་བ་
གཅིག་ལས་མེད། །རྟ་སྲིན་རྟ་ཟེར་བ་གཅིག་ལས་མེད། །མདའ་སྲིན་མདའ་ཟེར་བ་གཅིག་ལས་
མེད། །རྨོག་སྲིན་རྨོག་ཟེར་བ་གཅིག་ལས་མེད། །ཁྲབ་སྲིན་ཁྲབ་ཟེར་བ་གཅིག་ལས་མེད། །སྐེད་ འཁོར་གསུམ་བསྐོར་བའི་སྲིན་པོ་དེ། །བུ་ང་ལ་མིན་པ་སུ་ལ་དབང་། །གླིང་གེ་སར་རྒྱལ་པོའི་
ཨ་ཁུ་ཡིན། །སྤྱི་དཔོན་རྒྱལ་པོའི་ནུ་བོ་ཡིན། །རོང་འབུམ་ཚོ་བཅུ་ཡི་ཡ་བདག་ཡིན། །བུ་དགུ་
སྐྱེས་པའི་ཨ་ཕ་ཡིན། །མཐུ་ལ་ཧཱུཾ་ཤི་ཕཊ་འགྱེལ་ཡིན། །སྔགས་ལ་བྱེ་མ་རེག་གཅོད་ཡིན། །དེ་ རིང་ཁྱོད་དང་ཐུག་ལུགས་ལ། །ལར་གཞི་ཨེ་འདྲ་མཚར་མོ་གདའ། །སེང་དཀར་མོ་ཟེར་བའི་
གཡུ་རལ་ཅན། །གངས་རྩེ་གསུམ་འཛིན་སྟངས་མ་ཤེས་ན། །མགོ་གཡུ་རལ་འདམ་ལ་ཟུག་ རྒྱུ་རེད། །ཁྱི་ཞ་ར་ཞིག་དང་ཁྱད་མེད་རེད། །ཁ་སྐྱག་དྲི་འཚུབས་སེ་སྒོ་ཁར་ཤི །སྟག་དམར་
ཡག་ཟེར་བའི་འཛུམ་དྲུག་ཅན། །མི་ཤ་ཟ་ཚོད་མ་ཟིན་ན། །རྔོན་མཁས་པས་ས་མདོ་ལུང་མདོར་
སྒུག །ལུས་ལྕགས་སྒྲོག་ཤར་རེར་ཟིན་ནས་འགྲོ། །གྲ་འཛུམ་དྲུག་དཔའ་བོའི་གདན་ལ་འདིང་། །ཕོ་ དཔའ་བོ་ཟེར་བའི་རྟིང་མ་ཅན། །དཔའ་རྩལ་དྲུག་ངོམ་ཚོད་མ་ཟིན་ན། །ཕོ་འདྲ་གཉིས་ཐུག་
པའི་དུས་ཚོད་ལ། །ལུས་ཁྲག་དྲི་འཚུབས་སེ་མགོ་སྐེ་ཤོར། །ལུས་འཁོར་གསུམ་དཔའ་བོའི་ དཔའ་དར་རེད། །ཁྱོད་གསོན་མིང་ཤི་མིང་འགྱུར་འདོད་རེད། །སེང་མིང་ཁྱི་ལ་འགྱུར་འདོད་
རེད། །སྟག་མིང་གདན་ལ་འགྱུར་འདོད་རེད། །སྨན་མཛེས་འདོད་ཅན་གྱི་ན་ཆུང་དེ། །རོགས་
སྒྲིག་ཚོད་མཐུན་ཚོད་མ་བཟུང་ན། །ཕོ་ཁྲམ་པ་ཁ་མཚར་རྩེད་མཚར་མང་། །ལུས་འབྱུང་བཞི་
ནད་ཀྱིས་འཛིན་པའི་དུས། །ལས་མཐའ་མ་སྤྲང་སྒྱེ་རྒྱབ་ལ་འཁུར། །སྡེ་ཁྲ་མོས་ཁྲེལ་ཁ་རྒྱབ་ནས་
113
བྱེད། །ཞེ་མཚར་མོ་ཨེ་ཤེས་ན་ཆུང་སྨན། །རྟ་འདོ་བ་ཁ་ངར་ཆེ་ལེ་དེས། །ལམ་འཇམ་རྩུབ་མི་ བལྟ་རྒྱུག་ཐག་གཅོད། །རི་སྒང་གཤོང་མཚམས་ན་རྔུལ་ཆུས་ཁེངས། །རྡོ་རྡེལ་བུ་གཉིས་ཀྱིས་
རྭ་བཞི་ཁེངས། །རྒོད་ཐང་དཀར་བྱ་ཡིས་ཤ་ཟ་བྱེད། །རུས་མུར་གདའ་ལི་ཁྱི་ལས་མེད། །རྒྱུག་ བང་ཁ་ཨེ་ཤེས་འདོ་བ་རྟ། །བྱང་བྱེ་རིའི་བྱང་མཐའ་ཡར་ནང་ནས། །དཔའ་རྒོད་པོ་སེང་ཕྲུག་
ཐོག་ལྷ་བུ། །གླིང་ཁྲ་མོའི་ཁྲབ་སྒར་ཁྲག་བཞིན་དཀྲུགས། །གླིང་ལྷ་སྲས་མི་རྒྱུད་དམར་གསོད་ བཏང་། །དཔའ་ཁྱོད་ལ་མིན་པ་མེད་བསམས་ཏེ། །བུ་ངར་མ་ལྷ་སྲས་དགྲ་ལྷ་ཐུག །སྐེ་ལྕགས་
ཐག་ཤར་རེར་གུར་སྒོར་བཏགས། །ཁ་ཁྱི་རི་འཚུབས་སེ་སྲོག་ལ་ཐུག །ཡ་མཚར་མོ་ཨེ་ཤེས་ སེང་ཕྲུག་བུ། །མགོ་སྒུར་ན་སྐྲ་རྩེ་མཚམས་ནས་སྒུར། །ཚོད་བཟུང་ན་ཚ་གྲང་མཚམས་ནས་
བཟུང་། །མཆོད་བསམ་ན་བླ་མ་སངས་རྒྱས་མཆོད། །འདོན་ཤེས་ན་མ་ཎི་ཡིག་དྲུག་ཐོན། །བསྒྲུབ་ བསམ་ན་སངས་རྒྱས་ལྷ་ཆོས་སྒྲུབས། །ཁས་བླངས་ན་གེ་སར་མདུན་ནས་ལོན། །གླིང་ཡར་
གཡོག་མེ་ཆུ་ཐབ་གཡོག་ལ། །སྡོད་བསམ་ན་སྲོག་ལ་སྲོག་སྐྱོབ་ཡོད། །དེ་མིན་པ་གོམ་གང་
འགྲོ་ས་མེད། །སྡེ་བྱེ་རི་སྟག་རྩེ་གཡུལ་རྒྱལ་དེ། །བློ་ཕུགས་གཏད་བྱེད་ས་སུ་ལ་རེད། །མཁར་
བྱུར་རྫོང་གཏེར་གྱི་སྒོ་མོ་དེའི། །སྒོ་ལྡེ་མིག་སུ་ལ་ཡོད་ལེ་རེད། །མཁར་གྲུ་བཞི་གསེར་གྱི་བང་
མཛོད་དེའི། །སྒོ་ལྡེ་མིག་སུ་ཡིས་ཉར་ལེ་རེད། །གཏམ་མ་གསང་སྐད་ཆ་དྲང་གཏམ་གྱིས། །གླུ་ གོ་ནས་ཨེ་བྱུང་དམ་སྲི་ཁྱོད། །ཅེས་སྲིན་གྲི་དགྱེད་མ་དགྱེད་དགུར་དེར་ཚད་ཚད་ལན་འགའ་ བྱས་པས། བདུད་ཕྲུག་དེ་ཁ་ཁྲོ་བཅོ་བརྒྱད་ཁ་ནས་ལངས། ཞེ་ཁྲོ་བཅོ་བརྒྱད་ཞེ་ནས་ལངས།
མཆིལ་མ་ཐུ་ཐུ་ཟེར་ནས་ཁྲོ་ཐུང་ལ་གཡུགས། སོ་སྒྲ་སྒྲོག་ཅིང་འཐེན་མཆོངས་བྱས་ཏེ་ལྕགས་ ཕུར་རྣམས་འགུལ་ལིང་ལིང་བྱས་བྱུང་བས། ཁྲོ་ཐུང་ཕྱི་ནུད་ཤོར། ཁ་སྤུ་འདར་གསིག་གསིག་
བྱུང་། དེར་མི་ཆུང་ཧབ་དགོད་ཅིག་ཤོར་ཡང་ཅི་མ་གསུངས་པར་བསྡད་པའི་དུས། ཆོས་གྲུབ་ དེས། ཡ། གྲོགས་བདེན་པའི་ཁ་ལ་མ་ཉན་ན། །བྱ་རུས་སྦལ་ཁ་ནས་ཤིང་ཤོར་འདྲ། །ཆོས་
སངས་རྒྱས་གྲུབ་མཐའ་མ་ཤེས་ན། །མི་ཟེར་བ་ལྐུག་པ་ཆུ་འཐུང་འདྲ། །རང་གི་རིགས་རུས་
མ་ཤེས་ན། །སྤྲེའུ་ནགས་མཐར་འཁྱམས་པ་འདྲ། །རྒྱུ་རིན་ཆེན་ཉམས་དེ་མ་ཆོད་ན། །མི་རྒྱུས་
མེད་ལམ་ལ་ཞུགས་པ་འདྲ། །ཟེར་བའི་དཔེ་དང་འདྲ་མཚུངས་རེད། །ཁྱོད་མི་ལུས་བླངས་དང་
114
མ་བླངས་མེད། །ཁྱོད་ང་གཉིས་ཕ་ཁུ་གཉེན་ཉེ་ཡིན་པས། ངས་ཁྱོད་ལ་ཁ་ཏ་བཀོད་པ་འདྲ་ཨེ་ ཡོང་བསམ་པ་ཡིན། ཁྱོད་བདུད་སེམས་ལྷ་ལ་མི་ཁུག ཁྱོད་ལུས་འབྱུང་བཞི་ཐག་པས་བཏགས།
སྲོག་དམར་པོ་ཆད་ལ་ཁད་ཀྱང་མི་འཇིགས་མི་སྐྲག་ཟེར། གསོན་ས་སྟེང་དེ་ལ་སྡོད་པའི་དུས།
དཔའ་དཔུང་པ་ངོམ་པའི་དུས་མེད་པས། ཤི་ཚར་ན་འཇིགས་གཏམ་སུ་ལ་ཤོད། ད་དེ་བས་མགོ་ འབུལ་ལ་མོ་གྱིས། སྒོམ་ཤེས་ན་བླ་མ་སངས་རྒྱས་སྒོམས། རྗེ་གེ་སར་ལྷ་ཡི་བླ་མ་ལ། སྐྱབས་
བཅོལ་ན་ངན་སོང་འགྲོ་ལེ་མེད་ཟེར་བས། ཁོ་ཡིས་མིག་ལོག་སྐར་མདའ་ཡར་ཡར། སོ་སྒྲ་གྲོ་
ཡོས་འཆའ་འཆའ་བྱེད་པ་ན། ཉི་འབུམ་གྱིས་འདི་དེ་ལྟར་བཞག་ན་མི་ལེགས་པ་ཐག་གིས་ཆོད། དེ་ལུང་གསུམ་ལ་གསུམ་གྱི་བཞི་མདོ། རྫ་རོང་ཉི་མ་མི་ཤར་བ། སྲིབ་རོང་གཡའ་མ་ཁ་འཐབ།
རི་རྩེ་གནམ་ལ་ཐུག་ལེ། རི་སྐེད་བྲག་གིས་བསྐོར་ལེ། རི་འདབས་ཆུ་ཡིས་བསྐོར་ལེ། མི་རྒོད་ རི་བོ་འགྱིང་ཆེན་གྱི་འགྲམ་དུ། དོང་རིམ་པ་དགུ་ཡི་ནང་མགོ་བོ་ས་ལ་བཙུགས། རྐང་པ་གནམ་
ལ་གཏད་ནས་དོང་ལ་སྦས་ཏེ་ཆུ་ཁའི་བྱེ་མ་ནས་ལ་འགྱུར། རྡོ་ཨ་དཀར་ལུག་ལ་འགྱུར། གད་ པ་འབྲི་འདྲ་འབྲི་ལ་འགྱུར། ཕ་བོང་རྟ་འདྲ་རྟ་ལ་འགྱུར། རྒྱ་ཞིང་ཆུ་མ་ཨ་ཆེན་ཐང་ལ་འཚར་བའི་
བར་སངས་རྒྱས་ཀྱི་ཞལ་མཇལ་བའི་བསྐལ་བ་མེད་པ་ཞིག་དགོས་པས། ཨ་ཁུ་དང་སྒ་སྡེ། སྒོམ་ ཆེན་བླ་མ་བཅས་པ་རྣམས་ཕེབས་ནས་དོང་ལ་མནན་དགོས་གསུངས་ཏེ་བཀའ་བསྩལ། རྒྱལ་པོ་ སེང་ཆེན་གྱིས་དྲག་པོའི་ལྷ་ཚོགས་རྣམས་གདན་འདྲེན་ཞུས་ཏེ་ལྷ་ཚོགས་ཀྱིས་ཧཱུཾ་ཧཱུཾ་ཕཊ་ཕཊ། རྔ་རྡུང་སིལ་འཁྲོལ་གྱིས་རུ་སྣེ་དྲངས། ཨ་ཁུ་དང་སྒ་སྡེ། སྒོམ་ཆེན་བླ་མ་རྣམས་ལ་རྟ་དམག་ལྔ་ བརྒྱས་བསྐོར། བདུད་ཕྲུག་དེ་ལ་རྐང་ལྕགས་ལག་ལྕགས་སྒྲོག་འཆིང་བརྒྱབ་ནས་གཏོར་ཟོར་
ནག་པོ་དགྲ་ལ་འཕངས་པ་ལྟར་གྱིས་སོང་སྟེ་ས་རུབ་པ་དང་ཁོ་ས་དོང་ནང་དུ་མནན་ཐུབ་པ་དུས་ མཉམ་བྱུང་། གླིང་པ་རྣམས་ལྷ་སྒར་དུ་འཛོམས་ནས་དོན་གྲུབ་པའི་དགའ་སྟོན་སྐྱིད་གླུ། རྩེད་
གར་ཇ་ཆང་ལ་སྤྱོད་ཅིང་། ད་བདུད་ཕྲུག་མང་ཆེ་བ་དབང་ལ་བསྡུས་ཟིན། བདུད་བློན་གཉིས་
དང་བདུད་རྒྱལ་ཁོ་ཤི་མ་གསོན་ལ་ཐུག་པས། ཕོ་བྲང་བཟུང་དང་མ་བཟུང་མེད། ད་དཀྱིལ་མཁར་ བསྐོར་བའི་དུས་ལ་རྩེབས་གསུངས་ཏེ་བཀའ་གྲོས་ཞིབ་རྒྱས་མཛད་པའི་དུས། སྤྱི་དཔོན་རོང་
ཚ་ཁྲ་རྒན་དེས་འགྲོ་མཁས་འདུག་མཁས་དགོས་ཚུལ་གྱི་བཀའ་བསྩལ་བའི་གླུ་འདི་དལ་བ་རིང་
115
མོའི་རྟ་ལ་དྲངས་ནས་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ཨ་ལ་གླུ་ཡི་མགོ་མོ་རེད། །གླུ་མགོ་གོང་མའི་ལྷ་ཡིས་འཚོས། །ལྷ་
མེད་ན་མགོན་སྐྱབས་སུ་ཡིས་བྱེད། །གླུ་སྐེད་དགྲ་ལྷ་ཝེར་མས་འཚོས། །དགྲ་ལྷའི་དཔུང་རོགས་ མ་ཡོད་ན། །བདུད་ནག་པོའི་ཁ་ཡ་སུ་ཡིས་བྱེད། །གླུ་སྣེ་མ་དང་མཁའ་འགྲོས་འཚོས། །མ་
མཁའ་འགྲོའི་ཁ་འཛིན་མ་ཡོད་ན། །བློ་རིག་པའི་ཕུགས་གཏད་སུ་ལ་བྱེད། །གླུ་ལེན་པས་མཐོ་ རིས་ཐར་ལམ་འདྲེན། །འདྲེན་འདོན་ཅན་གྱི་བླ་མ་མཁྱེན། །སྐྱབས་བསླུ་མེད་དཀོན་མཆོག་རྩ་
བ་གསུམ། །གསོལ་བ་སྙིང་གི་རྒྱུད་ནས་འདེབས། །སངས་རྒྱས་བསྟན་པ་དར་བར་ཤོག །བདུད་
མུ་སྟེགས་ཆམ་ལ་འབེབས་པར་ཤོག །བོད་སྒང་པའི་ལས་དོན་འགྲུབ་པར་ཤོག །གླུ་དེ་ཚོ་སྨོན་
ལམ་མགུར་མ་ཡིན། །ས་འདི་འདྲ་ས་ངོ་མ་ཤེས་ཏེ། །ལོ་ཨ་ལོང་འདྲ་བ་ཕྱེད་གསུམ་བསྡད། །ས་ ངོ་ལམ་ངོ་ཡུལ་ངོ་གསུམ། །མ་ཤེས་ཟེར་བ་ག་ལ་ཡོད། །རི་རྔ་ཆུང་འདྲ་བ་གདན་ལ་བཏིང་། །ས་ ལྕགས་རི་འདྲ་བས་མཐའ་ནས་བསྐོར། །ས་སྐྱིད་མོ་བཀྲ་ཤིས་གཡང་ར་ཐོགས། །དེ་རང་ཡུལ་
གླིང་དང་ཁྱད་པར་མེད། །ནམ་ཉི་ཟླའི་དུས་ཚོད་འཁོར་བས་ན། །ཡུལ་བདུད་སྡེ་ཆོས་ལ་བསྒྱུར་ ནས་ཡོང་། །ས་འདི་དག་ཞིང་བོད་ལ་བསྒྱུར། །བོད་སྒང་པའི་བྱང་ས་ངོ་མ་ཡོང་། །མི་ང་འདྲ་
ཁྱེད་རྣམས་ལོས་ཀྱང་མཁྱེན། །གནམ་ཨ་སྔོན་དགུང་གི་སྐྱ་རེངས་དེ། །སྟེང་བར་སྣང་ཐིག་ཚད་
ལེན་མི་རེད། །བྱང་ཨ་ཆེན་སྐར་མ་ཨ་བརྟན་དེ། །སྐར་ཚོགས་ཁྲ་མོའི་རྒྱུན་འཛིན་རེད། །ཕ་སྤྱི་ དཔོན་རོང་ཚ་ཁྲ་རྒན་དེ། །བོད་འཛམ་གླིང་ཇུས་ཀྱི་བང་མཛོད་རེད། །སྟོད་ཀྱི་གངས་དཀར་ཏི་ སེ་དང་། །བར་གྱི་མ་ཕམ་གཡུ་མཚོ་གཉིས། །གདོང་སྤྱི་དཔོན་རོང་ཚ་ཁྲ་རྒན་གསུམ། །བོད་
སྲིད་པ་ཆགས་པའི་མ་གསུམ་ཟེར། །གླིང་གེ་སར་ལྷ་ཡི་བླ་མ་གཅིག །མ་ནེ་ནེ་གུང་སྨན་རྒྱལ་ མོ་གཉིས། །གླིང་དཔའ་བརྟུལ་གྲུབ་ཆེན་བརྒྱད་ཅུ་གསུམ། །ཆོས་སངས་རྒྱས་བསྟན་པའི་ཀ་བ་
ཟེར། །ཁ་སང་རྒྱལ་བློན་མི་བཞི་དེས། །ཕོ་རང་ཚོད་མ་ཟིན་གླིང་སྒར་འགྲིམས། །གླིང་ཁྲ་མོ་ལྷ་
སྡེའི་ལྷ་ཕྲུག་ནས། །མི་བརྒྱ་ཚོ་གཅིག་གཉིས་སྲོག་ལ་ཕབ། །དཔའ་སྙན་གྲགས་ཆེ་བའི་མི་གཉིས་ བཀྲོངས། །དེ་སྡུག་ལེ་རེད་དེ་བསྐོས་ཐང་རེད། །སྤྱང་ཨ་ཐོང་འཆི་ཁར་ལུག་བརྒྱ་བསད། །དུས་ མཐའ་མ་ལ་བཙས་འགྲམ་དུ་ཤི །བྱ་སྐྱ་ཁྲ་འཆི་ཁར་བྱེའུ་བརྒྱ་དཀྲོགས། །དུས་མཐའ་མ་ཚེར་ཕུང་
116
འོག་ལ་ཤི །ཕོ་ཁྲམ་པ་འཆི་ཁར་མི་བརྒྱ་བསད། །དུས་མཐའ་མ་བཙོན་ཁང་ནང་དུ་ཤི །དེ་ཟེར་ བའི་གཏམ་དང་འདྲ་མཚུངས་བྱུང་། །ཁོ་སེང་ཕྲུག་ཐོག་ལྷ་གཡེར་པོ་ཆེ། །སྲས་དགྲ་ལྷ་དཔོན་ ལ་འགྲན་ཡ་བཟུང་། །སྲོག་དམར་པོ་རིམ་དགུའི་དོང་ལ་ལྷུང་། །ལས་དེ་ལས་སྡུག་པ་ག་ན་ ཡོད། །རྗེ་རྒྱལ་པོ་ང་རྒྱལ་ཕྲག་དོག་ཅན། །དེ་དུས་ལ་བབས་པ་ལྷ་ཡི་ལུང་། །དགོང་ཕྱི་དྲོ་ཉི་
མ་ལ་རྒས་དེ། །ལ་མཐོ་པོ་དམའ་རུ་གཏོང་རྒྱུ་མེད། །གནམ་ཨ་སྔོན་སྦྲང་ཆར་བབ་ལེ་དེ། །ས་ དོག་མོས་མི་ཁྱོག་ཟེར་བ་མེད། །མི་ཚེ་ཟད་དུས་ལ་བབས་པ་དེ། །ལྷ་བླ་མས་སྲོག་བབླུ་བྱ་རྒྱུ་
མེད། །བསོད་ནམས་རང་ལ་མ་ཡོད་ན། །ལྷ་ངོ་མཆོད་དང་མ་མཆོད་མེད། །སྐྱེ་གཟུགས་རང་
ལ་མ་ཡོད་ན། །ཆུ་ཁྲུས་བྱས་དང་མ་བྱས་མེད། །ནག་པོ་བདུད་ཀྱི་ཚེ་སྲོག་འདི། །གླིང་རུའི་
ལག་འོག་མ་གཏོགས་པར། །དེ་མིན་གཞན་ལ་ལས་དབང་མེད། །ང་ཚོ་རྒྱལ་བློན་དམག་ཆེན་
འདི། །ཉི་མ་དེ་སྔ་ཡན་ཆད་ལ། །བྱང་བྱེ་རི་ཡུལ་དང་གླིང་དཀར་གཉིས། །འཁྲུགས་ནས་མི་ལོ་
ཕྱེད་གསུམ་སོང་། །དཔའ་བརྟུལ་ལྷ་ཕྲུག་ངར་རྒོད་ཅན། །རྟིང་མ་མ་ལོན་ལུས་རབས་མེད། །སེར་ པོ་གསེར་གྱི་ཁུག་མ་དེ། །གོང་མཐོ་མ་ཁུག་ལུས་རབས་མེད། །ཤར་ལྷོ་ནུབ་བྱང་དམག་དཔོན་
ཚོར། །འཕྲིན་ཆ་ཐོང་ལ་བང་ཆེན་ཐོང་། །ཉི་མ་བཅུ་ལ་ཐུགས་ཁྲལ་མེད། །ཟས་དང་ལོངས་སྤྱོད་
ཐུགས་སྟོན་མཛོད། །ཉི་མ་བཅུ་ཙམ་མ་སོང་ན། །གཟའ་སྐར་འཕྲོད་སྦྱོར་མ་ལེགས་འདུག །འདི་ ནས་བརྩིས་པའི་ཕན་ཆད་ལ། །ཚེས་པ་བཅུ་དགུའི་ཉིན་མོ་དེར། །རྒྱལ་པོའི་མཁར་རྫོང་བསྐོར་
རྒྱུ་བྱེད། །སྟོང་གཏམ་ཅན་གྱི་སྤྲང་པོ་དེར། །ཟས་ཕུགས་ཅི་ཡོད་དེ་དུས་བལྟ། །ངོམ་སོ་ཅན་གྱི་
མཛེས་མ་དེར། །སྐྱེས་ལོ་ཅི་གདའ་ཁྲོམ་ལ་བལྟ། །བང་ཁ་ཅན་གྱི་འདོ་བ་རྟ། །རྒྱུག་རྩལ་ཅི་ཡོད་ ཐང་ལ་བལྟ། །ཨེ་རེད་མ་རེད་གླིང་དཀར་སྡེ། །ང་རང་རྒད་པོའི་བསམ་པ་ལ། །ཚེས་བཅུ་དགུ་
ནམ་མཁའ་མ་ལངས་གོང་། །མཁར་གྲུ་བཞི་ཤོ་གདན་བཏིང་འདྲ་གྱིས། །གླིང་དཔའ་བརྟུལ་ཤོ་ རྡེལ་བསྐོར་འདྲ་གྱིས། །ཕོ་རྒོད་པོ་སུ་རེད་གསལ་ནས་ཡོང་། །ལྷ་བླ་མའི་ཐེག་པ་མཐོ་དམན་ དེ། །ཤི་དམྱལ་བ་འགྲིམ་ཉིན་མ་གཏོགས་པར། །ལུས་བདེ་ཐང་དུས་ལ་བལྟ་རྒྱུ་མེད། །གོང་
དཔོན་པོའི་དབང་ཐང་ཆེ་ཆུང་དེ། །འབངས་མི་སྡེའི་ཁ་ལ་མ་ཉན་པར། །གཏམ་སྙན་གྲགས་ཅན་ ལ་ཉན་རྒྱུ་མེད། །ཕ་ཕྱུག་པོར་རྒྱུ་ནོར་ཅི་ཡོད་དེ། །ཡུལ་མུ་གེ་ཡོང་དུས་གཏོང་རྒྱུ་ཡིན། །དེ་
117
མེད་ན་ཡི་དྭགས་ཅིས་མི་འདྲ། །ད་ནི་བྲེལ་བ་དགོས་དོན་མེད། །བྱུར་རྫོང་ནོར་བུའི་གཏེར་ཁ་
དེ། །རི་གངས་དཀར་རྩེ་ཡི་སེངྒེ་ཡིན། །མགོ་གཡུ་རལ་ལག་པས་ལེན་མི་ལ། །སྟོབས་ཆེ་བའི་
རྨ་རྒྱལ་མགོན་དུ་དགོས། །རྨ་རྒྱ་རྫོང་ནགས་ཀྱི་གཏེར་ནོར་དེ། །རྒྱུ་དངོས་གྲུབ་ཆར་པ་འབེབས་ མི་ལ། །སྔགས་ནུས་མཐུ་ཅན་གྱི་བླ་མ་དགོས། །ལྷོ་འཛམ་གླིང་དབང་ལ་སྡུད་མི་ལ། །སྟེང་ལྷ་
བསྐོས་འཛམ་གླིང་སེང་ཆེན་ཡིན། །དེ་མིན་སུ་ལ་དབང་བ་མེད། །དུས་དེ་ནས་ཉི་མ་ཕན་ཆད་ ལ། །ཉིན་བཅུ་གླུ་གར་རྩེད་མོ་གྱིས། །སོ་པ་བརྗེ་རེས་ལངས་རེས་གྱིས། །ཕྱི་དགྲ་ནང་ལ་མ་ ཤོར་དགོས། །རྒྱལ་པོ་སྟག་རྩེ་གཡུལ་རྒྱལ་དེ། །དེ་བཞིན་བདུད་ཀྱི་རྒྱལ་པོ་ཁོ། །ཅུང་ཙམ་
བདེ་ལ་འཁོད་པས་ན། །རང་སེམས་རིག་པ་དྭངས་ནས་ཡོང་། །བཙུན་མོ་སྲས་ཆུང་སྲས་མོ་
ཚོ། །ཆ་ཤེས་པ་ཡོད་ན་བསྐོར་རན་ཡིན། །སྲས་ཆུང་ཟླ་བ་སྟོང་རྒོད་ལ། །དཔའ་རྩལ་དྲུག་ཡོད་
ན་ངོམ་རན་ཡིན། །ཀླུ་བདུད་ཤི་ལོག་ནག་པོ་ལ། །མིག་སྒྱུ་མ་ཡོད་ན་ངོམ་རན་རེད། །གནམ་ རྡོ་ཡ་མེད་ཐོག་རྗེ་ལ། །དཔའ་རྩལ་དྲུག་ཡོད་ན་ངོམ་རན་རེད། །ཕར་རྒོལ་མ་བྱེད་ལྷ་སྒར་
བཞུགས། །ཚུར་ལ་རྒྱལ་བློན་སུ་བྱུང་དེ། །ཤ་ལུག་ཐག་པས་བཟུང་འདྲ་གྱིས། །དེ་མིན་བྲེལ་ བ་དགོས་དོན་མེད། །བླ་མའི་གསུང་ལ་བསླུ་བ་མེད། །ཕ་མའི་ཁ་ཏར་ངན་སེམས་མེད། །ཨེ་
རེད་ཐུགས་ཀྱི་དཀྱིལ་ལ་ཞོག །ཅེས་གསུངས་པར། མཐོ་བའི་བླ་མ་མི་དཔོན་རྒྱལ་པོ་གེ་སར་ མན་ཆད། དམའ་བའི་རུ་ཤོག་བཅུ་དཔོན་ཡན་ཆད་ཀྱི་ཕ་ཁུ། ཕུ་ནུ། དཔའ་བརྟུལ་གང་ཡོད་
ཀྱིས་སྤྱི་དཔོན་གྱི་གསུང་ལ་མངོན་པར་བསྟོད། ཕྱོགས་བཞིའི་རྫོང་བཞི་བཟུང་བའི་དཔུང་དམག་ རྣམས་ལ། ཉི་མ་བཅུའི་རིང་དགྲ་ལ་ཕར་རྒོལ་མེད་པར་དགའ་སྟོན་སྐྱིད་གླུ་གྱིས། རང་རྒྱུ་མི་ལ་
མ་ཤོར་དགོས། མི་རྒྱུ་དཔུང་འཕྲོག་མ་བྱེད། ཉེས་མེད་ཉེས་རྡུང་མ་བྱེད། གཉོམ་ཆུང་ཁ་རྡུང་མ་ བྱེད། བདུད་ཀྱི་རྒྱལ་བློན་གསུམ་དང་སྲས་ཆུང་ཟླ་བ་སྟོང་རྒོད་བཅས་ཕམ་པོ་སྒུག་ཚོད་ཟིན་ལེ་ མེད། ཟས་མེད་ནམ་ཟླ་ཆོད་ལེ་མེད། གོས་མེད་དགུན་ལྷགས་གཤོག་ལེ་མེད་ཟེར་བའི་དཔེ་
ལྟར་ཚུར་རྒོལ་བྱེད་སྲིད། དེ་ཚུར་ཆས་བྱུང་ན་མགོ་སྐེ་ལོན་ཐུབ་པ་གྱིས་གསུངས་ནས་བཀའ་
བརྡ་སྦྱར། གླིང་པ་རྣམས་དགའ་སྟོན་བྲོ་ཁྲབ་དང་གླུ་གར་རོལ་རྩེད། བཟའ་བཏུང་ལོངས་སྤྱོད་ ལྷ་ལས་རྒྱས་པ་ལྟར་གྱིས་བཞུགས་སོ།། །།
118
ལེའུ་བཅུ་པ། དེའི་དུས་བྱེ་རི་སྟག་རྩེ་རྒྱལ་པོ་དེ་མགོ་ཁྲག་རལ་ཉིལ་ལེ། ལུས་སྐྱག་རལ་ལིང་ལིང་།
སེམས་མུན་པ་རུབ་འདྲ་བྱས་ནས་ཕོ་བྲང་ལ་འབྱོར་བས། བཙུན་མོ་དང་སྲས་མོ། སྲས་ཆུང་ རྣམས་ངུ་འབོད་སྤྱང་རྒན་བརྒྱལ་བརྒྱལ། ཁ་ཤ་གླ་པགས་འཐེན་འཐེན། བྲང་ཁོག་རྔ་མོ་རྡུང་
རྡུང་། མཆི་མ་གནམ་ཆར་འབབ་འབབ། སེམས་མུན་པ་རུབ་འདྲ། སྙིང་དྲན་པ་ཐོ་བས་རྡུང་རྡུང་ གིས་ཉིན་མཚན་མི་འཁྱོལ་བ་བྱུང་ཞིང་། རྒྱལ་པོ་ལ་སྨན་བཅོས་འདྲ་བྱས་ཀྱང་ཧ་ཚག་བླ་མ་
དང་ཧྭ་ཤང་ནག་པོ་བཅས་པ་མཁར་རྫོང་དུ་འཁོར་མ་ཕོད་པས། རྒྱལ་པོ་ཤི་མ་གསོན་ལ་ལུས། དེ་ནས་ཉི་མ་གཉིས་སོང་བ་དང་བློན་པོ་ཤི་ལོག་ནག་པོ་དེ་དང་གནམ་ལྷ་འབྲུག་རྒྱལ་གཉིས་
ལྷག་འཕྲོས་ཁྲབ་དམག་དྲུག་ཅུ་སྐོར་ཞིག་ཁྲིད་ནས་ཕོ་བྲང་ལ་ལོག་བྱུང་བས། རྒྱལ་པོ་ཐུགས་ ཤིན་ཏུ་དགྱེས། ཉལ་ཁྲིའི་སྟེང་ནས་མགོ་དགྱེད་དགྱེད་ཀྱིས། ཡ། ཁྱེད་གཉིས་པོ་སྲོག་མ་ཤོར།
རང་མགོ་ཐོན་པ་ཤིན་ཏུ་ལེགས། ང་ནི་ཤི་གསོན་གྱི་མཚམས་ལ་ཐུག དགྲ་གླིང་རུ་ལ་འཐབ་ཡ་
བྱས་ན། མར་དང་གྲི། སྤུ་དང་མེ་ཐུག་པ་ལྟ་བུ་ལས་ཡོང་རྒྱུ་མིན་འདུག་ཟེར་ནས་བློན་པོ་གཉིས་ ལ་ཨ་རག་བདུད་རྩི་དང་ཤ་དམར་ཁྲག་གི་འཚོ་བ་དྲངས། རྒྱལ་པོ་གཉིད་ཉལ་བར། བློན་པོ་
གཉིས་དེས། ཁ་སང་གླིང་རུའི་དམག་སྒར་ལ་བཤར་བའི་དུས། ངེད་གཉིས་པོས་ཕར་བསད་
མི་ལ་གྲངས་རྩིས་མེད། ངེད་གཉིས་གྲོས་ཐར་ལར་གྱིས་མ་བྱས་ཏེ། མི་དཀར་རྟ་དཀར། མི་
སེར་རྟ་སེར། མི་སྔོན་རྟ་སྔོན་ཅན། ལ་ལ་བྱ་ཡི་གཤོག་ཅན། ལ་ལ་གཅན་གཟན་སྡེར་མཆེ་ཅན།
ལ་ལ་འབྲོང་གི་རྭ་ཐུར་ཅན། ལ་ལ་འབྲུག་གི་མེ་གཤོག་ཅན། ལ་ལ་རླུང་གི་རལ་གྲི་ཅན། ལ་ལ་
ཁྲོ་ཆུ་ཐོག་སེར་ཅན། ཆོ་འཕྲུལ་འདྲ་བའི་དམག་མང་བར་བྱུང་བས། ངེད་གཉིས་ཀྱིས་གདོང་མ་
ལོན་པས། རང་ཚོད་བཟུང་སྟེ་འབྲོང་ལུང་གྱེན་ལ་སོང་། སྟག་ལུང་ན་དམར་ལུང་ནས་ཁ་ཚུར་ བསྐོར་ཏེ་བྱང་ཧ་ར་ལུང་ནས་མར་ཡོང་། སྤེན་ནེ་ལུང་གཞུང་ན་རང་ཁོངས་འབྲོག་སྡེ་ཐར་ཐོར་
འགའ་ཡོད་པས་ལྟོ་བྱིན་པས་མུ་གེས་མ་ཤི་ཙམ་བྱུང་། རྨས་སྐྱོན་ཆེ་བའི་བུ་རྟ་མང་ཆེ་བ་ལམ་ བར་དུ་ཤི་སོང་ཟེར་ནས་ཅི་བྱེད་འདི་བྱེད་མེད་པར་ཨ་ཁ་ཁ་དང་བྲལ་མེད་ཀྱིས་བསྡད་པར།
119
སྲས་ཆུང་ཟླ་བ་སྟོང་རྒོད་དེས། གཡས་གྲལ་ཟ་འོག་འབུམ་བརྩེགས་ཀྱི་ཡང་སྟེང་ནས། དགུང་ ཨ་སྔོན་སྐར་ཆེན་ཤར་འདྲ། ཤ་ཁྲག་མི་འདྲ་སྤྲུལ་པའི་སྐུ་གཟུགས་འདྲ་བ། མི་དང་མི་འདྲ་ལྷ་
དང་འདྲ་བ། ལྷ་གཟུགས་མར་དཀར་གྱིས་བཞེངས་འདྲ། རྫི་མ་ནགས་འདབ་རྒྱས་འདྲ། མིག་
ཁྲ་ཆུང་སྐར་ཆེན་དགུང་ནས་ཤར་འདྲ། དབུ་སྐྲ་འཇའ་ཚོན་འཁྲིགས་འདྲ། སྐུ་སྟོད་སེངྒེ་འགྱིངས་ འདྲ། སྐུ་སྐེད་གཡུ་འབྲུག་ལངས་འདྲ། སྐུ་སྨད་སྟག་མོ་ངར་འདྲ་བྱས། ཁྲབ་ཆེན་ཟི་ར་ཐོག་ཆེན། རྨོག་ཆེན་ལྷས་ར་དགུ་འཛོམས། དར་འཕྲུ་སྤྲིན་ཀློང་ཕྱུག་མོ། མདའ་མོ་ཁམས་གསུམ་སྲོག་
བདག གཞུ་མོ་སྟོང་གསུམ་རང་འགུག རལ་གྲི་ནམ་མཁའ་སྟོང་གཅོད། མདུང་མོ་བྲག་དམར་
རྩེ་བཤིག་བཅས་གོ་ཁྲབ་ལུས་ལ་བསྐོར་ནས་བྱོན་གྲབས་བྱས་པར། ཡུམ་དང་སྲས་མོ་ཨ་སྐྱིད་
ལྷ་མོ་གཉིས་ཀྱིས་ཕྱག་གཡས་གཡོན་ནས་བཟུང་སྟེ་བཤོལ་མ་བྱས་པར། དེ་རིང་ངས་ཕ་བསད་ ཀྱི་ཤ་ལན། དགྲ་བོའི་མགོ་སྐེ་ཡབ་ཀྱི་དྲུང་དུ་འབུལ་ངེས་ཡིན་ཟེར་ཏེ་ལྷ་ཆེན་དབང་ཕྱུག་དཔང་
ལ་བཞག དཔའ་ངར་རྩལ་དྲུག་འཛོམས་པ། དར་སེང་གངས་ནས་ལངས་འདྲ། འཁོར་གསུམ་ གཡུ་རལ་རྒྱས་འདྲ། དར་འཕྲུ་མཆོད་རྟེན་བཞེངས་འདྲ་སུས་ཀྱང་བཤོལ་ཐབས་མ་བྱུང་བར་
ཤོར་བས། ཀླུ་བདུད་ཤི་ལོག་ནག་པོ་དེ་དང་བྲག་སྲས་གནམ་ལྷ་འབྲུག་རྒྱལ་གཉིས་དེས་ཤ་
ཁྲག་གི་བཟའ་བཏུང་ཚིམ་པར་བྱས་ནས་དཔའ་ཆས་འཁོར་གསུམ་ལུས་ལ་བསྐོར་ཏེ་རྒྱལ་སྲས་ ཀྱི་དཔུང་རོགས་ལ་བྱོན། དཔོན་བློན་གསུམ་དེ་དཔུང་སྒྲིག་བྱས་ནས་ས་སྐྱ་འཕར་རེ། རྡོ་སྐྱ་
འཚུབས་སེ་གླིང་སྒར་ལ་གཏད་ནས་བཤར་བྱུང་བ་གླིང་གི་སོ་པ་རྣམས་ཀྱིས་རིག་ནས་དུ་བསང་ གི་བརྡ་བཏང་བྱུང་བར། གླིང་པ་རྣམས་ཟིང་ཟིང་ལོང་ལོང་གིས་རྟ་ཕོར་སྒ་སྲབ་དང་མི་ཕོས་
འཁོར་གསུམ་བསྐོར་བའི་དུས། རྒྱལ་སྲས་ཟླ་བ་སྟོང་རྒོད་དེ་བྱ་འུག་པ་གཤོག་སྒྲོ་གྲི་མདུང་གི་ སོ་ཅན་ཞིག་ལ་སྤྲུལ་ནས་སྟག་རོང་གི་དམག་དཀྱིལ་དུ་འཕུར་ལྡིང་གཤོག་འགྱུར་འགའ་བརྒྱབ་
ནས་སྟག་རོང་ཤོག་གི་ལས་དམག་ལྔ་བཅུ་ཙམ་གཡས་བསྒྲིལ་གཡོན་བསྒྲིལ་བཏང་ཞིང་གཡས་ རུ་སྒ་འབྲུའི་སྒར་དུ་ཤོར་ཏེ་དམག་བརྒྱད་ཅུ་ཙམ་སྒྲོ་འོ ག་ཏུ་འདས་གྲོངས་བཏང་། སུམ་ཅུ་ཙམ་
ལ་རྨས་སྐྱོན་ཆེ་ཙམ་བཟོས། ཁོས་སྤྲུལ་པ་བསྡུས། རལ་གྲི་ནམ་མཁའ་སྟོང་གཅོད་དེའི་ཤུབས་ ཁ་སྤར་ཏེ་སྒ་འབྲུ་གཉིས་ཀྱི་ལས་དམག་བཅོ་ལྔ་ཙམ་གྲི་འོག་ཏུ་བཏང་ནས་ཉི་འབུམ་གྱི་ལས་
120
གུར་ལ་བལྟས་ནས། ཁོ་རེ་གླིང་དཀར་ཝ་ཕྲུག་ཚོ། དེ་རིང་གབ་དོན་ཅི་འདྲ་རེད་ཟེར་ནས་རོ་ལ་ རྡོག་ཐོ་བརྒྱབ་ནས་ཕར་གཡུག་ཚུར་གཡུག་བྱས། ཀི་སྒྲ་འབྲུག་ཐོང་སྒྲོག་སྒྲོག་གིས་ཉི་འབུམ་
གྱི་ལས་གུར་གྱི་སྒོ་ཟུར་དུ་ཐོན་བྱུང་བར། ཉི་འབུམ་གྱིས་སྐུ་ལ་ཁྲབ་ཆེན་དབུ་ལ་རྨོག་སེར་སྤྲིན་ སེར་གནམ་ལ་འཁྲིགས་པ་ལྟར་མཛད་ནས་རྟ་འདོ་བ་གསེར་སྒོང་གི་སྟེང་དུ་བཅིབས་ནས་ཁོ་ ཡི་གདོང་དུ་ཐོན་པར། ཁོ་ཡིས། ཡ། ཁོ་རེ་གླིང་གི་ཁྱི་ཕྲུག་སྡར་མ་བུ། །མི་ཉལ་བའི་སྟེང་ལ་
ཐུ་ལུད་རྒྱག །འདྲེ་ཉལ་བའི་སྟེང་ལ་ཕཊ་སྒྲ་སྒྲོག །དེ་འདྲ་དགོས་དོན་ཅི་འདྲ་ཡིན། །ཕ་ཁུ་ནོར་
བགོས་ང་དང་ཁོ། །ལུང་པ་ས་བགོས་ཉིན་དང་སྲིབ། །ཕ་མཁར་ཕ་གཞིས་ཕ་ཡུལ་གསུམ། །མི་ དབང་ཟེར་མི་སུ་ཞིག་ཡོད། །ཁྱོད་གླིང་རུས་བྱས་བྱས་སུ་ཡིས་བྱེད། །སྟོད་རྒྱ་གར་ཆོས་སྒོ་
ཚུན་ཆད་དང་། །སྨད་རྒྱ་ནག་ཁྲིམས་སྒོ་ཡན་ཆད་ལ། །ཁ་ཆེ་བལ་པོ་སོག་ཡུལ་ལི། །གར་སོང་
ཁྲག་གི་འཁོར་ལོ་བསྐོར། །ཁྱོད་འདྲ་གླིང་རུའི་ཕོ་ཁྲམ་དེ། །བྱང་སྟོང་ཁྲམ་པ་ཅིས་མི་འདྲ། །མནའ་ ཁྲེལ་མེད་པའི་སྨན་མོ་དེ། །རྒྱ་གྲོང་ཁྲམ་པ་ཅིས་མི་འདྲ། །ཆོས་བཤད་མེད་པའི་སྒོམ་ཆེན་
དེ། །དཀོར་ཟས་ཧ་ལོ་དུག་ལ་འགྱུར། །རྒྱུ་ནོར་འཕྲོག་ཉིན་འཇམ་ངོ་མ། །དམྱལ་བར་འགྲོ་ཉིན་ རྩུབ་པོ་མ། །ཁྱོད་དང་ང་རང་ཡོད་པོ་གཉིས། །དེ་རིང་ཉི་མའི་སྔ་དྲོ་ལ། །ཚེ་རིང་ཐུང་འདོམ་ལ་
འཇལ་རྒྱུ་ཡིན། །ཞེས་ཟེར་ནས་རལ་གྲིའི་སོ་ཁར་ཁྲག་རལ་ཡོད་པ་དེ་རྟ་ཡི་རྔོག་མར་ཕྱིས་ནས་ མཆོངས་རྩིས་བྱས་པར། དཔའ་བོ་ཉི་འབུམ་དེས། ཡ། ཁོ་རེ་མ་བྲེལ་ཅུང་ཞིག་ལྷོད། །མ་བྲེལ་
མ་བྲེལ་ཕ་ཡི་བུ། །བྲེལ་བའི་བུ་ལ་ཡོན་ཏན་མེད། །རྟ་ཕོ་བྲེལ་ན་རྔུལ་ཆུས་ཁེངས། །མི་ཕོ་བྲེལ་ ན་མགོ་སྐེ་ཤོར། །བླ་མ་བྲེལ་ན་སྡོམ་པ་ཤོར། །ཟེར་བའི་གཏམ་དེ་ཨེ་གོ་ལགས། །ངེད་གླིང་
རུའི་ཆ་སྲོལ་ལ། །གཏམ་ཞིག་བཤད་ན་གླུ་ཞིག་ལེན། །ཕ་ཁུངས་མ་ཉེ་ཚང་ལེ་བྱེད། །དེ་མིན་
པ་སྡར་མའི་ལག་སྔ་དེ། །བྱང་སྟོང་རྐུན་མ་མི་འདྲ་རེ། །ཚུར་ཉོན་དང་འདྲ་མ་ཨེ་འདྲ་ཡོད། །བུ་ ཉི་འབུམ་ཟེར་བ་གླིང་ལ་དར། །གླིང་ཕ་ཁུ་རྣམས་ཀྱི་རྒན་རབས་ནས། །རྗེ་གེ་སར་དཔོན་གྱི་ཁུ་ བོ་རེད། །ཤར་གླིང་དཀར་ཆགས་པའི་གཞི་མ་རེད། །གསེར་སེར་པོ་རྒྱུ་ཡི་དྭངས་རྩེ་དེ། །ས་
གར་སོང་མི་ཉོ་རྫོ་རབས་མེད། །རི་ཆེན་པོ་རྩི་ཤིང་ལོ་འདབ་རྒྱས། །མ་སྐྱེ་འགྲོ་འཁོར་བའི་སྙིང་ བཅུད་རེད། །བུ་ཉི་འབུམ་དགྲ་ཡི་ཐོ་བ་ཡིན། །བུ་སུ་ཐུག་མགོ་ནས་གནོན་མི་ཡིན། །ངས་མི་
121
གསོད་ཚེ་ཐར་གཏོང་རྒྱུ་ཡིན། །གཏམ་སྐད་གྲགས་ཕྱི་རབས་འཇོག་རྒྱུ་ཡིན། །ཕོ་རྒོད་འདོད་ ཕོ་གསར་ཧམ་པ་ཅན། །ཁྱོད་རྒོད་ཚོད་རང་གིས་མ་ཟིན་ན། །ལས་ཅི་ཡོང་བསམ་བློ་དེ་རིང་
ཐོང་། །ཁྱོད་རང་མགོ་མི་ཐོན་མི་མགོ་འདོན། །རང་ཟས་མི་རྒྱགས་རྒྱུ་ངོམ་བྱེད། །རང་ཚོད་མ་ ཟིན་དཔའ་གཏམ་ཆེ། །ངས་དེ་རིང་ཞགས་པའི་སྣེ་ལ་འདྲེན། །གླིང་གུར་སྒོ་དེ་ན་ཁྱི་ལྟར་
འདོགས། །གླིང་ཁྲ་མོ་ཁྱི་མེད་མ་རེད་དེ། །བྱང་བྱེ་རི་ཁྱི་དང་ནོར་རྟགས་གྱིས། །རྒྱལ་སྲས་ཁྱི་
ཕྲུག་སྐྱག་རལ་ཅན། །ཁ་སྐྱག་དྲི་འཚུབས་སེ་བཟུང་རྒྱུ་ཡིན། །ཨེ་ཟེར་ལྟོས་ལ་མི་ཟེར་ཉོན། །ཁ་ གཏམ་དོན་གཉིས་མཚུངས་ལེ་ཡིན། །མི་རྒན་གཏམ་ཞིག་བཤད་ལེ་དེ། །འཕྱུག་པ་མེད་པར་
ལག་ལེན་བྱེད། །རྟ་རྒན་རྒྱུག་གི་བང་ཁ་དེས། །བྲེལ་བྲེལ་མེད་པར་ས་ཐག་གཅོད། །བྱ་རྒན་
འཕུར་བའི་གཤོག་རྩལ་དེས། །སྐྱི་བསེར་རླུང་ལ་འཇིགས་པ་མེད། །བྱ་ལམ་སྔར་བཞིན་བཅད་
ནས་འགྲོ། །འདྲ་ཨེ་བསམ་བདུད་ཕྲུག་སྣང་མཐོ་མ། །སྐེ་ལྕགས་ཀྱུ་ཐར་རེར་བཟུང་རྒྱུ་ཡིན། །ཉ་ མོ་ལྕགས་ཀྱུས་བཟུང་འདྲ་བྱེད། །གཡང་དཀར་བཤས་ལ་ཕབ་འདྲ་བྱེད། །ཁྱི་གུ་སྒོ་ལ་ཁྲིད་འདྲ་ བྱེད། །སྙིང་གི་སྟེང་ལ་ཧོ་མ་ཡ། །ཞེས་ཞགས་པ་དེ་གནམ་ཨ་སྔོན་འཁོར་ལོ་བསྐོར་འདྲ་ལན་ གསུམ་བསྐོར་ནས་ཨ་ལོང་དང་ལྕགས་ཀྱུ་སིང་སྒྲ་ཐར་རེར་འཕངས་པས། ལྕགས་ཀྱུ་གཉིས་
མདུན་གྱི་ནུ་མའི་སྟེང་དུ་ཐེབས། ལྕགས་ཀྱུ་གསུམ་སོག་པར་ཐེབས། ཨ་ལོང་སྐེ་ལ་འཁོན་ཏེ་
བཤས་ལུག་ཐག་པས་བཏགས་འདྲ། ཁྱི་གདའ་ལི་ལྕགས་ཐག་གིས་ཁྲིད་པ་ལྟར་རྟ་དང་བཅས་ པ་ཚུར་དྲུད་པར། དེའི་རྒྱབ་ཕྱོགས་སུ་གནམ་ལྷ་འབྲུག་རྒྱལ་དེ་ཡོད་པས། དེས་ཉི་འབུམ་གྱི་
གདོང་བཀག་ནས། ཡ། ཁོ་རེ། ཤུགས་ཆེན་གླིང་རུའི་བུ། རྒྱལ་སྲས་བཟུང་བས་མ་ཆོག་པར། ཁ་ངན་ཚིག་ངན་ཆེ་ལེ་དེས། ས་སྟེང་འདི་ན་ཆགས་ཐབས་མེད་ཟེར་ནས་མཆོངས་བྱུང་བར།
གསེར་སྲས་ནམ་མཁའ་འཇིགས་མེད། གཡུ་འོ ད་སྟག་རྩེ་དོན་གྲུབ། གསེར་པའི་ལྷ་ཡག་དར་
རྒྱས། གསེར་པའི་དར་མ་ལྷ་འབུམ་ལྔ་དེས་རྒྱས་སྲས་དེ་ཁྱི་གདའ་ལི་འཁྲིད་པ་ལྟར་ལྷ་གུར་གྱི་
འགྲམ་དུ་ཁྲིད་ནས་ལྕགས་ཀྱི་ཕུར་པ་བུ་ཆུང་ལོ་བརྒྱད་ཙམ་བཞི་བརྒྱབ་ཏེ་ཁོ་གུར་སྒོར་བཏགས།
ཁོང་རྣམས་ཁ་ཚུར་བསློགས་པ་དང་གནམ་ལྷ་འབྲུག་རྒྱལ་དེ་ཉི་འབུམ་གྱི་སྟེང་དུ་རྦབ་རྒོད་འགྲིལ་ བ་ལྟར་མཆོངས་ཏེ་ཉི་འབུམ་གྱི་ཁྲབ་རྩ་ནས་བཟུང་བྱུང་བར། ཉི་འབུམ་གྱིས་ཁོ་ཡི་ལག་གཡས་
122
པའི་དཔུང་པ་ནས་བཟུང་། གཡོན་པའི་ཐོང་རྩ་ནས་བཟུང་སྟེ་ཡར་འཐེན་མར་འཐེན་ཕར་གཡུགས་ ཚུར་གཡུགས་རྒྱ་སྟག་ཁ་འཛིང་བྱེད་པ་བཞིན་ཇ་ཡུན་ཙམ་བྱས་པར་རྒྱལ་ཕམ་མ་བྱུང་། གླིང་
གི་དཔའ་བརྟུལ་གཞན་རྣམས་རྒྱུག་ཚོད་གཡུག་ཚོད་མ་ཐིག་པར་ཡོད་པས། སྟག་རོང་ལྷ་རྒོད་ འབུམ་ལུ་དེ་ཁ་ཁྲོ་ཁ་ནས་ལངས། དཔུང་པའི་ཤ་རྒོད་འཕར། སྨད་ཁྲག་སྟོད་ལ་འཕྱུར། སྟོད་
ཁྲག་ངོ་ལ་འཕྱུར། དཔོན་ཆེན་ཉི་འབུམ་དེར་འཛིང་ཐུབ་པའི་བུ་དེ་བདུད་ཀྱི་ཆོ་འཕྲུལ་ཡིན་ངེས་ རེད། ངས་གོམ་གསུམ་ཐར་པར་མི་གཏོང་བསམས་ནས་མཆོངས་བྱུང་བའི་དུས། གནམ་ལྷ་ འབྲུག་རྒྱལ་དེས། ཡ། ཁོ་རེ་བུ་དཔའ་བོ་འདྲ་གཉིས་ཐུག་པའི་དུས། །གཏམ་ཤོད་རེས་སྒུག་
རེས་མང་པོ་བྱེད། །ཁྲབ་དཀར་མོ་ཐོང་འཛིང་བྱེད་པའི་དུས། །ཤུགས་ཆེ་ཆུང་རྩལ་ལ་འགྲན་
ལེ་ཡིན། །བུ་ཉི་འབུམ་ཟེར་བའི་གཡེར་པོ་ཆེ། །གཡེར་ཐག་ཆོད་ཁྱུང་ཆེན་བྱ་དང་འདྲ། །ལུས་ གཤོག་རྩལ་ཅན་དེ་ཤོར་ལེ་གདའ། །ཟེར་ཏེ་སྡར་སྐད་ཤོར་བས། ཉི་འབུམ་གྱིས་དགྲ་མ་ཐུབ་
པ་ལ་གཅིག་ཀྱང་མེད། གཉའ་མ་མནན་པ་ལ་གཉིས་ཀྱང་མེད། སྟོབས་རེ་རེ་མ་ཚད་བསམ་པ་ མེད། ཤུགས་རེ་རེ་མ་བསྡུར་བསམ་པ་མེད། དགྲ་ཐུག་འབྲུག་ལྷ་རྩལ་ཆེན་དེ། འབྲོང་བྲེ་མོ་
བཞིན་དུ་རྭ་རྩལ་ཆེ། ཤོར་ཨེ་ཡོང་ལ་ཐང་ཅི་ལ་ཡོད་བསམས་ནས་གཉིས་ཀ་ངལ་གསོ་ཅུང་
ཞིག་བྱས་ནས་བསྡད། དེ་ནས་ཉི་འབུམ་གྱིས། ཡ། ཁོ་རེ་ད་ཡར་ལོངས་དང་། ཁྱོད་དང་ང་རང་ གཉིས་པོ་ཁེ་ཕམ་དབྱེ་བ་མ་ཆོད་པར། རྩལ་ཆེན་ཤུགས་ཆེན་སྟོབས་ཆེན་དེ། འགྲན་ཟླ་མེད་ པ་འཛམ་གླིང་གྲགས། ཉི་མ་དེ་རིང་དགོང་ཁ་ལ། ཀླད་ཁྲག་གོར་མོ་རྡོ་ལ་རྡེབ། མཆིན་ཁྲག་ དོག་མོ་ས་ཡིས་འཐུང་། ལུས་དབུགས་བར་སྣང་རླུང་ལ་སྐུར། དེ་གསུམ་གཅིག་ཀྱང་མ་ཐུབ་
པར། འདི་འདྲ་སྡོད་ཐབས་ལར་གྱིས་མེད་གསུངས། གནམ་ལྷ་འབྲུག་རྒྱལ་དེས། ཡ། ཁོ་རེ།
བུ་དཔའ་བོ་ཟེར་བའི་དཔའ་ལུགས་དེ། ཉིན་དེའི་རླུང་རྟ་མཐོ་དམན་ཡིན་ཟེར་ཏེ་མཆོངས་བྱུང་
བར། ཉི་འབུམ་གྱིས་ཁོ་ཡི་ཁྲབ་ཀྱི་ཐོང་རྩ་ནས་ལག་གཡོན་པས་བཟུང་། གཡས་པས་སྐེད་པ་
འཕྲུལ་འཁོར་གྱི་ཁྲབ་ཀྱི་རྒྱུན་ཐག་དགུ་བརྒྱའི་འདུས་མདོ་དེ་ནས་བཟུང་སྟེ་གནམ་ལ་བཀྱག་པར། དགྲ་ལྷ་ཝེར་མ། ལྷ་སྲུང་ཆོས་སྐྱོང་རྣམས་དཔའ་ཡ་དཔུང་རོགས་སུ་བྱོན་བྱུང་ཡང་། ཁོ་ཡིས་
རི་བོ་ལྷགས་པས་འཁྱེར་དོགས་མེད་པར་ཚུར་འཐམ་བྱུང་བ་ན། ཉི་འབུམ་གྱིས་དབུས་ཀྱི་རི་བོ་
123
མཆོག་རབ་ལ་བསྒོམས་ནས་བཞུགས་པས། ལྷ་བདུད་གཉིས་ཀྱི་གདུལ་ཞིང་དེ། ནམ་སྟོད་སྨད་ རྨི་ལམ་ཁག་ཁག་ཡིན། ཚེ་སྟོད་སྨད་བསོད་ནམས་ཁག་ཁག་ཡིན། སྔ་དྲོ་བདུད་ཀྱི་བསྟན་པ་
དར་ན། ཕྱི་དྲོ་ལྷ་ཡི་བསྟན་པ་དར་ཟེར་བའི་དཔེ་ལྟར་ལྷ་བདུད་ལས་ཀྱི་དབང་གིས་བདུད་ཕྲུག་ དེ་ཡར་གཡུག་ཨ་སྔོན་གནམ་ལ་གཡུགས་པའི་དུས། མགོ་སྤུ་དར་ལྕོག་རླུང་གིས་གཡོ་འདྲ།
མར་གཡུག་དོག་མོ་ས་ལ་འཕངས་པའི་དུས། སྐེད་ཚིགས་ལྷུ་གསུམ་ཞིག་ལེ། ཡར་གཡུག་མར་ གཡུག་མགར་ཆེན་ཐོ་བ་གཡུག་གཡུག ཤེད་ཆེན་ཤེད་རྡོ་འཕེན་འཕེན་ལན་དགུ་གཡུགས་པར། བདུད་ཕྲུག་དེ་ཡི་གློ་སྙིང་དམར་ནག་གྱུར་གྱུར་ཁ་ནས་དོན་ལ་ཁད་བྱུང་། ཡང་ཤུགས་ཀྱིས་
བཀྱག་ནས་རྡོ་ཕ་བོང་ཁལ་རོ་ཙམ་ཞིག་ལ་མགོ་བརྡབ་པས། ཀླད་ཁྲག་བར་སྣང་དུ་ཐོར་བ་དང་ བེམ་རོ་ས་ལ་ལྷུང་བྱུང་བ་ན་ཉི་འབུམ་གྱིས་མགོ་ལག་རྟིང་མར་བླངས་པར། ཨ་ཁུ་ཁྲོ་ཐུང་དེས། ཉི་འབུམ་དཔའ་བོ་སྟོབས་ཤུགས་ཅན། སྒ་སྡེ་དཔའ་བོ་སྟོབས་པོ་ཆེ། བུ་དཔའ་བོ་འདྲ་གཉིས་
ཤུགས་རྩལ་ཆེ། རི་བོ་པང་ལ་སྐོར་མི་ཡིན། རྩལ་ཆེན་གཡུ་འབྲུག་སྤར་བཟུང་ཡིན། བུ་དཔའ་ བོ་ཟེར་ན་ཉི་འབུམ་ཟེར། དཔའ་དེ་འདྲ་མེད་ན་ཅི་འདྲ་ཡོད། སྟོབས་ཆེ་བ་བྱ་རྒྱལ་ཁྱུང་དང་འདྲ།
སྦྲུལ་ནག་པོའི་སྐེད་པ་བཅད་ནས་སོང་། ངར་ཆེ་བ་སེངྒེ་དཀར་མོ་འདྲ། ཁྱི་གདའ་ལི་ཧར་གྱིས་ གཏོར་ནས་སོང་། གླིང་དཔའ་བརྟུལ་ཟེར་ན་དཔའ་བོ་རེད། དཔའ་ཡང་བརྟུལ་ངོ་མ་ཉི་འབུམ་
རེད། ཕོ་དེ་འདྲ་གླིང་ལ་བསྐོས་ལུགས་ཀྱིས། ཨ་དགའ་བ་ལ་དང་སྐྱིད་པ་ལ་ཟེར་ནས་སྒོམ་སྒྲུབ་
བྱེད་ཁུལ་གྱིས་བསྡད་དེ་ཀླུ་བདུད་ཤི་ལོག་ནག་པོའི་གདོང་ལེན་བྱེད་མ་ནུས་པའི་དུས། ཀླུ་བདུད་ ཤི་ལོག་ནག་པོ་དེ་མེ་ལྕེ་འབར་འབར། གློག་དམར་འཁྱུག་འཁྱུག་གིས། ཡ། ལས་སྐལ་བ་ངན་
པའི་བྱ་བ་འདི་འདྲ་ཅི་ཡིན་བསམས་ནས་དཔའ་རྒོད་ཞེ་རྩ་གཏིང་ནས་འཁྲུགས། སྨད་ཁྲག་སྟོད་
ལ་འཕྱུར། སྟོད་ཁྲག་ངོ་ལ་འཕྱུར། ངོ་ཁྲག་མིག་ལ་འདུས། དྲག་པོའི་སོ་སྒྲ་སྒྲོག་ཅིང་དཔུང་པའི་ ཤ་རྒོད་འཕག ང་རྒྱལ་དུག་ཆུ་ཁོལ་ནས་ཉི་འབུམ་གྱི་སྟེང་ལ་མདུང་སྐྱ་རིང་ཧ་ལོ་རྩེ་དགུ་དེ་ཨ་ སྔོན་འཁོར་ལོ་སྐོར་སྐོར་བྱས་བྱུང་བར། མདུང་ཤུགས་ལྷ་ཀླུ་གཉན་གསུམ་གྱིས་བླངས་པས་
ཉི་འབུམ་ལ་གནོད་མ་ཐུབ། དེ་ནས་ཁོ་ཡིས་གླིང་དམག་རམ་ནག་སེར་བས་རྡུང་རྡུང་གིས་སྟག་
རོང་གི་དམག་ནས་བརྒྱ་སྐོར་ཙམ་དང་སྒ་འབྲུའི་དམག་བརྒྱ་ཕྲག་གཉིས་ཙམ་ཆག་ཉིལ་དུ་བཏང་
124
བྱུང་བར། གླིང་པ་རྣམས་ཀྱིས་མདའ་གྲི་མདུང་གསུམ་གང་ལྕོགས་གཡུགས་ཀྱང་ཕིགས་རྒྱུ་
དང་གཅོད་རྒྱུ་གང་ཡང་མ་བྱུང་། གླིང་གི་དཔའ་བརྟུལ་དང་ཁྲབ་དམག་ཐམས་ཅད་སྐྲག་སྣང་ སྐྱེས་ཏེ་ཕྱི་ནུད་ཅུང་ཤོར་བས། གསེར་ཆེན་གུར་གྱི་སྙིང་བཅུད། །དཔའ་བོ་འབུམ་གྱི་དཔུང་
ཡ། །སངས་རྒྱས་སྟོང་གི་སྲུང་མ། །མགོ་ནག་མི་ཡི་སྐྱོར་ཡ། །སྒང་པ་བོད་ཀྱི་བཀའ་སྲུང་། མགོན་པོ་ཆོས་སྐྱོང་བེར་ནག་གི་སྤྲུལ་པ། །ང་སྒ་སྡེ་ཆོས་སྐྱོང་བེར་ནག་དེ། །དེ་སྔ་ཉི་མ་ཡན་
ཆད་ལ། །དུས་ནམ་རེ་དགྲ་ལ་མི་འགྲོ་སྟེ། །དགྲ་གཏུགས་ནས་ཐར་པར་གཏོང་ལེ་མེད། །གལ་ ཆེ་བའི་གེ་སར་ལྷ་བུ་དེར། །ཕོ་ཁྱོད་ཀྱིས་དཔུང་ཤེད་ངོམ་ཉིན་མོ། །ང་སྒ་སྡེ་མི་ཡོང་ཀ་མེད་
རེད། །དེ་རིང་ཉི་མའི་སྔ་དྲོ་ལ། །རྒྱལ་སྲས་ཧམ་པ་ཆེ་ལེ་གཅིག །འབྲུག་ལྷ་རྩལ་ཤུགས་ཆེ་ལེ་ གཉིས། །ཤི་ལོག་གློག་དམར་འཁྱུགས་ལེ་གསུམ། །དེ་གསུམ་མགྲོན་གསུམ་སྒོ་ལ་བབ། །ཇ་ འདྲེན་མི་ཞུ་ཀ་མེད་རེད། །ཅེས་གསུངས་པར་ལྷ་སྲུང་ཆོས་སྐྱོང་གླིང་ལྷ་བྱེ་བ་འབུམ་ཁྲི་ཁ་བ་
འབབ་འབབ་བུ་ཡུག་འཚུབ་འཚུབ་ཀྱིས་སྒ་སྡེའི་དཔུང་རོགས་ལ་ཕེབས་བྱུང་བར་ཁོ་བདུད་ཕྲུག་ འགྲོ་དབང་གང་ལ་ཡོད། ཁོ་ཡིས་གླུ་ལན་འདྲ་ཨེ་ཡོད་དགོངས་ནས་རྟ་ཐོག་ནས་ཡོབ་ལངས་
མཛད་ནས་སྒུག་བཞུགས་པར། ཤི་ལོག་འཕྲུལ་གྱི་ཧཱུཾ་ནག་དེ། །བྱ་ཁྱུང་ཆེན་རི་རྩེ་ནས་འཕུར་ འདྲ། །ལག་རིང་རྐང་རིང་སྐེ་རིང་། །རིང་གསུམ་བར་སྣང་ཁེངས་ལེ། །མི་ལུས་མི་འདྲ་རི་བོ་
འདྲ་བ། །རི་བོས་འཁོར་གསུམ་བསྐོར་འདྲ། །རྨོག་ཆེན་ནམ་མཁའ་སྤྲིན་ཁེབས། །རྫ་རོག་པོར་ ཆར་སྨུག་འཁྲིགས་འདྲ། །ཁྲབ་ཆེན་ལྕགས་ནག་འབུམ་རྫོང་དེ། །བྱ་རིགས་གནམ་ལ་འཕུར་
འདྲ། །བར་སྣང་རླུང་སྒྲས་ཁེངས་ལེ། །དར་ནག་རྒྱབ་དར་དགུ་བརྒྱ་དེ། །ནམ་མཁར་སྤྲིན་སྨུག་ འཁྲིགས་འདྲ། མདུང་ནག་པོ་ཧ་ལོ་རྩེ་དགུ་དེ་གནམ་ནས་བབ་པ་བཞིན་སྒ་སྡེ་ལ་བསྣུན་བྱུང་ བར། གཅན་གཟན་གྱི་མཆེ་སྡེར་དང་བྱ་རིགས་ཀྱི་གཤོག་ལྕག་གི་ངར་སྒྲ་དང་འུར་སྒྲས་ཁེངས་ བྱུང་བས། མགོན་པོ་བདུན་ཅུ་རྩ་ལྔ། ཆོས་སྐྱོང་བྱ་རིགས་གདོང་ཅན། འབྲོང་གཡག་དར་མ་
བཅུ་གསུམ། དགྲ་ལྷ་གཉན་སྟག་དམར་པོ་བཅས་ཀྱིས་སྒ་སྡེའི་གཡས་གཡོན་ནས་བསྐོར། ལ་ ལས་མེ་ཡི་གདོང་བླངས། ལ་ལས་དུག་གི་ཁ་རླངས་བླངས། ལ་ལས་གཅན་གཟན་མཆེ་བ་བླངས།
ལ་ལས་བྱ་རིགས་ཀྱི་གཤོག་ལྕག་བླངས་པས། ཁོ་ཡིས་སྒ་སྡེ་ལ་གནོད་པ་གཏོང་མ་ཐུབ། ཁོ་
125
རྟ་ལ་བཞོན་ནས་འཕུར་གྲབས་བྱེད་པར། སྒ་སྡེས་ཞགས་པ་ནམ་མཁའ་གཟའ་འཛིན་དེ་འོ ད་
འཁྱུགས་སེ་ལན་གཅིག་གཡུགས་པ་ཁོ་ཡི་སྐེ་ལ་ཐེབས། ལྕགས་ཀྱུ་སྙིང་ཁར་འཁོན་པས། ཁོ་
གནམ་ལ་ཐེངས་དགུ་འཕུར་ཡང་ཐེངས་དགུ་ས་ལ་ལྷུང་སྟེ་འཕུར་ཐབས་བྲལ། བྱེའུ་ལ་རྡོ་ཐེབས་ པ་ལྟར་ལས་སྒ་སྡེ་ལ་འཐམ་རྒྱུ་དང་འཛིང་པའི་སྟོབས་ཤུགས་མེད་པར་ལུས་པ་ན། སྒ་སྡེ་ཆོས་ སྐྱོང་བེར་ནག་དེས། ཕྱག་གཡོན་པས་ཁོ་ཡི་ལྟག་རྩ་ནས་བཟུང་། གཡས་པས་རལ་གྲི་ནམ་
མཁར་འཕྱར། གླིང་གི་རྒྱལ་པོ་སེང་ཆེན་དང་ཨ་ཁུ་ཁྲོ་ཐུང་། རོང་ཚ་ཁྲ་རྒན། ཉི་འབུམ་དར་ཡག ལྷ་སྲས་དགྲ་ལྷ་སོགས་ཆེ་ཚད་རྣམས་གཟིགས་མོར་བྱོན་གསུངས། ལག་གཡོན་པས་བདུད་
ཀྱི་གཉའ་ནས་མནན། གཡས་པས་རལ་གྲི་གནམ་ལ་འཕྱར་ནས། དང་པོར་སྙིང་ཁར་རྡོ་རྗེ་བཞག དེ་ནས་མགོ་བཅད། དེ་ནས་ལག་གཉིས་དང་རྐང་གཉིས་ལྷུ་བཞི་བཅད་ནས་ཕྱོགས་བཞིའི་ལྷ་
སྲུང་རྣམས་ལ་ཚོགས་ཤར་ཕུལ། དེ་ནས་སྙིང་དྲན་པ་དེ་དགྲ་ལྷ་གཉན་སྟག་དམར་པོར་མཆོད། སྙིང་ཁྲག་དེ་ཕོ་ལྷ་ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་ཅིང་བདུད་ཕྲུག་དེའི་ཤ་ཁྲག་གི་ཕུང་
པོས་ལྷ་མཆོད་རྒྱས་པར་མཛད། ཁོ་ཡི་མགོ་བོ་དེ་སྒ་སྡེས་ཚུར་ཁྱེར་ནས་ལྷ་གུར་གྱི་གུར་སྒོར་ བཀལ་ནས་བཞག རྔ་རྡུང་དར་འཕྱར་བྱས་པ་དང་གླིང་གི་རྒྱལ་བློན། ཕ་ཁུ་རྒན་གཞོན། དཔའ་ བརྟུལ་གྲོས་དབང་ཡོད་རིགས་ལྷ་གུར་དུ་འཛོམས་ཤིང་། དེ་རིང་བསམ་པའི་གྲུབ་ལུགས་ལ།
བློན་པོ་གཉིས་ཀྱི་མགོ་ལག་བླངས། མཁོ་བའི་བུ་ཆུང་གསོན་བཟུང་བྱས་གསུངས་ཏེ་ཐམས་
ཅད་དགའ་སྐྱིད་གཉིས་ཀྱིས་ནམ་ལངས་པ་བཞིན་གྱིས་ཐུགས་སྟོན་རྒྱ་ཆེར་མཛད། བུ་ཆུང་ཟླ་ བ་སྟོང་རྒོད་དེ་ཕྱི་བཀྱིག་ཨ་ལོང་འདྲ་བ་བྱས་ནས་ཁྱི་གདའ་ལི་བཞིན་གུར་སྒོ་ནས་ཁ་ཡར་
བསློགས་ཏེ་བཏགས། གནམ་ལྷ་འབྲུག་རྒྱལ་དང་ཀླུ་བདུད་ནག་པོ་ (ཤི་ལོག་གམ་ཀླུ་བདུད་ཤི་
ལོག་ནག་པོ་བཅས་བྱེ་བློན་གཅིག་རང་ཡིན) གཉིས་ཀྱི་མགོ་བོ་དེ་སྲས་ཆུང་གི་གཡས་གཡོན་ དུ་བཀལ། ཉི་འབུམ་གྱིས་རྟིང་མ་ཉིས་བརྩེགས་བླངས་པར་གཟེངས་བསྟོད་དར་འབུལ་མཛད་
ནས་བཞུགས་པའི་དུས། དཀྱིལ་གྲལ་གྲལ་གྱི་གྲལ་མགོ དངུལ་ཁྲི་ཁམ་པའི་ཡང་སྟེང་ནས། ལྷ་
སྲས་དགྲ་ལྷ་རྩེ་རྒྱལ་དེས་འགྲོ་ལུགས་སྡོད་སྟངས་ཀྱི་གླུ་འདི་དཀར་མོ་དྲུག་འགྱུར་གྱི་རྟ་ལ་དྲངས་ ནས་བླངས་པར་གདའ་འོ ། །
126
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ཨ་ལ་ཨ་ལ་རེད། །ཨ་ལ་ཆོས་ཉིད་དབྱིངས་ནས་ལེན། །ཆོས་
བྱིན་རླབས་དབྱར་གྱི་ཆར་ལྟར་བབ། །ལས་དགེ་བའི་འབྲས་བུའི་མེ་ཏོག་འཁྲུངས། །སྐྱིད་སེམས་ ཅན་དབྱར་ཟླ་ཚེས་འདྲ་ལེན། །གླུ་ཐ་ལ་བདེ་ཆེན་ཞིང་ནས་ལེན། །སེམས་དག་པས་ཡུལ་བདེ་ ལུས་ཁམས་བདེ། །གནམ་སྤྲིན་འཚུབ་བདེ་ན་ཉིན་ལམ་བདེ། །སྟེང་བར་སྣང་བདེ་ན་བྱ་ལམ་
ཡངས། །ས་དོག་མོ་བདེ་ན་སེམས་ཅན་བདེ། །ཆབ་ཆུ་བོ་བདེ་ན་ཉ་སྲམ་བདེ། །འབངས་མི་
སེར་བདེ་ན་དཔོན་པོ་བདེ། །ཁྱིམ་བཟའ་ཚང་བདེ་ན་ཕ་རྒན་བདེ། །དབྱར་རྩྭ་ཁ་བཟང་ན་ཕྱུགས་ ཟོག་བདེ། །ལས་སྡུག་བསྔལ་མེད་པའི་བདེ་བ་དེ། །གླུ་ཐར་པ་ལེན་པའི་དོན་གོ་ཡིན། །ལར་
གཞི་གླུ་ལ་འདྲ་མ་ཡོད། །གླུ་ཡངས་པ་མཐོ་བ་བརྟན་པ་གསུམ། །ལྷོ་འཛམ་གླིང་ཡུལ་ལ་དེ་འདྲ་ ལེན། །གླུ་བཙན་པ་དལ་བ་ངར་བ་གསུམ། །དགྲ་ཤ་པའི་སྟེང་ལ་དེ་འདྲ་ལེན། །གླུ་བྱམས་པ་
མཁས་པ་འཇམ་པ་གསུམ། །གླིང་ཕུ་ནུའི་སྟེང་ལ་དེ་འདྲ་ལེན། །གླུ་བསེར་མ་མགྱོགས་པ་མྱུར་བ་ གསུམ། །རྟ་འདོ་བ་རྒྱུག་ཉིན་དེ་འདྲ་ལེན། །དེ་ཚོ་གླུ་ཡི་ལེན་ལུགས་རེད། །ལྷ་མཁྱེན་ནོ་དཀོན་
མཆོག་རྣམ་གསུམ་མཁྱེན། །ཉི་མས་མི་ལ་དྲིན་དེ་ཆེ། །འཛམ་གླིང་ཀུན་ལ་དྲོད་ཀྱིས་ཁྱབ། །དྲིན་ ཡང་ཆེ་དྲིན་ཆེན་ཕ་མ་ཆེ། །ལུས་གཅེས་སྐྱོང་གནང་ནས་ཁ་ཟས་སྦྱིན། །དྲིན་ཆེན་དྲིན་གྱི་མགོ་ ནས་ལེན། །རྒྱ་ལ་ཆེན་གླིང་རུའི་གླུ་ལེན་ལ། །གླུ་དྲུག་འགྱུར་ལེན་པའི་མི་དྲུག་ཡོད། །དཔའ་རྒྱ་
ཚས་དཀར་མོ་དྲུག་འགྱུར་ལེན། །གླིང་འདན་མས་ཐ་ལ་དྲུག་འགྱུར་ལེན། །མ་རག་བཟས་སྟོང་ ཉིད་དྲུག་འགྱུར་ལེན། །སྲུ་འབྲུག་མོས་དགུ་སེང་དྲུག་འགྱུར་ལེན། །ནེའུ་ཆུང་ཅོ་ག་དྲུག་འགྱུར་ ལེན། །བུ་དགྲ་ལྷས་དཀར་མོ་དྲུག་འགྱུར་ལེན། །གླུ་དྲུག་འགྱུར་ལེན་པར་དོན་གོ་ཡོད། །ཕྱི་
མ་ཚ་གྲང་དམྱལ་ཁམས་འགྲིམ། །དཔོན་པོ་ཁྲེལ་མེད་ལུགས་མེད་དེས། །འབངས་མི་སྡེས་
མ་འདོད་གོ་ས་ཤོར། །འདྲ་ཨེ་བསམ་རྒྱལ་སྲས་ཧམ་ཆེན་པ། །ཁྱོད་དེ་རིང་ལུས་སེམས་སྤང་ བྱ་གྱིས། །ལུས་ཤ་ཁྲག་སྡུག་བསྔལ་དྭངས་འདོད་ན། །སེམས་ཆོས་སྐུ་སངས་རྒྱས་བསྟན་པ་
སྒོམས། །གླིང་གེ་སར་རྗེ་ལ་དད་པ་གྱིས། །གླིང་ཕ་ཁུ་ཕུ་ནུའི་བློ་དང་སྟུན། །གླིང་དཔའ་བརྟུལ་
རྣམས་ལ་ཞབས་ཕྱི་ཞུས། །མི་གསོད་གསོན་ཐར་ཁས་ལེན་ཡོད། །ཡུམ་ཆེན་སྲས་མོ་སྤུན་མཆེད་
དང་། །གསོན་འདི་གང་མཉམ་འགྲོ་མཉམ་སྡོད་ཆོག །ཤར་གླིང་རུའི་དགོངས་པ་དེ་འདྲ་ཡོད། །དེ་
127
ནས་ཉི་འབུམ་ལྷ་སྲས་ལ། །བདུད་རེ་རེ་བཏུལ་བའི་དཔའ་དར་ལ། །སྔོ་མོའི་དར་ལ་དགུ་ཚན་
རེ། །གསེར་མགུར་མོ་བརྒྱ་རེའི་དཔའ་དར་ཡོད། །སྒ་སྡེ་ཆོས་སྐྱོང་བེར་ནག་ལ། །བདུད་ཤི་ལོག་ བཏུལ་བའི་དཔའ་དར་ལ། །སྔོན་མོའི་དར་ལ་དགུ་ཚན་གཅིག །གསེར་མགོར་མོ་བརྒྱ་ཡི་དཔའ་ བསྟོད་ཡོད། །དེ་ནས་གླིང་གི་རྒྱལ་བློན་ཚོ། །ཚེས་བཅུ་དགུ་ནམ་མཁའ་ཡར་ལངས་དུས། །ཁྲ་
སྤུངས་སེ་ཕོ་བྲང་གཏོར་ནས་འགྲོ། །ཁོ་བདུད་རྒན་སྟག་རྩེ་གཡུལ་རྒྱལ་དེ། །བྱ་ཡིན་ན་གནམ་
ལ་འཕུར་ན་ཆོག །ཉ་ཡིན་ན་ཆུ་ལ་འཛུལ་ན་ཆོག །རླུང་ཡིན་ན་བར་སྣང་འཚུབ་ན་ཆོག །དེ་མིན་ པ་འགྲོ་དབང་སྡོད་དབང་མེད། །གེ་སར་ཐུགས་རྗེའི་ལྕགས་ཀྱུ་དེས། །མ་ནོར་བདུད་རྒྱལ་ཁ་ལོ་ བསྒྱུར། །ཕྱོགས་བཞིའི་རྫོང་གི་གཏེར་སྒོ་དེ། །དཔའ་བརྟུལ་རེ་རེས་ཁས་ལེན་མཛོད། །བྱུར་
རྫོང་ནོར་བུའི་གཏེར་ཁ་དེ། །ཕྱི་རབས་བོད་ལ་མཁོ་བའི་རྫས། །བླ་མ་རྣམས་ཀྱི་མཆོད་རྫས་
ཡིན། །དཔོན་པོ་རྣམས་ཀྱི་མགུལ་རྒྱན་ཡིན། །སྨན་ཆུང་རྣམས་ཀྱི་ལུས་རྒྱན་ཡིན། །མ་སྲུ་རྣམས་ ཀྱི་སྐེ་རྒྱན་ཡིན། །རྒྱན་བྱུ་རུ་དྲུག་དཀར་གཡུ་དང་མཐུན། །ཁྲ་བོ་གཟི་དང་མུ་ཏིག་མཐུན། །ཕྱི་
རབས་མི་ལ་དགོས་ངེས་ཡིན། །དེས་ན་བྱུར་རྫོང་འབེབས་པ་ལ། །ཐུགས་སེམས་སྤྲོ་བའི་དངོས་ གྲུབ་སྩོལ། །འགྲོ་དོན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་གསུངས་པས། གླིང་གི་རྒྱལ་བློན། ཕ་
ཁུ། ཕུ་ནུ། དེར་ཡོད་ཚང་མས་མངོན་པར་བསྟོད་ནས་བཞུགས་པའི་དུས། བྱེ་རི་སྟག་རྩེ་རྒྱལ་
པོ། བདུད་ཀྱི་རྩ་བ། ནད་ཀྱི་གཞི་མ། གྱོད་ཀྱི་ཕུང་པོ་དེ་ལུས་ན་ཚ་ཟུག་གཟེར་གྱིས་མནན། ཀླད་ རྒྱ་ཉམས། སྨད་གཟེར་སྟོད་ལ་འཁྱུག སྟོད་གཟེར་སྨད་ལ་འཁྱུག་བཞིན་གཟེར་གཉིས་འཁོར་ལོ་ བསྐོར་འདྲ། བསམ་དྲན་མེད་པར་ལུས། དེ་ཉིན་ས་རུབ་ཀྱང་སྲས་ཆུང་དང་མཆན་ཁེབ་བློན་པོ་
གཉིས་དེ་ཕྱིར་ལོག་རྒྱུ་མེད་པས། བཙུན་མོ་དང་སྲས་མོ་ནི་སྡུག་མུན་པ་གཉིས་ཀྱིས་མགོ་ནས་ མནན། མིག་ཆུ་དྲག་ཆར་འབབ་འབབ། བྲང་ཁོག་རྔ་མོ་རྡུང་རྡུང་ལས་བྱ་ཐབས་དང་བྱེད་ཐབས་ མེད་པར་ལུས་ཡོད་པའི་དུས། བློན་ཆུང་འགའ་དང་བློན་རྒན་ཨ་རྒྱལ་གྲགས་པ་དེ་ཕོ་བྲང་ལ་
འབྱོར་བར། རྒྱལ་པོས་སྟོད་ལངས་ཤིག་བརྒྱབ་ནས། ཡ། ཁྱོད་དེ་རིང་ཡོང་བ་ཅི་ཞིག་ཡིན། ད་ འདི་ཡིན་གྱི་ཚིག་གྲོས་བྱེད་མི། འདི་འགྲོའི་ལམ། འདིར་སྡོད་ཀྱི་མཁར་ཡང་མེད་པས། བློ་ཁ་ གྲོས་རོགས་སུས་བྱེད། ད་སྲས་ཆུང་ནི་གླིང་སྒར་ལ་སོང་ནས་འདི་ཡིན་གྱི་གཏམ་ཆ་མེད་ལ།
128
དེ་ཡི་མཆན་ཁེབ་ལ་འབྲུག་ལྷ་དང་ཤི་ལོག་གཉིས་སོང་བས། དེ་ལྟར་གཏམ་ཆ་ཐོས་རྒྱུ་མེད།
ད་ནི་ཅི་དྲག་གང་དྲག་ཟེར་བར། བློན་རྒན་ཨ་རྒྱལ་གྲགས་པ་དེས། འོ་ལེགས་སོ་རྒྱལ་པོ་རིན་
པོ་ཆེ། ད་ཚར་བའི་ལས་ལ་འགྱོད་རྒྱུ་མེད། །དམར་མོ་མེ་ཡི་ཁ་ལམ་ནས། །ཤིང་སྐམ་རློན་མེད་ པ་འཚིག་རྒྱུ་རེད། །ནག་པོ་ནད་ཀྱི་ཁ་ལམ་ནས། །མི་རྒན་གཞོན་མེད་པར་ཤི་རྒྱུ་རེད། །ནམ་
མཁའ་སེར་བའི་ཁ་ལམ་ནས། །ཞིང་འབྲུ་དྲུག་གང་ཡོད་བརྡུང་རྒྱུ་རེད། །དེ་མིན་ཡོང་རྒྱུ་ཅི་ཡང་ མེད། །གླིང་དཀར་འགྲན་ཡ་བཟུང་བ་དེ། །རྩ་བ་རྒྱལ་པོ་ཁྱེད་ལ་ཐུག །ད་ནི་སྐུ་ལུས་རྨས་སྐྱོན་ ཆེ། །ད་ནི་བྱ་ཐབས་གཅིག་ལས་མེད། །ངས་རྒྱལ་པོ་དང་འཁོར་གཡོག བཙུན་མོ་དང་སྲས་
མོ་བཅས་ཀྱི་སྲོག་སྐྱབས་ཞུ་འབུལ་འདྲ་བྱས་ན། གླིང་གི་གེ་སར་རྒྱལ་པོ་དེ། དྲིན་ཆེན་མ་ལྟར་ བྱམས། འཛམ་བུ་གླིང་གི་རྒྱལ་པོ། དམྱལ་ཁམས་འདྲེན་པའི་བླ་མ་ཟེར་རབས་ཡོད་པས། ངེད་ རྣམས་ཀྱི་སྲོག་བླུ་ཨེ་ཐུབ་བལྟ། དེ་ལྟར་ཨེ་དྲག་རྒྱལ་པོ་ལགས། ཞེས་ཞུས་པར། རྒྱལ་པོ་ནི་
བདུད་ཀྱི་བུ་མངོན་སུམ་ཡིན་པས། སྨད་ཁྲག་སྟོད་ལ་འཕྱུར། སྟོད་ཁྲག་ངོ་ལ་འདུས། མགོ་ཡི་
རྨ་ཐོག་ཏུ་དར་དཀར་སུམ་དཀྲིས་བརྒྱབ། རྨོག་ཆེན་གནམ་རྫོང་མགོ་ལ་གྱོན། ཁྲབ་ཆེན་ལྕགས་ ནག་གཟི་འོད་ལུས་ལ་བསྐོར། རྒྱབ་དར་སྤྲིན་ནག་འཁྲིགས་འདྲ་བྱས། མདའ་མོ་གཡས་ལ་གཞུ་ མོ་གཡོན་ལ་བསྐོར། ཕུབ་ཆེན་རྒྱབ་དང་མེ་ལོང་མདུན་ལ་བཏགས། ཞེ་སྡང་སྦྲུལ་ལ་ཚེར་ལྕག་ བརྒྱབ་འདྲ། བྱ་ཁྱུང་ཆེན་རི་རྩེ་ནས་གཤོག་པ་བརྐྱངས་འདྲ། རྨས་སྐྱོན་མེད་པ་ལྟ་བུ་ཞིག་བྱས་
ནས་ཁྲི་སྟེང་ནས་ས་མཆོང་གནམ་མཆོང་གིས་ལངས་པ་དང་། གཡོག་པོ་ཨ་མགོན་མིག་གཅིག་ དང་། གསེར་འོད་སྟག་རྩེ་དོན་གྲུབ། སྲོ་མ་ར་ཙ་གསུམ་གྱིས་རྟ་སྒ་བརྒྱབ་ཅིང་འཁོར་གསུམ་ ཕུལ། རྒྱལ་པོ་མཁར་སྒོ་ནས་ཐོན་ཏེ་འགྲོ་བའི་དུས། བཙུན་མོ་དང་སྲས་མོ་གཉིས་ཀྱིས་རྟ་ཡི་
ཁ་རུ་གཡས་གཡོན་ནས་བཟུང་། ངུ་འབོད་རྫ་རི་ཉིལ་ཉིལ། མཆི་མ་གནམ་ཆར་འབབ་འབབ་ ཀྱིས། ད་བུ་ཤིའི་རྒྱབ་ལ་ཕ་ཤི་ཡོང་། ཡུགས་ས་མ་བུ་ལུས་ལེ་ཡོང་ཟེར་ཏེ་བཤོལ་ཡང་རྒྱལ་
པོ་བཤོལ་མ་ཐུབ་པར་གླིང་སྒར་ལ་གཏད་ནས་ཤོར་སོང་བས། བཙུན་མོས་སྤར་སྙོབ་བྱས་ནས་ རང་གི་མགོ་སྐྲ་འཐོག་གིན་དུ་ཡན་ལག་ཧྲེང་ཧྲེང་དུ་སོང་ནས་བརྒྱལ་སོང་བར་གདའ་འོ །། །།
129
ལེའུ་བཅུ་གཅིག་པ། འཁོར་གཡོག་དང་སྲས་མོ་བཅས་ཀྱིས་ཧྭ་ཤང་ཧུ་ཤུ་ནག་པོའི་སྒྲུབ་རྫས་དང་ཚེ་རིལ་སྣ་ལ་
བདུགས་ཤིང་ཁ་ལ་སྟེར་བས། དྲན་པ་གསོས་བྱུང་བར། སྐར་མ་ཁྲ་ཆིལ་ཆིལ་དང་མེ་འོ ད་དམར་
ལྷབ་ལྷབ། མུན་པ་ནག་འཐིབ་འཐིབ་ལས་མཐོང་རྒྱུ་མེད་ཅིང་། རླུང་སྒྲ་འུར་དིར་དིར་ལས་ཐོས་རྒྱུ་ མེད་པས། མིག་འཕུར་འཕུར་བྱས་ནས་ཤར་ལྷོ་ནུབ་བྱང་གང་སར་ཞིབ་ལྟ་བྱས་ནས་གླིང་སྒར་
གྱི་ཕྱོགས་ལ་མཛུབ་མོ་བཙུགས། ཕྱུ་པ་ཕྱི་མ་དེ་ལག་པ་གཡོན་པས་ཡར་བཟུང་། གོམ་པ་ཁྱར་
ཁྱོར་ཆང་གིས་བཟི་འདྲ་བྱས་ཏེ་རྒྱུག་རིང་རྒྱུག་ཐུང་གིས་རྒྱལ་པོའི་རྗེས་འདེད་བྱས་པར། ལྕགས་ རི་བར་མར་རྩེབས་པ་དང་ལན་གསུམ་འགྱེལ། ལན་གསུམ་ལངས་ཀྱང་མཐར་ལངས་མ་ཐུབ་
པར་དྲན་མེད་དུ་བརྒྱལ། དེ་ཡོད་འཁོར་གཡོག་རྣམས་ཀྱིས་ཕོ་བྲང་ལ་གདན་འདྲེན་ཞུས་ནས་ ཁྲུས་ཆབ་དང་བདུག་རྫས་ཕུལ་ཏེ་དྲན་པ་གསོས་པས། པུས་མོ་ཐོད་པར་གཏུགས་ནས་མིག་
ཆུ་ཆུ་ཀློང་འབབ་པ་ལྟར་བསྡད་པའི་དུས། རྒྱལ་པོ་དེ་འཁོར་གསུམ་དགྲ་དར་འཚུབས་སེ། ཡར་
གཡོག་མཆན་ཁེབ་གཅིག་ཀྱང་མེད་པར། གླིང་སྒར་གྱི་སྟེང་དུ་མཆོངས་པས། གླིང་པའི་སོ་པ་
རྣམས་ཀྱིས་རིག་ནས་དུ་བསང་དང་དུང་འབུད་བྱས་པར་གླིང་དམག་རྣམས་ཀྱིས་དགྲ་ཡོད་པ་
ཤེས་ནས་ཟིང་ཟིང་ལོང་ལོང་གིས་འཁོར་གསུམ་ལུས་ལ་བསྐོར་ཏེ་རང་སྒར་བཟུང་ནས་བསྡད། ཉི་འབུམ་དང་སེང་སྟག སྒ་སྡེ། ལྷ་རྒོད་བློན་ཆེན་བཞི་དེས་རྒྱལ་པོའི་གཡས་གཡོན་རྒྱབ་མདུན་
ནས་མཆན་ཁེབ་ཀྱི་ཚུལ་ལྟར་བསྐོར་ཏེ་ཕ་ཁུ་བུ་ཚ་ནོར་ལེ། དཔོན་པོ་གཡོག་པོ་ནོར་ལེ། བླ་མ་ སློབ་མ་ནོར་ལེ་འདྲ་བྱས་ནས་སྒར་ཟུར་ནས་སྒུག་བསྡད་པའི་དུས། བདུད་རྒྱལ་དེས་མི་སྨུག་
གཡུ་ཡི་སྨིན་མ་ཅན། དབུ་སྐྲ་འཇའ་ཚོན་ཤར་འདྲ། སྤྱན་མིག་སྐར་ཆེན་ཤར་འདྲ། སོ་དཀར་
དུང་སོ་བསྒྲིགས་འདྲ། ལྷ་གོང་མ་མི་ཡུལ་ལ་བྱོན་འདྲ། ལྷ་ཆེན་ཚངས་པའི་ལྷ་སྲས། རྟོགས་པ་
ཐེག་པ་མཐོ་ལེ། མགོ་ནག་མི་ཡི་དཔོན་པོ། དགྲ་ལྷ་རྣམས་ཀྱི་གཙོ་འཛིན། གེ་སར་ནོར་བུ་དགྲ་ འདུལ་དེ་མཐོང་མ་ཐག ང་རྒྱལ་གྱི་དུག་ཆུ་ཁོལ། ཞེ་སྡང་གཏིང་ནས་འཁྲུགས་ཏེ་གླུ་ལེན་གཏམ་
གླེང་མེད་པར་མདའ་མོ་ཤ་ཟན་དུག་ལྕེ་སྦྲུལ་ནག་ཤུགས་ཆེན་དེ། གཞུ་མོ་རྭ་རྒོད་སྲིན་པོ་ཤ་ཟན་
130
གྱི་ནང་དུ་བཞག་ནས་གེ་སར་ལ་གཏད་དེ་མདའ་བདུན་བསྟུད་མར་བརྫངས་བྱུང་བས། མདུན་
རུ་གསེར་པའི་དམག་ཤོག་ནས་དམག་འཕྲུ་སེར་ཅན་ཉི་ཤུ་ཙམ་ཞིག་གཡས་ལ་བསྒྲིལ། ཉི་ཤུ་ སྐོར་ཞིག་གཡོན་ལ་བསྒྲིལ། ཁོས་མདའ་མོ་ཤུབས་ལ་བླུགས། རལ་གྲིའི་ཤུབས་ཁ་སྤར་ནས་
བར་སྣང་སྤྲིན་ནག་གིས་འཐིབས་འདྲ། ཉི་མའི་འོད་མདངས་བསྒྲིབས་འདྲ་ཞིག་བྱས་ཏེ་གསེར་ པའི་དམག་སྟེང་དུ་མཆོངས་ནས་ཁྲག་ཤ་རལ་གྲིས་གཏུབ་པ་བཞིན་དམག་མང་གཡས་བསྒྲིལ་ གཡོན་བསྒྲིལ་གྱིས་ཤི་རྨས་མང་ཙམ་བཏང་། ཁས་ལེན་རུ་འདྲེན་རྣམས་ཀྱིས་མདའ་མཚོན་
གང་རུང་གིས་གདོང་ལེན་བྱས་ཀྱང་བདུད་རྒྱལ་མི་རྟ་གཉིས་དེ་ཉམས་སྣང་མེད་པར་རྒྱལ་བློན་ མི་རྟ་ལྔ་ཡི་ཕྱོགས་སུ་མཆོངས་བྱུང་བ་ན། ཉི་འབུམ་ཤུགས་ཀྱི་སྡོང་པོ་དང་སྒ་སྡེ་རྩལ་གྱི་སྡོང་
པོ་ཁོང་གཉིས་ཀྱིས་བདུད་རྒྱལ་དང་དཔུང་འཛིང་བྱེད་བསམས་ཏེ་མཆོང་གྲབས་བྱེད་པའི་དུས། རྒྱལ་པོ་སེང་ཆེན་དེ་ཡིས། ཡ། ཤ་ཕོ་ཆེན་མདའ་མོས་གསོད་པ་དེ། །མདའ་སྐྱེན་ལུགས་མ་ ཡིན་དུས་བབས་ཡིན། །ཉ་གསེར་མིག་ལྕགས་ཀྱུས་བཟུང་བ་དེ། །ཟས་ཞིམ་འདོད་མ་ཡིན་ སྔོན་ལས་ཡིན། །བདུད་རྒྱལ་པོའི་གདོང་ལེན་བྱེད་མི་དེ། །ཕོ་རྒོད་པོ་མི་དགོས་སྔོན་བསྐོས་
ལས། །ཉི་འབུམ་སྒ་སྡེ་བློན་ཆེན་གཉིས། །ང་རྒྱལ་པོ་འདྲ་བའི་བསྐོས་ཐང་མེད། །འུར་རྡོའི་ནང་ གི་དམུ་རྡོ་དེ། །ཅི་མ་ཡིན་ལ་འཕེན་རྒྱུ་མེད། །ཁྲ་ཆུང་མིག་ལ་སྐྱོན་རབས་ཡོད། །སྐེད་ཤུབས་ བཀྲ་ནང་གི་རལ་གྲི་འདི། །ས་རྒྱག་རྡོ་གཡུག་བྱེད་རྒྱུ་མེད། །སོ་ངར་མ་ཁ་ནས་ཆག་རབས་
ཡོད། །འདོ་ཆེན་བང་ཁ་མགྱོགས་ལེ་དེ། །ལ་རྒྱུག་ཐུར་རྒྱུག་བྱེད་རྒྱུ་མེད། །རྐང་རྭ་བཞི་བརྩེད་ འཐེང་ཕོག་རབས་ཡོད། །བུ་དཔའ་བོ་ནང་གི་ཡང་དཔའ་དེས། །དགྲ་སུ་ཐུག་གདོང་ལེན་བྱེད་
རྒྱུ་མེད། །སྐུ་ཚེར་བར་ཆད་ཆེ་རབས་ཡོད། །དེ་རིང་སུ་བབས་ང་རང་བབས། །ཞེས་གསུངས་ ནས་རྐྱང་ངོའི་ཁ་རུ་གློད་ནས་རྣ་བ་རླུང་སྒྲ་འུར་རེར་ཁོ་ཡི་གདོང་དུ་བརྒྱུགས་ནས། ཡ། ཁོ་རེ་ བདུད་རྒྱལ་ཧམ་ཆེན་བུ། ཞལ་མཇལ་བ་ཉི་མ་དེ་རིང་རེད། གསུང་ཐོས་པ་ཉི་མ་དེ་རིང་རེད།
སྐུ་འཚོ་བ་ཉི་མ་དེ་རིང་རེད། ཐང་ཨ་ཐང་གཞི་གླིང་སྡེར་མ་འདྲ། སྡེར་ནང་ཤ་རྒྱགས་ཚོ་པོ་དེ།
གྲི་ཡུ་དཀར་ཁ་བགོས་བྱེད་འདོད་རེད། ཅེས་གསུངས་ནས་རྟ་ཁ་འཐེན། ཁོ་ང་རྒྱལ་ཆེ་ལ་དྲག་ རྩུབ་ཆེ་བས། མདའ་མཚོན་གང་རུང་རྒྱག་ངེས་ཡིན། དེ་ཡི་འགྲམ་ལ་བཅར་མི་ཉན་དགོངས་
131
ནས་སྟོང་ཉིད་འཇའ་ཡི་གུར་ཁང་ཕུབ། སྟོང་ཉིད་འཇའ་ལུས་ལ་བསྒོམས་ནས་ཁོ་ཡི་གདོང་ བཀག་པར། བདུད་རྒྱལ་སྟག་རྩེ་དེ་ཡིས། མདའ་མོ་ཤ་ཟན་དུག་ལྕེ་མེ་འབར། བདུད་རྒན་རུ་
ཏྲའི་ཕ་རལ། བདུད་ཀྱི་བླ་མ་མང་པོས་རབ་གནས་མཛད་པ། ཕར་བཏང་ཚུར་འཁོར་ཤེས་པ། མི་ སྐད་སྨྲ་ཤེས་པའི་མདའ་མོ་དེ། གཞུ་མཆོག་དཀར་ཁྱུང་རྭ་སུམ་བསྒྲིགས་ཀྱི་ནང་དུ་བཞག་ནས།
ཡ། ཁོ་རེ་ཨབ་ཤ་ཇོ་རུ་ནག་ཙོག །སྤྲང་ཕྲུག་ཁ་སེར་ངོ་སེར་པ། །ཁྱོད་འདྲ་བས་དགྲ་མགོ་ནོན་ རབས་མེད། །ཁྱོད་ང་དང་འགྲན་པ་སྣང་བ་འཁྲུལ། །དུས་དེ་སྔ་ཉི་མ་ཕན་ཆད་ལ། །སྤྱང་ཨ་ཐོང་ ལུག་ལ་འཇབ་འཇབ་དེ། །འབྲོང་བྲེ་མོའི་སྟེང་ལ་འགྲོ་ལེ་མེད། །བྱང་ཁྲམ་པས་ཕྱུག་པོ་འཕྲོག་
ལེ་དེ། །ཁྲིམས་ཁྲ་མོའི་སྟེང་ལ་འགྲོ་ལེ་མེད། །གོ་ཁའི་ཁ་ལྕེ་བདེ་མོ་མ། །ཁྲིམས་ཁྲ་མོའི་དཀྱིལ་ ལ་འགྲོ་ལེ་མེད། །གོ་ཁའི་གོ་གཏམ་བཙན་པོ་མ། །བུ་དཔའ་བོའི་སྟེང་ལ་འགྲོ་ལེ་མེད། །ཨ་ཙི་ ཇོ་རུ་སྣང་བ་འཁྲུལ། །ངས་གོམ་གསུམ་མི་གཏོང་ཐག་ཆོད་ཡིན། །ཟེར་ནས། མདའ་དེ་ཚག་
སྒྲ་འུར་གསུམ་གྱིས་རྒྱལ་པོ་གེ་སར་ལ་འཕངས་བྱུང་བས་ན། རྒྱལ་པོ་གེ་སར་སྟོང་ཉིད་འཇའ་ ལ་བསྒོམས་ནས་བཞུགས་ཡོད་པས། མདའ་དེ་བར་སྣང་འུར་སྒྲས་ཁེངས་ལེ། དུ་བས་རི་ཆེན་
སྨུག་པ་འཁྲིགས་འདྲ་བྲག་རི་སྲིན་པོ་འགྱིངས་ཆེན་གྱི་རྩེ་ལ་བབ། བྲག་རི་འུར་སྒྲ་ལྡིར་རེ་བསྙིལ།
དེའི་འོག་བྱེ་རིའི་མངའ་ཁོངས་ཀྱི་བདུད་སྡེ་ལྔ་ཙམ་ཞིག་མནན་ཏེ་རང་དགྲ་རང་ལ་འཁོར། རང་ གྲིས་རང་སྲོག་གཅོད། རང་རྭ་རང་མིག་ལ་ཟུག་ཟེར་བ་ལྟ་བུ་ལས་རྒྱལ་པོ་སེང་ཆེན་ལ་མདའ་
ཡིས་གནོད་པ་སྤུ་ཙམ་མ་ཐུབ། དེས་ན། སེང་ཆེན་ནོར་བུ་དགྲ་འདུལ་དེ་ཡིས། ཡ། དེ་རིང་ཁོ་
དང་མདའ་རྩལ་འགྲན་རྒྱུ་དེ། འདིར་ཡོད་ཀུན་ལ་ངོམ་རྒྱུ་རེད། འཁོར་གསུམ་མཚོན་ཆ་བསྐོར་
ལེ་དེ། དེ་རིང་སུ་བཙན་བལྟ་རྒྱུ་རེད་དགོངས་ཏེ་གཡས་སྟག་དོང་ནོར་བུ་དགའ་འཁྱིལ་ནས། ལྷ་ མདའ་ངང་པ་དགྲ་འདུལ་སྟག་མོ་ཤ་ཟན་འཛུམ་དྲུག་མ་དེ་བཏོན། གཡོན་གཞུ་ཤུབས་པདྨ་ཡར་ འཁྱིལ་ནང་ནས། གཞུ་མོ་རྭ་རྒོད་འཁྱིལ་ཆེན་ཤེས་རབ་ཐབས་ཀྱི་ལྷ་གཞུ་བཏོན། མདའ་གཞུ་
ལྟོང་མཐེབ་ལ་བཞག་ནས་བྱང་ཆུབ་སེམས་པའི་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ནས་གླུ་ཞིག་ལེན་ དགོས་དགོངས་པའི་དུས། བྱེ་རི་སྟག་རྩེ་གཡུལ་རྒྱལ་དེ་སྤྱང་གྲུང་འཛོམས་ལ། དེ་སྔ་གེ་སར་
རྒྱལ་པོས་རལ་གྲི་གཡུགས་ནས་མགོ་ལ་རྨས་སྐྱོན་བཏང་བ་དང་ད་རེས་མདའ་འཕངས་ཀྱང་གེ་
132
སར་ལ་གནོད་པ་སྤུ་ཙམ་མ་ཐུབ་པས། དེ་རིང་ཚུར་འདྲེན་བྱས་ན། རྣམ་ཤེས་བྱ་སྒྲོ་རླུང་གིས་
འཁྱེར་འདྲ་བཟོ་ངེས་ཐག་གིས་ཆོད། ནད་བད་ཀན་ན་ན་ཤི་རྒྱུ་རེད། ཀླུ་གདོལ་བ་འགྲས་ན་མཛེ་ ནད་རེད། གོང་དཔོན་པོ་འགྲས་ན་ཚེ་དགྲ་རེད་བསམས་ཏེ་མྱུར་བར་དགའ་རབ་དབང་ཕྱུག་ལ་
འབོད་པ་བྱས། དགའ་རབ་མེ་ལྕེའི་ཞགས་པ་དེ་གཡུག་གཡུག་ལན་གསུམ་བྱས་པར། གནམ་ ནས་སྤྲིན་ནག་འཁྲིགས། ས་ལ་ཐལ་རླུང་འཚུབས་ནས་ཁོ་སྤྲིན་རླུང་གཉིས་ཀྱིས་བཏུམས་པ་འདྲ་ ཞིག་བྱུང་བས། ཁོ་ཡི་རྟ་དེས་གཡས་ནས་ཁྱུང་སྒྲོ་བཅོ་བརྒྱད་བརྐྱངས། གཡོན་ནས་རྒོད་སྒྲོ་
བཅོ་བརྒྱད་བརྐྱངས། ལྕགས་ཀྱི་སྤར་མོ་སྡེར་སྡེར་བྱས་ནས་རླུང་དམར་གནམ་ལ་འཚུབས་པ་
བཞིན་ནམ་འཕང་བཅད་ནས་འཕུར་སོང་ངོ་། རྒྱལ་པོ་གེ་སར་གྱིས་ཕྱོགས་བཞིར་གཟིགས་ཀྱང་ སྤྲིན་དང་ན་བུན་ལས་ཁོ་གར་སོང་མ་གཟིགས་པའི་དུས། ཁོ་ནམ་འཕང་བཅད་ནས་དཔག་ཚད་
གསུམ་གྱི་མཁའ་དབྱིངས་སུ་རྩེབས་པར། དམ་ཆེན་རྡོ་རྗེ་དེ་ཡིས་སྟ་རེ་བྲག་རི་ཧབ་གཤགས་
དེ་ལན་གཅིག་གཡུགས་པས། རྟ་དེའི་སྒྲོ་གཡས་པར་ཕོག་ནས་བྱ་རྒོད་གཤོག་པ་ཆག་པ་ལྟར་ མར་མར་ལྷུང་འགྲོ་བ་ན། ཁོ་ང་རྒྱལ་གྱི་དུག་ཆུ་ཁོལ་ཞིང་རྟ་ཁ་འཐེན་འཐེན་མང་ཙམ་བྱས་ནས་
དགའ་རབ་དང་མ་ཏྲ་རུ་ཏྲའི་མཐུ་སྟོབས་ཀྱིས་ཇེ་མཐོ་ཇེ་མཐོར་ལྡིང་ནས་སོང་བར་གདའ་འོ ། ། དེའི་དུས་རྒྱལ་པོ་གེ་སར་ཅི་བྱེད་འདི་བྱེད་མེད་པར་ཡོད་པས། སྣང་བ་མཐའ་ཡས་ཀྱི་
རྣམ་སྤྲུལ་ཕྱི་བལྟས་ཟོག་རྫོང་པགས་པ། ནང་བལྟས་སངས་རྒྱས་སྟོང་སྐུ། ལྷ་རྟ་རྐྱང་རྒོད་སྣ་
དཀར་དེས་བྱ་རྒོད་སྤུ་སྒྲོ་ཟིང་ཟིང་ལོང་ལོང་གིས་བརྐྱངས་ཤིང་རྨིག་བཞི་དུང་དཀར་འཁོར་ལོ་ བསྐོར་ནས་ཕར་རྒྱུག་ཚུར་རྒྱུག་ལན་གསུམ་བྱས་ཏེ་ནམ་འཕང་བཅད། ནམ་མཁའི་བྱ་ལམ་ཟིན་
ནས་བདུད་རྒྱལ་དང་མཐོ་དམའ་མེད་པར་འཕུར་བས། བདུད་རྒྱལ་དེས་སེང་ཆེན་རྒྱལ་པོ་མི་རྟ་ གཉིས་མཐོང་བ་དང་རྟ་ཁ་བསྐོར། རལ་གྲི་གཟའ་བདུད་དགུ་གཅོད་དེའི་ཤུབས་ཁ་སྤར་ནས་
རྒྱལ་པོའི་མདུན་དུ་རྟ་ཁ་གློད་བྱུང་བར། རྒྱལ་པོ་གེ་སར་གྱིས་ལྷ་མདའ་ངང་པ་དགྲ་འདུལ་དེ་ ལྷ་གཞུ་རྭ་རྒོད་འཁྱིལ་ཅན་གྱི་ནང་ལ་བཞག་པ་དང་བཀའ་སྲུང་ཆོས་སྐྱོང་དམར་ནག ཡི་དམ་
ཞི་ཁྲོ་རིགས་བརྒྱའི་ལྷ་ཚོགས་རྣམས་ཀྱང་བྱ་གཤོག་ཅན་དང་གཅན་གཟན་མཆེ་བ་ཅན། སྡེར་ མོ་ཅན། རུ་ཐུར་ཅན་གྱི་གཟུགས་ཀྱིས་རྒྱལ་པོའི་མཐའ་ནས་བསྐོར་བྱུང་བར། རྒྱལ་པོ་གེ་སར་
133
གྱིས་རྡོ་རྗེ་མགུར་གླུ་འདི་གསུངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲིཿ། །ཨ་ལ་གླུ་ཡི་མཆོད་པ་འབུལ། །ཨ་ལ་ཨ་སྔོན་དབྱིངས་འདྲ་ལེན། །ལྷ་
དཀོན་མཆོག་ནམ་མཁའ་ཞལ་གཟིགས་གླུ། །ལས་བདེན་རྫུན་དབྱེ་བ་དེ་ཡིས་འབྱེད། །གླུ་ཐ་
ལ་ཐར་ལམ་རིང་མོ་ལེན། །ཆབ་ཆུ་བོ་ལྟ་བུར་ཆོས་མཐའ་རིང་། །དམའ་རྒྱ་མཚོ་ལྟ་བུར་གཏིང་ མཐའ་མེད། །གནམ་མཐའ་དབུས་མེད་པ་སྟོང་ཉིད་ཆོས། །གླུ་ཐ་ལ་བདེ་ཆེན་ཞིང་གི་གླུ། །མ་
རིགས་དྲུག་སེམས་ཅན་བདེ་བར་བཀོད། །ང་དང་ཁྱོད་གཉིས་འདྲ་བའི་ས། །ང་འདྲ་ཁོ་བཙན་
ཤོད་ས་རེད། །ང་མཐོ་ཁོ་བཙན་བསམ་ས་རེད། །ནམ་མཁའ་སྤྲིན་གྱི་ར་བ་རེད། །ཡར་སོང་ལྷ་ ཡི་ཞིང་ཁམས་རེད། །སུམ་ཅུ་རྩ་གསུམ་འགྲིམ་བསམ་ན། །དཀར་པོ་བདེན་ཚིག་ཆོས་ལ་ སྤྱོད། །སྤྲུལ་པ་རང་ལ་ཡོད་ནའང་། །བདེན་པ་མེད་པའི་བསམ་ངན་དེས། །འགྲོ་དོན་མཐར་
ཕྱིན་ཡོང་རྒྱུ་མེད། །རྒྱུ་ནོར་རང་ལ་ཡོད་ནའང་། །དད་པ་འཇོག་ས་ནོར་བ་དེས། །སྦྱིན་པ་ཆོས་
ལ་འགྱུར་རྒྱུ་མེད། །དཔའ་རྩལ་རང་ལ་ཡོད་ནའང་། །གཞན་བློ་སྒྲུབ་ཅིང་མི་དང་སྟུན། །མ་བསྟུན་ དགྲ་མགོ་ནོན་རྒྱུ་མེད། །སྐྱེ་ལོ་རང་ལ་ཡོད་ནའང་། །གཡུ་དང་བྱུ་རུའི་རྒྱན་ཆ་དགོས། །མ་ཡོད་ ཁྲོམ་གྲལ་བཞོགས་ལེ་མེད། །རྟ་ཕོར་རྒྱུག་རྩལ་ཡོད་ནའང་། །བདག་པོ་བསམ་པ་བཟང་ལེ་
དགོས། །རྒྱུད་ངན་མགྱོགས་དར་ལོན་ལེ་མེད། །ཟེར་ལེ་ཨེ་གོ་སྟག་རྩེ་རྒྱལ། །ང་འདྲ་ཁྱོད་དང་ འདྲ་རྒྱུ་མེད། །མི་ལུས་བླངས་པ་འདྲ་འདྲ་ལ། །སྐྱེ་ལོ་གཟུགས་གསུམ་ཁག་ཁག་ཡིན། །ལྷ་ལུས་
བླངས་པ་འདྲ་འདྲ་ལ། །སྟོབས་དང་རྫུ་འཕྲུལ་ཁག་ཁག་ཡིན། །གཤོག་སྒྲོ་ཅན་གྱི་རྟ་ཕོ་དང་། །ཟོག་ རྫོང་རྩྭ་སྒྱེ་རྐྱང་རྒོད་གཉིས། །བར་སྣང་གཅོད་ལུགས་འདྲ་བསམ་སྟེ། །ནམ་འཕང་གཅོད་ལུགས་
ཁག་ཁག་ཡིན། །ལྷ་ལུས་བླངས་པའི་རྒྱལ་པོ་གཉིས། །སྟོབས་དང་རྫུ་འཕྲུལ་འདྲ་བསམ་སྟེ། །འདྲེན་ ནུས་འདུལ་ནུས་ཁག་ཁག་ཡིན། །ཨ་ཙི་བསམ་གནག་ཞེ་གནག་ཅན། །དེ་ལ་ལམ་འགྲོ་ཡོང་
རྒྱུ་མེད། །རང་དོན་བྱས་ནས་གཞན་དོན་འགོག །དེ་ལ་དོན་ཆེན་འགྲུབ་རྒྱུ་མེད། །དགེ་བ་སྤངས་ ནས་སྡིག་པ་སྒྲུབ། །དེ་ལ་བསོད་ནམས་འཁོར་རྒྱུ་མེད། །བསམ་ངན་ཞེ་ངན་སྲོག་གཅོད་
ཅན། །བདུད་ནག་དར་བའི་བསྟན་པ་ཡིན། །ཡུན་རིང་མི་བརྟན་བ་མོ་འདྲ། །ཉི་མ་ཤར་དུས་
བཞུ་ནས་འགྲོ། །རང་འདོད་རང་བཙན་རང་མཐོ་གསུམ། །རང་དོན་སྒྲུབ་པའི་མནའ་ཟན་དེར། །རྒྱུ་
134
ཟས་ནོར་ཡོད་ཀྱང་འཇའ་ལྟར་ཡལ། །ཁྱོད་སྔར་བསགས་ལས་ཀྱི་སྨོན་ལོག་དེས། །འདི་གང་ སངས་རྒྱས་བསྟན་དགྲ་རེད། །རེ་ཞིག་བསོད་ནམས་དབང་ཐང་རྒྱས། །དེ་དུས་ནག་ཕྱོགས་
མཐོ་རེས་རེད། །མདུན་ལ་བལྟས་ན་ཀུན་གྱིས་ལྟ། །ཕྱིར་ལོག་བལྟས་ན་ཀུན་གྱིས་ལྟ། །གཡས་ ནས་བློན་པོ་དཔའ་བོས་བསྐོར། །གཡོན་ནས་ཕྱུག་པོ་མི་དྲག་བསྐོར། །ལགས་སོ་ལེགས་སོ་ ཞུམ་ཞུམ་བྱེད། །དགྱེད་དགུར་ཕྱག་འཚལ་གར་མངགས་འགྲོ། །དེ་དུས་རང་ཆེ་རང་བཙན་
བསམས། །རང་ཚོད་མ་ཟིན་མི་ཡུལ་མངགས། །ཤི་ནས་དམྱལ་བའི་གཏིང་ལ་ལྷུང་། །ལས་ མཁན་འཇིགས་སྐྲག་ཆེ་དང་གཅིག །ཆོས་རྒྱལ་རྔམ་བརྗིད་ཆེ་དང་གཉིས། །དགེ་བའི་གྲངས་
རྩིས་ཉུང་དང་གསུམ། །སྡིག་པའི་ཁུར་པོ་ལྕི་དང་བཞི། །འཇིགས་སྐྲག་སེམས་ལ་མང་དང་ལྔ། །ན་ ཚ་གཟེར་ཟུག་མང་དང་དྲུག །སྡུག་དགུ་མུན་པ་ནག་དང་བདུན། །རེ་ས་འཐམ་ས་མེད་དང་ བརྒྱད། །སྐྱོར་མི་མགོན་མི་མེད་དང་དགུ། །བོས་ནས་ཨ་ལན་མེད་དང་བཅུ། །མི་ཤི་བ་སྡུག་
གི་ཐ་མ་རེད། །ཆོས་མེད་ན་སྡུག་ཐོག་སྡུག་སྣོན་རེད། །དེ་ནས་རྒྱལ་པོ་སྣང་མཐོ་བ། །ཁྱོད་དང་ པོ་ཁྲ་མོ་གླིང་དཀར་གྱི། །ཚོང་དཔོན་བཞི་བརྒྱ་འཕྲོག་བཅོམ་བྱས། །ལས་དེ་འདྲ་དགོས་དོན་
ཅི་འདྲ་ཡིན། །ཡར་སོང་ལི་ཡུལ་ས་ཆ་ནས། །རང་མཁོ་གཞན་མཁོའི་རྒྱུ་ནོར་དེ། །ཕར་གྲོས་
ཚུར་གྲོས་ཚོང་གཏམ་བྱས། །ཁབ་སྐུད་ཙམ་ཞིག་འཕྲོག་པ་མེད། །དེ་ཧམ་ཆེན་བྱེ་རིས་འཕྲོག་
བཅོམ་བྱས། །རིན་ཆེན་མི་དེ་དམར་གསོད་བཏང་། །རྒྱུ་དང་ནོར་རྫས་དཔུང་པས་ཕྲོགས། །ལས་ དེ་བྱས་རྩ་བ་ཨེ་དྲན་འདུག །དེས་མ་ཚད་ཁྲ་མོ་གླིང་དཀར་ལ། །ཆ་ངན་པའི་ཡིག་ཆུང་གང་འདྲ་ བསྐུར། །གླིང་རྒྱལ་བློན་དམའ་འབེབས་བྱས་དང་གཅིག །ལྷ་སངས་རྒྱས་བསྟན་པ་བསྣུབས་
དང་གཉིས། །སྟོད་རྒྱ་གར་ཆོས་ཁྲིམས་གཏོར་དང་གསུམ། །སྨད་རྒྱ་ནག་མི་ཁྲིམས་གཏོར་དང་
བཞི། །བར་སྐུ་རྒྱལ་དབུས་གཙང་རུ་བཞི་དེ། །མི་ཁྱོད་ལ་དབང་ཐང་ཡོད་དོ་ཟེར། །ཁྱོད་དེ་འདྲའི་ དབང་ཐང་ཡོད་པས་ན། །བར་དབུས་གཙང་རུ་བཞི་མི་དགོས་ཏེ། །ང་ཁྲ་མོ་གླིང་རུའི་ལྷ་སྡེ་
ནས། །སྡེ་ཚོ་ཤོག་ཆེན་དགུ་བརྒྱ་ཡོད། །ཤོག་གཅིག་ལ་བདག་དབང་ཁྱོད་ཀྱིས་གྱིས། །ཁྱོད་
ཧམ་ཆེན་རང་ཡུལ་རླུང་ལ་བསྐུར། །ལས་ཁྱོད་རང་རང་སྲོག་དེ་ལ་བབས། །ཁྱོད་བཤད་ཚད་
དམྱལ་བའི་སྡིག་རྡོ་ཡིན། །དེ་ཨེ་རེད་བསམ་བློ་དེ་རིང་ཐོང་། །ལྷ་གོང་མའི་བདེན་ཚིག་མ་གྲུབ་
135
ན། །ལས་རྒྱུ་འབྲས་ཇེ་མྱུར་ཇེ་སྡུག་རེད། །དཔོན་ཨ་ཁུའི་ཁྲིམས་ལ་མ་ཉན་ན། །ལུས་འབྱུང་ བཞི་ཇེ་སྡུག་ཇེ་ཞན་རེད། །དྲིན་ཕ་མའི་ཁ་ཏ་མ་ཉན་ན། །སྤུན་བུ་རྒྱུད་ས་མཐའ་སྟོངས་སྐོར་
ཡིན། །རེད་བསམ་ན་གསོལ་བ་སྨོན་ལམ་གྱིས། །ལས་དེ་སྔ་བྱས་པ་མཐོལ་བཤགས་གྱིས། །དུས་ ཕྱིན་ཆད་མི་བྱེད་ཁས་ལེན་གྱིས། །ལྷ་དཀོན་མཆོག་གསུམ་ལ་གསོལ་བ་ཐོབ། །རྗེ་གེ་སར་ང་ ལ་དད་པ་ཞོག །གླིང་དཔའ་བརྟུལ་ཕུ་ནུ་ཡིན་པར་སྒོམས། །བྱ་ངང་པས་ཆོས་གོས་མ་གྱོན་
ཏེ། །བྱ་ངང་པ་བྱ་ཡི་བླ་མ་ཟེར། །སྒྲོ་འདི་ལ་བླ་མའི་ཆོས་གོས་ཟེར། །འདི་འདྲེན་འདོན་ཆེ་བའི་ མདའ་མོ་ཡིན། །ལུས་བྱང་སེམས་སྟོང་ཉིད་རང་གྲུབ་ཡིན། །འདྲ་ཨེ་བསམ་བདུད་རྒྱལ་ཧམ་
པ་ཅན། །འཕངས་ཟེར་ན་གསོན་ཐར་ལར་ནས་མེད། །ཅེས་གསུངས་ནས་སྟོང་ཉིད་ཀྱི་ལྷ་མདའ་
ངང་སྒྲོ་དགྲ་འདུལ་དེ་བསྲིངས་པ་ཁོ་ཡི་མིག་རྫི་མ་གཉིས་ཀྱི་བར་དུ་ཐེབས་ནས་མགོ་ཀ་ལི་ཚོགས་ ཕུད་ཕུལ་འདྲ། ཀླད་པ་ཞོ་དཀྲོག་པ་ལྟར་བྱས་པར། བདུད་ཀྱི་བྱ་རྟ་དེའི་གཤོག་སྒྲོ་ཐོར་ནས་ཁོ་ མར་མར་ལྷུང་པས། རྒྱལ་པོ་སེང་ཆེན་གྱིས་ལྷ་ཞགས་ནོར་བུ་དོན་ཡོད་དེ་གྲུ་གཡོན་ནས་ཕུད་ དེ་ཁོ་ལ་འཕངས་པས། ལྕགས་ཀྱུ་སྙིང་ཁར་འཁོན། ཨ་ལོང་སྐེ་ལ་འཁོན་པ་དང་བྱེའུ་ཁྲ་ཡིས་
བཟུང་འདྲ་བྱས། འདོ་བ་རྐྱང་རྒོད་གཡེར་པ་དེས་བྱ་ཆེན་ཐང་དཀར་གྱིས་ནམ་འཕང་གཅོད་པ་ བཞིན་བྱས་ནས་རྒྱ་གར་ཆོས་ཀྱི་ཞིང་ཁམས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གདན་ས་ལ་
སྐོར་བ་ལན་གསུམ་བརྒྱབ་པ་དང་གེ་སར་རྒྱལ་པོས་སྐད་ལྷང་ལྷང་གཡུ་འབྲུག་སྒྲོག་པ་ལྟར་གྱི་ མགུལ་གླུ་ཞིག་གསུངས་པར། ལྷ་དང་བླ་མ་དགེ་འདུན་ཁྲི་སྟོང་མང་པོས་དྲི་བསང་སྤོས་བསང་
གི་མཆོད་པ་རྒྱ་ཆེར་ཕུལ་བའི་དུས། ནུབ་ཕྱོགས་སྲིན་པོའི་ཡུལ་ནས་གུ་རུ་པདྨ་འབྱུང་གནས་
དེས། སེང་ཆེན་གེ་སར་རྒྱལ་པོས་བྱེ་རི་སྟག་རྩེ་རྒྱལ་པོར་དཔའ་རྟིང་མའི་རྩལ་དྲུག་ངོམ་པ། མཚན་ སྙན་གྲགས་ས་སྟེང་ཁྱབ་པ་ཞིག་གནང་བ་མངོན་པར་མཁྱེན་ནས་བསང་དང་གསེར་སྐྱེམས་ཀྱི་ མཆོད་པ་ཕུལ་བ་དང་བར་སྣང་ནས་འཇའ་ཚོན་འཁྲིགས་པས། གེ་སར་རྒྱལ་པོས། མ་སེམས་ ཅན་འགྲོ་དོན་སྐྱོང་བ་ལ། བདུད་ཀྱི་རྣམ་ཤེས་རླུང་དམར་དེ། སྐྱེ་བ་ཕྱི་རབས་དུས་ཚོད་ལ།
སེམས་ཅན་སྡུག་བསྔལ་རང་བཞིན་ཞི། དག་པའི་ཞིང་དུ་སྐྱེ་བར་མཁྱེན་གསུངས་ནས་མགུར་ གླུ་ཞིག་བླངས། དེ་ནས་བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་ཡུལ་ནས་བསྐོར། ཤར་ཕྱོགས་མངོན་
136
པར་དགའ་བའི་ཞིང་ཁམས་སུ་བྱོན། ལྷོ་རྒྱལ་ཡོངས་སུ་རྫོགས་པ་བསྐོར་ནས་རི་པོ་ཏ་ལའི་ཕོ་ བྲང་གི་ཕྱོགས་སུ་ཕེབས་པ་དགེ་སློང་སྟོང་ཙམ་གྱིས་གཟིགས་པར། བོད་ཡུལ་སེར་སྐྱ་ཕོ་མོ་ རྣམས། དགེ་བ་བསྒྲུབས་ནས་སྡིག་པ་སྤངས། སེམས་ཅན་སྡུག་བསྔལ་ཞི་བར་ཤོག་ཅེས་རྡོ་
རྗེ་མགུར་གླུ་ཐེངས་གཅིག་བླངས། དེ་ནས་བྱང་བྱེ་རི་སྟག་རྒྱལ་གྱི་ཡུལ་ལ་རྩེབས་པས། །ལོ་
མཐོ་བ་བརྒྱད་ཅུ་མན་ཆད། གཞོན་པ་བཅུ་གསུམ་ཡན་ཆད་ཚང་མས་རྒྱལ་པོའི་མགུར་གླུ་ལྷང་ ལྷང་ཐོས་ཤིང་བདུད་རྒྱལ་སྟག་རྩེ་གཡུལ་རྒྱལ་དེ་སྡར་སྐད་ཝ་མོ་བརྒྱལ་བརྒྱལ་བྱེད་པ་ཐོས་
པས། ཨ་ཙི་བདུད་པོ་སྟོབས་ཤུགས་ཅན། བྱེ་རི་སྟག་རྩེ་རྒྱལ་པོ་ཞེས། གནམ་ཨ་སྔོན་གོས་ལ་
གྱོན་མི། ས་དོག་མོ་གདན་ལ་འདི་མི། ཆབ་ཆུ་བོ་ཧུབ་ཀྱིས་འཐུང་མི། གནམ་ཨ་སྔོན་ཉི་ཟླ་ལག་ བཟུང་བྱེད་མི། འབྲུག་ཕོ་ཐོང་ཞྭ་ལ་གྱོན་མི། སེང་དཀར་མོ་སྒོ་ཁྱིར་འདོགས་མི། སྟག་དམར་
ཡག་ལག་བཟུང་བྱེད་མི། རི་ཆེན་པོ་དཔུང་པས་སྐོར་མི། མན་ངག་སྒྱུ་མ་མཁས་ལེ། སྟོབས་
དང་རྩལ་དྲུག་ཆེ་བ། རྒྱུ་ནོར་ལོངས་སྤྱོད་ཆེ་བ། རྒྱལ་ཁམས་ཀུན་ལ་གྲགས་པ་དེ། དེ་རིང་ཁྱི་
གདའ་ལི་བཞིན་དུ་གར་ཁྲིད་རེད་ཟེར་ནས་གཉེན་ཕུ་ནུ་ཤ་ཚ་བ་རྣམས་ཀྱིས་ངུ་འབོད་བྱས། དེ་
མིན་རྣམས་ཀྱིས་ཧབ་བགད་བྱས་ནས་བསྡད་པའི་དུས། བདུད་རྒྱལ་དེ་ན་ཟུག་མི་བཟོད་པ་དམྱལ་ བ་བཅོ་བརྒྱད་ཀྱི་སྡུག་བསྔལ་གསོན་པོར་མྱངས་བ་བཞིན་བྱུང་ནས་དབུགས་ཕྱི་དབུགས་ནང་ དབུགས་ཆད་ལ་ཁད་དུ་རྒྱལ་པོ་སེང་ཆེན་མི་རྟ་གཉིས་ཀྱིས་བདུད་རྟ་བྱ་ནག་ལྕགས་གཤོག་ དང་བདུད་རྒྱལ་སྟག་རྩེ་གཡུལ་རྒྱལ་དེ་དངོས་པོ་མིག་གིས་རིག་ལེ། ཆོས་ཡོད་དགེ་བ་སྒྲུབ་
ལེ། ཆོས་མེད་ངུ་འབོད་ཤོར་ལེ་ཞིག་བྱས་ནས་དམག་སྒར་དུ་བྱོན་ཏེ། ལུས་གཟི་བརྗིད་ཅན་
གྱི་བདུད་རྒྱལ་དེ། དམའ་དུར་ཁྲོད་ཀྱི་ཀེང་རུས་འདྲ་ལེ། ཐལ་མདོག་འཚུབས་སེ། ཁ་གྲག་རྒྱུ་
དང་སེམས་ལ་དྲན་པ་མེད་པ། རྣ་བས་གོ་རྒྱུ་མེད་པ། སྣ་ཁུང་ནས་དབུགས་རྟ་རྔ་ཙམ་ལས་གཏོང་
རྒྱུ་མེད་པར་གུར་མགོར་བཏགས། དེ་ནས་ཁྲ་བོ་གླིང་གི་ལྷ་སྡེ་དང་། བྱེ་རིའི་ཕོ་བྲང་ནང་ལ་ཡོད་ པའི་བཙུན་མོ། སྲས་མོ་དང་འབངས་སྡེ། གླིང་གི་སྒར་ནང་དུ་ཡོད་པའི་སྲས་པོ་སོགས་ཕོ་བྲང་ ལ་འདུ་འཛོམས་གྱིས་ཟེར་བའི་བཀའ་རྒྱ་བཏང་། གླིང་གི་རྒྱལ་བློན་རྣམས་ཀྱང་ཕོ་བྲང་དུ་ཕེབས། སྟག་རྩེ་གཡུལ་རྒྱལ་དེ་མཁར་སྒོར་བཞག རྒྱལ་པོ་གེ་སར་དང་རོང་ཚ་ཁྲ་རྒན། ཉི་འབུམ། ཁྲོ་
137
རྒྱལ། རིན་ཆེན་དར་ལུ། གླིང་གི་བླ་མ་མི་དཔོན་རྣམས་མཁར་རྩེར་ཕེབས་ནས་ཆོས་གྲྭ་འཚོགས་ ཤིང་བསྐྱེད་རིམ་སྒོམ་གསུམ་གྱིས་རང་གཞན་དམག་ལ་གྲོངས་ཚད་ཀྱི་འདྲེན་འདོན་བྱེད་པའི་ དུས། བྱེ་རིའི་རྒྱལ་བློན་རྣམས་དགེ་བ་མི་དྲན་སྡིག་པ་ཁོ་ན་བསྒྲུབས་པའི་སྡིག་སྒྲིབ་ཚད་མེད་
བསགས་པའི་ལས་འབྲས་ཀྱིས་བྱེ་ཡུལ་ལ་མུན་ནག་འཁྲིགས། སྡིག་པའི་རྣམ་སྨིན་གྱིས་ན་བུན་
འཐིབས་ནས་སྐྱ་ལྷང་ལྷང་སྐྱ་རེངས་ཙམ་ཡང་མཐོང་རྒྱུ་མེད་པར་མུན་པས་བསྒྲིབས། གླིང་དཀར་ ལ་འཇའ་ཚོན་གུར་ཁང་ཕུབ་པ་ཐམས་ཅད་ཀྱིས་མཐོང་ཞིང་ལས་འབྲས་ངོ་སྤྲོད་ཐུབ་པ་བྱུང་བར་ གྲགས། དེའི་དུས་བྱེ་རིའི་སྒེར་བློན་ཆོས་གྲུབ་དེས། གཡོན་གྲལ་གདན་སྟེང་ནས་ཡར་བཞེངས། རྒྱལ་པོ་གེ་སར་གྱི་མདུན་དུ་དར་དཀར་པོ་ཞིག་ཕུལ་ནས། ཡ། ཡུལ་བྱེ་རི་རྫོང་མཁར་བཅོ་
བརྒྱད་ལ། །ཤོག་སྡེ་མི་སྡེ་དགུ་བརྒྱ་ཡོད། །རིགས་མི་གཅིག་མི་རིགས་བཅོ་བརྒྱད་ཡོད། །དེ་ ཐམས་ཅད་སྡིག་པའི་ན་བུན་འཐིབས། །ལས་དེ་འདྲ་བྱུང་བའི་རྩ་བ་དེ། །རྗེ་སེང་ཆེན་ལྷ་ཡི་བླ་
མ་ལ། །སྐུར་འདེབས་བྱས་པའི་སྡིག་སྒྲིབ་དང་། །བསྙེན་སྒྲུབ་མེད་པའི་ཉེས་སྒྲིབ་དང་། །ལུས་
གཙང་མ་མེད་པའི་བཙོག་གྲིབ་དང་། །གནམ་གྲིབ་ས་གྲིབ། ཆུ་གྲིབ་མེ་གྲིབ། རླུང་གྲིབ་སོགས་ འབྱུང་བ་ལྔ་ཡི་བཙོག་གྲིབ་རེད། བྱེ་རིའི་བདུད་སྡེ་ང་ལ་ཉོན། ང་ནི་ཆོས་གྲུབ་ཉི་མ་ཡིན། ཟེར་
ནས་རྒྱལ་པོའི་གསུང་གི་ལོ་ཙཱ་བྱེད་པའི་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །བླ་མ་དུས་གསུམ་སངས་རྒྱས་མཁྱེན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་
མཁྱེན། །ཨོ་རྒྱན་པདྨ་འབྱུང་གནས་མཁྱེན། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་མཁྱེན། །གཏེར་འདོན་ སུམ་ཅུ་རྩ་གཉིས་མཁྱེན། །བྱིན་རླབས་ཅན་གྱི་བླ་མ་དང་། །ནུས་མཐུ་ཅན་གྱི་ཡི་དམ་ལྷ། །ཁ་ འཛིན་ཅན་གྱི་སྲུང་མ་དང་། །མགོན་སྐྱབས་མ་དང་མཁའ་འགྲོའི་ཚོགས། །དཔུང་རོགས་བུ་
དང་དཔའ་བོ་རྣམས། །མ་གཡེང་སངས་རྒྱས་ཆོས་སྐུ་རྣམས། །ནམ་མཁའི་སྤྲིན་ལྟར་འཁྲིགས་
ནས་ཤོག །རང་སྡེ་རང་ཡུལ་སྐྱོང་སྐྱོང་རེད། །གླིང་དཀར་བསམ་པ་བཟང་ལེ་རེད། །འཐབ་ནས་ མི་ཐུབ་རང་མགོ་འཁོར། །ད་རེས་སྐྱིད་ཀྱི་ཉི་མ་ལ། །གེ་སར་རྒྱལ་པོའི་བཀའ་སློབ་ལ། །དང་ པོ་མི་ལུས་ལེན་ཉིན་མོ། །ཕ་ཁུངས་མ་ཉེ་མ་ཤེས་ན། །སྤྲེལ་རྒན་ནགས་མཐར་འཁྱམས་འདྲ་
ཟེར། །རིགས་རུས་མཐོ་དམན་མ་ཤེས་ན། །ལྐུག་པ་ཆང་གིས་བཟི་འདྲ་གསུངས། །རང་ས་
138
གཞན་ས་མ་ཤེས་ན། །རྒྱུས་མེད་ལམ་ནོར་འཁོར་འདྲ་གསུངས། །ལྷ་བདུད་གཉིས་ཀྱི་ཁྱད་པར་
དེ། །མི་ལུས་གཟུགས་ལ་ཁྱད་པར་མེད། །སེམས་ནག་ཞེ་ནག་ལས་ནག་གསུམ། །ནག་པོ་གསུམ་ དེ་གང་བྱས་ལ། །ལས་འབྲས་ངན་པ་རང་ལ་འཁོར། །སྐྱེ་ངན་ལུས་ངན་རང་ལ་འཁོར། །སྡིག་ པར་དགའ་ཞིང་དགེ་བ་བརྗེད། །ཕྲག་དོག་དགའ་ཞིང་བྱམས་སེམས་བརྗེད། །སྲོག་གཅོད་
དགའ་ཞིང་སྙིང་རྗེ་བརྗེད། །ལས་འབྲས་ངན་པས་བདུད་ལུས་བླངས། །དེ་ཚོ་རྒྱལ་པོའི་བཀའ་
གསུང་རེད། །རྒྱལ་པོ་སྟག་རྩེ་གཡུལ་རྒྱལ་ལགས། །གེ་སར་ལྷ་ཡི་བླ་མ་ཡིན། །གསོལ་བ་སྙིང་ གི་རྒྱུད་ནས་ཐོབ། །དད་པ་བྱས་ན་བསླུ་བ་མེད། །སྨོན་ལམ་བརྒྱབ་ན་ངན་སོང་མེད། །ཁ་ཏོན་
བྱས་ན་ལམ་ནོར་མེད། །ཆོས་གྲུབ་ཞུས་པ་སེམས་ལ་ཞོག །དེ་ནས་སྐྱེས་བུ་ལྷ་ཡི་སྲས། །ཨ་
ཁུ་སྟག་རྩེ་གཡུལ་རྒྱལ་དེ། །ངན་སོང་སྐྱེ་སྒོ་གཅོད་རོགས་མཛོད། །དུད་འགྲོའི་ལུས་ལ་མ་
ལུས་པའི། །བཀོལ་སྤྱོད་སྡུག་བསྔལ་སེལ་བར་མཛོད། །ཡི་དྭགས་ལུས་ལ་མི་འགྲོ་བའི། །མུ་
གེའི་སྒྲིབ་པ་སྦྱངས་པར་ཤོག །ཉ་སྦལ་ལུས་ལ་མི་འགྲོ་བའི། །ཆགས་པའི་སྒྲིབ་པ་སྦྱངས་པར་
ཤོག །ཚ་གཟེར་སྡུག་བསྔལ་དག་པར་ཤོག །ལྷ་མ་ཡིན་ལ་མ་སྐྱེ་ཤོག །འཐབ་རྩོད་སྡུག་བསྔལ་ དག་པར་ཤོག །འཇིག་རྟེན་འཁོར་བ་སྡུག་གི་གཞི། །དག་ཞིང་ཆོས་ཉིད་དཀའ་མོ་ཡིན། །པོ་ཏ་ ལ་ཡི་གནས་མཆོག་ན། །ཐུགས་སེམས་ཆོས་སྐུ་འཁྲུངས་པར་ཤོག །རྒྱལ་པོ་སེང་ཆེན་བླ་མ་
ལགས། །ཐུགས་དགོངས་བྱིན་རླབས་བདུད་རྩི་ཡིས། །བྱང་ཡུལ་བདེ་ལ་བཀོད་པར་ཤོག །ན་
བུན་སྡིག་པའི་མུན་གླིང་འདི། །འཇའ་ཚོན་འོ ད་མདངས་གསལ་བར་ཤོག །ཞེ་སྡང་སྦྲུལ་གྱི་དུག་ རྩྭ་འདི། །བཟང་དྲུག་སྨན་ལ་འགྱུར་བར་ཤོག །ཆོས་གྲུབ་བསམ་དཀར་སྙིང་གཏམ་ཡིན། །དགེ་ བས་ཕྱོགས་བཞིར་ཁྱབ་པར་ཤོག །སྡིག་པའི་མུན་པ་ཡལ་བར་ཤོག །གང་འགྲོ་རང་དབང་ཆེ་
བར་ཤོག །ཅེས་བྱེ་རིའི་ཡུལ་མི་ཀུན་གྱི་གོ་བའི་རང་སྐད་ཀྱིས་བསམ་དཀར་བློ་དཀར་གྱི་སྨོན་ ལམ་གསོལ་འདེབས་ཀྱི་གླུ་དེ་ལྟར་ཞིག་བླངས་པར། བྱང་བྱེ་རི་ཡུལ་གྱི་འབངས་སྡེ་མགོ་སྟོད་
རྣ་བ་ཡོད་ཚད། བྲང་ཁོག་སེམས་ལ་དྲན་ཚད་ཀྱིས། ཡ། ད་ཆོས་གྲུབ་ཉི་མ་དེ་ཡིས་མགོ་འདྲེན་
འདྲ་ཡོང་ཤས་ཆེ། དུས་རྟག་ཏུ་དགེ་སློང་ལ་དད་པ་ཆེ། བརྒྱ་ཡར་འགྲོར་བསྟུན་མཁས། སྟོང་མར་ ཡོང་ལ་འགྲོགས་ཆེ་བསམས་ནས་དགའ་མགུ་ཡི་རང་གིས་བསྡད་པར། བྱེ་རི་སྟག་རྩེ་གཡུལ་
139
རྒྱལ་དེ་བདུད་ཀྱི་བུ་དངོས་ཡིན་པས། ཕྱི་དབུགས་ཆད་ནས་ནང་དབུགས་མཚམས་སུ་ཡོད་པས་ ན། ཁོ་ཡིས། ད་ཆོས་གྲུབ་ཁྱོད་ཀྱིས་ཟེར་བ་ལྟར། ང་སྐྱེ་ལུས་འདི་ལ་ཐར་ཐབས་ཤིག་མ་བྱུང་།
སངས་རྒྱས་ཀྱི་བསྟན་པ་ཟེར་ན་ཞེ་སྡང་གི་དུག་ཆུ་འཁོལ། མ་ཎི་ཁ་འདོན་ཟེར་ན་ཀླད་པ་འཁོར་ ལེ། ཆོས་སངས་རྒྱས་ཀྱི་ན་བཟའ་ཟེར་ན་མུན་པ་འཐིབས་པ་ལྟར་འགྲོ་བ་ཡིན། ཁྱོད་རྣམས་ལ་ ངས་ཆགས་ཞེན་འཛིན་པ་གཅིག་ཀྱང་མེད། ད་ང་ནི་སྟོད་གཟེར་སྨད་ལ་འཁྱུགས། སྨད་གཟེར་ སྟོད་ལ་འཁྱུགས། ན་གཟེར་བཟོད་སྒོམ་བྲལ་བར་འདུག་པས། ན་གཟེར་ཚ་གསུམ་མེད་པར་ཤི་
མྱུར་བ་ཞིག་ཅིས་དྲག་ཟེར་བས། རྒྱལ་པོ་སེང་ཆེན་གྱིས། ཁྱོད་ཀྱིས་སྨོན་ལམ་གསལ་པོ་ཞིག་ བཏབ་ན། དག་པའི་ཞིང་དུ་འདྲེན་པར་ཐེ་ཚོམ་མེད་ཅེས་བཀའ་བསྩལ་བར། ཁོ་ཡིས། མ་ཎི་
ཡིག་དྲུག་ཟེར་བ་ངས་མི་ཤེས། ད་དེ་རིང་ངས་མ་ཎི་ཞིག་ཨེ་ཤེས་བལྟ་ཟེར་ནས་ལུས་ཧྲིངས་
པོར་གྱུར་བའི་དུས། རྒྱལ་པོ་གེ་སར་གྱི་འཕོ་བ་གདམས་ངག་གི་ཕཊ་སྒྲ་ལན་གསུམ་བསྒྲགས་ པས། ཁོ་ཡི་རྣམ་ཤེས་དེ་ཤར་ཕྱོགས་པོ་ཏ་ལ་ཡི་ཞིང་ཁམས་སུ་ཕོ་ལུས་ཞིག་ལ་མངགས་ཐུབ།
དེ་ནས་གླིང་གི་རྒྱལ་བློན་ཕ་ཁུ་ཕུ་ནུ་རྣམས་ཀྱི་མཁར་གྱི་ཕྱོགས་བཞི་མཚམས་བརྒྱད། སྟེང་འོག་ བར་གསུམ་ལ་སངས་རྒྱས་བསྟན་པའི་དར་ལྕོག གདུགས་དང་རྒྱལ་མཚན། བ་དན་སོགས་ ཀྱིས་བརྒྱན། ཁྲུས་གསོལ་རབ་གནས་མཛད། བདུད་ཀྱི་བེམ་རོ་དེའི་ཤ་ལུས་སྦྱིན་པའི་ཚུལ་
མཛད་ནས་དགྲ་ལྷ་གཅན་གཟན་གྱི་ཚོགས་ལ་དམར་མཆོད་ཕུལ། བདུད་ཀྱི་ཕ་མཁར་ནང་གི་
མཛོད་ཆེན་དགུ་བཅུ་གོ་གསུམ་གྱི་ནོར་བུ་ཡོད་ཚད་ལ་ཁྲུས་གསོལ་རབ་གནས་ཉིན་ཞག་བཅོ་
ལྔ་བྱས། དེ་ནས་མདུན་གྲལ་གྲལ་གྱི་གྲལ་མགོ ཕྱིང་གདན་དཀར་པོའི་ཡང་སྟེང་ནས་བློན་ཆེན་
ཨ་རྒྱལ་དེས་ཁ་འདར་ཁོལ་མོ་འབུད་འབུད། ལུས་འདར་ཤིང་ལོ་དཀྲུག་དཀྲུག ཉྭ་མཇུག་ཨོ་ཡོ་ ཟུག་ཟུག མིད་པ་མཆིལ་མས་བརྣངས། དར་དཀར་པོ་ཡུག་གཅིག་རྒྱལ་པོ་སེང་ཆེན་གྱི་བདུན་ དུ་ཕུལ་ནས་དགྱེད་དགྱེད་དགྱེད་ལ་ཕྱག་གསུམ་འཚལ། དགུར་དགུར་དགུར་ལ་ཕྱག་གསུམ་ འཚལ། དགྱེད་མ་དགུར་ལ་ཕྱག་གསུམ་འཚལ། ཚེ་ད་ལྟ་འདས་དང་མ་འོངས་དུས་གསུམ་གྱི་
སྡིག་སྒྲིབ་རྐྱེན་ངན། བར་ཆད་ཐམས་ཅད་ཞི་བའི་སྨོན་ལམ་བཏབ། གསེར་གྱི་ཀ་ཏོ་ར་ཞིག་གི་
ནང་དུ་དགོས་འདོད་ནོར་བུ་མེ་ཤེལ། ཆུ་ཤེལ། ནོར་བུ་དགའ་འཕེལ་ཡར་འཁྱིལ། ཨིནྡྲ་ནཱི་ལ་
140
བཅས་པ་རྒྱལ་པོར་ཕུལ་ནས་ཡུགས་སར་ལུས་པའི་བཙུན་མོ་དང་དྭ་ཕྲུག་ཏུ་ལུས་པའི་སྲས་པོ་ དང་སྲས་མོ་བཅས་ཀྱི་སྐྱིད་སྡུག་ཡག་ཉེས། ཉམ་ཆུང་གི་མགོན་སྐྱབས་ཞུ་བའི་གླུ་འདི་ཐལ་མོ་ མཉམ་སྦྱར་གྱི་རྟ་ལ་དྲངས་ནས་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་བསེར་གཅིག་ནམ་མཁའ་སྟོང་པའི་གླུ། །གསལ་ཉི་མ་ལྟ་
བུར་མཁའ་ནས་ཚེས། །གསལ་གསལ་གླིང་བཞི་འོ ད་ཀྱིས་ཁྱབ། །འགྲོ་དོན་ཆོས་ཉིད་དག་
པའི་དབྱིངས། །ཁམས་གསུམ་བདེ་འགྲོ་འཐོབ་པར་ཤོག །བདུད་ཡུལ་ཆོས་ལ་བསྒྱུར་མཛད་
པས། །མཐོ་དམན་རབ་འབྲིང་མཉམ་པར་ཤོག །སྐྱིད་སྡུག་ཇུས་ཀྱི་ཡག་ཉེས་དེ། །རྗེ་བླ་མའི་ ཐུགས་ཀྱིས་མཁྱེན་པར་ཤོག །གླུ་བསེར་གཉིས་སྦྲང་ཆར་འབབ་པའི་གླུ། །གནམ་སྤྲིན་ཀློང་
འཚུབས་པའི་དོན་སྙིང་ལ། །ཆར་སིལ་མས་ལུང་པ་ཁེངས་པའི་དུས། །རྩྭ་རྩི་ཤིང་མེ་ཏོག་འབྲས་བུ་ འཁྲུངས། །མ་སྐྱེ་འགྲོ་གཅན་གཟན་བྱ་རིགས་དང་། །རྐང་གཉིས་མི་སོགས་ཤ་ཁྲག་རུས། །སྐྱིད་ བདེ་བ་ཅན་ལ་འཁོད་པར་ཤོག །བར་ཆད་སེར་བས་མ་བཅོམ་ཞིག །ཚ་གྲང་ཉི་མས་མ་འཚིག་ ཅིག །དགུན་བསེར་བ་མོས་མ་འཁྱགས་ཤིག །གླུ་བསེར་གསུམ་ཆུ་ཆེན་འབབ་པའི་གླུ། །ཆུ་
ཕུ་ནས་མདོ་ལ་རྒྱུག་པའི་དུས། །ས་རི་ལུང་འུར་གྱིས་ཁེངས་ནའང་། །དམའ་རྒྱ་ཟམ་སྐེད་པ་མ་
གཅོད་ཅིག །རྐང་སྡེར་བཞི་གངས་དཀར་འཁྱགས་ལ་ཤོར། །སྟག་དམར་ཡག་ངར་ཚོད་མ་ཟིན་ དུས། །ལུས་འཛུམ་དྲུག་སག་མདའི་ངར་ལ་ཤོར། །རྗེ་རྒྱལ་པོ་རང་ཚོད་མ་ཟིན་དུས། །ཇུས་གྲུ་
བཞི་བསེར་མ་རླུང་གིས་ཁྱེར། །དེ་ཡིན་ལེ་རྒྱལ་ཁམས་ཀུན་གྱིས་ཤེས། །དང་པོ་དོན་གྱི་ཐོག་
མ་ལ། །ལྷ་བླ་མའི་བློ་ཁ་གྲྭ་པས་བསྒྱུར། །ཆོས་བྱམས་སྐྱོང་མེད་པར་དམ་ཚིག་འཁྲུགས། །གོང་ དཔོན་པོའི་བློ་ཁ་བློན་པོས་བསྒྱུར། །སྡེ་མི་སྡེ་ཡོས་ཁྲ་འགམ་འགམ་བྱེད། །ཁྱིམ་བུ་ཚའི་བློ་ཁ་ མནའ་མས་བསྒྱུར། །དྲིན་ཕ་མ་མུ་གེས་མཐའ་ནས་བསྐོར། །དཔེ་དེ་འདྲའི་ལས་དེ་བྱུང་ནས་
ཐལ། །རྗེ་རྒྱལ་པོའི་བློན་པོ་སྙན་གྲགས་ཅན། །ཨ་བསེ་གཡུ་ཡག་དེ་དང་གཅིག །བྱ་ནག་ཁྱུང་ ཚ་དེ་དང་གཉིས། །སེང་ཕྲུག་ཐོག་ལྷ་དེ་དང་གསུམ། །ཡ་མེད་གནམ་ལྷ་དེ་དང་བཞི། །ཤི་ ལོག་འཕྲུལ་བུ་དེ་དང་ལྔ། །བཙན་བདུད་ལག་དམར་དེ་དང་དྲུག །རླུང་ནག་ཡ་མེད་དེ་དང་
བདུན། །བྱ་ནག་གཤོག་རིང་དེ་དང་བརྒྱད། །ཀླུ་རྗེ་བཙན་ནག་དེ་དང་དགུ། །ངན་པ་བློན་ཆེན་
141
དགུ་པོ་དེ། །གཡོ་སྒྱུ་ཉི་མའི་དྲོ་གྲང་འདྲ། །སྔ་དྲོ་དྲོ་ཞིང་ཕྱི་དྲོ་གྲང་། །སྔར་ལས་རི་མགོའི་ཁ་
བ་འདྲ། །དགུན་ལ་ཡོད་ཀྱང་དབྱར་ལ་མེད། །མུ་སྟེགས་ཆོས་དེ་ཚུར་ལ་བསྒྲུབས། །སངས་
རྒྱས་ཆོས་ལ་ཞེན་པ་ལོག །ཞྭ་སེར་བསྟན་བདག་གོ་བའི་དུས། །མཆིལ་ལུད་གཡུག་ཅིང་རྡོག་
ཐོ་རྒྱག །གླིང་དཀར་གེ་སར་གོ་བའི་དུས། །སོ་སྒྲ་སྒྲོག་ཅིང་མིག་ལོག་ལྟ། །རྒྱ་གར་ཆོས་ཁྲིམས་ གོ་བའི་དུས། །དཔུང་པ་འཕུར་ནས་རྐན་སྒྲ་སྒྲོག །ཕར་ཤོད་གཏམ་ལ་ཁ་རྩེད་མེད། །དོན་མེད་
གཏམ་ལ་རྩོད་པ་མང་། །རྒྱལ་ཁམས་ཀུན་དེ་དགྲ་ལ་བཟུང་། །ཆོས་གྲུབ་ཉི་མ་གྲགས་པ་དེ། །ཕོ་ རང་ཚོད་རང་གིས་བཟུང་བའི་བུ། །བུ་རང་མགོ་ཐོན་ན་རང་བཙན་ཡིན། །ཕུ་དགྲ་མདའ་དགྲ་མ་
ཡོད་ན། །ཕ་མཁར་བཙན་ལ་ཕ་གཞིས་རྒྱས། །ཕོ་རབ་ཟེར་ན་དེ་ལ་ཟེར། །དེ་མིན་བྱེ་རིའི་རྒྱལ་ བློན་ལ། །ཁོག་པའི་ནང་ལ་ཤེས་པ་དང་། །ངོ་ཚ་ཞེ་ཁྲེལ་ཅུང་ཙམ་མེད། །ཁྲམ་པ་ཁྲམ་མ་ཐུག་ འདྲ་དང་། །ཐང་དཀར་རྟ་རོར་འཁོར་འདྲ་རེད། །ཤ་རིག་དུས་ཧམ་པ་ཤ་རྔམ་བྱེད། །བདུད་ནག་
པོས་མི་ཟས་མི་གོས་གྱོན། །ཡུལ་གྲུ་བཞིར་ཁ་མཁས་སྟོང་གཏམ་བྱེད། །རྒྱུ་རིག་དུས་མི་སྲོག་ ཕངས་མེད་གཅོད། །བདུད་ནག་པོའི་མི་ལ་ཡག་ཤེས་མེད། །དེ་ནས་རྒྱལ་པོ་རིན་པོ་ཆེ། །ང་ རྒད་པོའི་ཞུ་བའི་གཏམ་དོན་ལ། །སྲས་ཆུང་གླིང་རུའི་ལག་ལ་ཚུད། །ཤི་གསོན་ཅི་བྱེད་ཁྱེད་
རྣམས་མཁྱེན། །བཙུན་མོ་ཤེལ་དཀར་གཡུ་སྐྱིད་དང་། །སྲས་མོ་ཨ་སྐྱིད་ལྷ་མོ་གཉིས། །སྲས་ མོ་ནོར་བུ་ལྷ་སྒྲོན་གསུམ། །བུད་མེད་ཡུགས་ས་མ་བུ་གསུམ། །གནམ་ལ་རླུང་བསེར་འཁོར་
བའི་དུས། །འུར་སྒྲ་རི་ལ་འཁོར་བསམ་ཡོད། །ཆུ་ལ་རྦ་རླབས་གཡོ་བའི་དུས། །ཉ་ཆུང་སྟེང་ལ་
འཁྱུག་བསམ་ཡོད། །ཡུལ་ལ་བདེ་སྐྱིད་བྱུང་ནའང་། །བུད་མེད་མགོ་འདོན་བྱེད་མི་དཀོན། །རིན་ ཆེན་སྲོག་གི་སྲོག་སྐྱོབ་དང་། །མི་ཚེ་གཅིག་གི་སྐྱིད་སྡུག་གཉིས། །སྡིག་པ་སྤངས་ནས་དགེ་བ་
བསྒྲུབ། །དེ་གསུམ་ངན་པ་བཟང་འགྱུར་དེ། །གླིང་དཀར་རྒྱལ་པོས་ཐུགས་རྗེས་གཟིགས། །སེར་ པོ་གསེར་དང་ཁམ་པ་དངུལ། །དཀར་པོ་དར་ལ་དགུ་འབུལ་སོགས། །ཆེ་འབུལ་རྒྱུ་ཞིག་མ་ཡིན་ ཏེ། །གཏེར་ཟོག་ནོར་བུ་ཆ་བདུན་ཡོད། །རྒྱལ་རབས་གསུམ་གྱི་ནོར་རྫས་ཡིན། །དེ་རིང་སེང་ ཆེན་རྒྱལ་པོར་འབུལ། །འབངས་སྡེ་སྐྱོབ་པའི་སྐྱབས་ཞུ་ཡིན། །སྐྱབས་གནས་རེ་བ་ཁྱེད་ལ་
ཞུ། །གླུ་གསན་ན་རྣ་བའི་བདུད་རྩི་ལ། །འཁྲུལ་བར་སོང་ན་བཟོད་པར་མཛོད། །ཅེས་ནོར་རྫས་
142
དར་དཀར་གསེར་དངུལ་སོགས་པ་རྒྱལ་པོའི་མདུན་དུ་ཕུལ། ཕྱི་ནུད་བྱས་ནས་གྲལ་འདབས་སུ་ སྒུར་སྒུར་བྱས་ནས་བསྡད། བཙུན་མོ་མ་བུ་རྣམས་ཀྱང་མིག་ཆུ་དང་ཁ་ཆུ་སྣ་ཆུ་ཆད་མེད། སྐྲ་ལོ་ ནམ་མཁར་ཟིང་། སེམས་སྡུག་མུན་པ་རུབ་འདྲ་བྱས་ནས་བསྡད་པར། རྒྱལ་བློན་རྣམས་སུས་
ཀྱང་དེ་བྱེད་འདི་བྱེད་ཀྱི་བཀའ་གཅིག་ཀྱང་མ་གནང་བར་བཞུགས། ཉི་མ་དེའི་ཕྱི་ཉིན། བློན་ཆེན་ ཆོས་གྲུབ་དང་བྲམ་ཟེ་ཨ་རྒྱལ་གཉིས་རྒྱལ་པོའི་དྲུང་དུ་ཤོག་གསུངས་པར། བློན་ཆེན་གཉིས་རྒྱལ་ པོའི་དྲུང་དུ་བཅར་བས། རྒྱལ་པོས། ཡ། ཆོས་གྲུབ་ཉི་མ་དང་བྲམ་ཟེ་ཨ་རྒྱལ་ཁྱེད་གཉིས། ཁ་ ཡར་སྐོར་ལྷ་མིན་ལྷ་སྐད་གྲག ཁ་ཕར་སྐོར་འདྲེ་མིན་འདྲེ་སྐད་བརྒྱབ། ཌཱ་རུ་འདྲ་བའི་ངོ་གཉིས།
དུག་སྦྲུལ་འདྲ་བའི་ལྕེ་གཉིས། རྐུན་མ་འདྲ་བའི་བློ་གཉིས། གཞང་མ་འདྲ་བའི་བློ་གཉིས། ཁྱེད་ གཉིས་པོ་དེ་རིང་མཁོ་བའི་དུས་ཤིག་ཡིན་པས། ཡུལ་འདི་ལ་རྒྱུ་དང་ཟས་ནོར། ལ་དང་ལུང་
པ། །མཐོ་བའི་གངས་ཀྱི་སེངྒེ། དམའ་བ་ནགས་ཀྱི་གཅན་གཟན། བར་ལ་རི་དྭགས་བྱ་རིགས་
གནས་ཁུངས། ས་རྒྱུས་རི་རྒྱུས། བྱང་བྱེ་རི་ཡུལ་དུ་གཏེར་གྱི་ནོར་བུ་གང་ཡོད་ཁྱེད་གཉིས་ཀྱིས་ དྲང་པོར་ཤོད་དགོས་གསུངས་པར། བློན་རྒན་ཨ་རྒྱལ་དེས། འོ ་ལེགས་སོ་ཟེར་ཏེ་སྒུར་སྒུར་
ཕྱག་འབུལ་ལན་གསུམ་བྱས་ནས། མགོ་སྟོད་རྣ་བས་གོ་ཚུལ། ཁྲ་ཆུང་མིག་གིས་རིག་ཚུལ།
གངས་དཀར་སེམས་ཀྱིས་ཤེས་ཚུལ་ལ། ང་རྒྱལ་པོའི་བློན་པོ་ཡིན་པའི་དུས། ཡུལ་འདི་ཡི་ལྷོ་
ཤར་གྱི་མཚམས་སུ། རི་དམར་ལྗང་ཤིང་ནགས་ཀྱིས་ཁེངས་པར་གཅན་གཟན་འཁོར་ལེ། མདོ་
ལ་རྒྱ་ཞིང་འབྲུ་འབྲས་སྐྱེ་བའི་ཕུ་རྫ་ལུང་ལ་འབྲོང་འཁོར་བ། ཐང་གཞོང་ལ་རྐྱང་འཁོར་བ། ཡུལ་ རྩི་ཤིང་མེ་ཏོག་སྣ་ཚོགས་བཞད་པའི་ནོར་རི་བྱུར་ལྷ་དམར་པོ་ཟེར་བ་ཞིག་གི་ཁོག་ལ་གཏེར་
བདག་བྱི་བ་སྔོན་མོ་རྭ་ཅོ་འདོམ་པ་གང་ཡོད་པ་ཞིག་ཡོད་པས། དེ་ཡི་དངོས་གྲུབ་ཀྱིས་བྱང་བྱེ་
རིའི་རྒྱལ་ཁམས་འདི་ལ་མི་ཕྱུགས་ཟས་གསུམ་རྒྱས་ཤིང་དངོས་གྲུབ་རྒྱ་ཆེར་འཁོར་བའི་བཤད་ སྲོལ་ཡོད། འོན་ཏེ་ཞིབ་ཕྲ་གང་ཡོད་ང་ཡིས་མ་ཤེས་ཟེར། བློན་ཆོས་གྲུབ་དེས། མ་གོ་མ་ཤེས་ མ་རིག་ན། གཏམ་བཤད་ནས་དོན་རྩ་གཅིག་ཀྱང་མེད། གོ་ལེ་ཤེས་ལེ་གཟིགས་ལེ་གསུམ། ལྷ་
བླ་མའི་མདུན་ན་སྡིག་བཤགས་བྱེད། ཆོས་དགེ་བའི་ཉམས་ལེན་ཅི་ཐུབ་བྱེད། གོང་དཔོན་པོའི་ མདུན་ན་སྙིང་གཏམ་བཤད། འབངས་མི་སྡེ་མཐའ་ནས་གཅེས་སྐྱོང་བྱེད། དྲིན་ཕ་མའི་མདུན་ལ་
143
ཞབས་ཕྱི་ཞུ། རྒྱུ་ཟས་ནོར་ལོངས་སྤྱོད་ཅི་འཛོམས་བྱེད། ད་བསམ་པ་ཡར་ལ་བསྐོར། བལྟ་བ་ མར་ལ་སྤྱད་ནས་ཕན་པ་ཅི་ཡང་མེད། ཁ་གཅིག་ནང་གི་ལྕེ་གཉིས་མི་བྱེད། ང་ཡི་གོ་ཚུལ་དང་ ཤེས་ཚུལ་ལ། སྟག་རྩེ་གཡུལ་རྒྱལ་ངེད་གཉིས་ཕ་ཁུའི་འདུ་ཤེས་ཡོད། གཉེན་དང་ཉེ་བ་ཡིན།
ངེད་གཉིས་ཕ་མ་སྤུན་གྱི་བུ་རྒྱུད་ཡིན་ཡང་དཀར་ནག་མི་འདྲ་ཁག་ཁག་ཡིན། བསོད་ནམས་མི་
གཅིག་སོ་སོ་ཡིན། རི་བོ་གཅིག་གི་རྩི་ཤིང་ལ། རིང་ཐུང་མི་འདྲ་ཁག་ཁག་ཡིན་ཟེར་བའི་དཔེ་ ལྟར་ཡིན། སྔོན་ངེད་གཉིས་པོས་རྟ་དམག་བརྒྱ་སྐོར་ཞིག་ཁྲིད་ནས་བསང་གཏོང་བར་ཕྱིན་པས།
ངས་ཅུང་ཙམ་ཤེས་བྱུང་། བྱེ་རིའི་བྱུར་རྫོང་ཟེར་བ་དེ་མཁར་དང་ཁང་པ་མིན་པར། སྔོན་སངས་
རྒྱས་འགའ་ཡིས་ཀླུ་གཞི་བདག་ལ་བཀའ་མངགས་གནང་ནས་བྱུར་རྫོང་འདི་བཞིན་འབེབས་པའི་ དུས་ཤིག་ཡོད་པས་དེ་བར་དུ་བྱེ་རི་རྒྱལ་ཁབ་འདིར་རྒྱལ་ཁབ་མང་པོས་ཧམ་པ་བྱ་བས་ཁྱེད་ རྣམས་ཀྱིས་མགོན་སྐྱབས་དགོས་གསུངས་པའི་བཤད་སྲོལ་ཡོད། དེ་འདྲ་དང་མི་འདྲ། རེད་ དང་མ་རེད། སྐད་ཆ་ཁ་བཤད་ཁོག་གསང་ཡིན་མིན་ཁྱེད་རྣམས་ཀྱིས་གོ་བ་བཞེས་ཟེར་ནས་ རྒྱལ་པོའི་མདུན་དུ་དར་དཀར་པོ་ཡུག་ཆེན་ཞིག་ཕུལ།
རྒྱལ་པོ་སེང་ཆེན་གྱིས། ཡ། ཁོ་ཡིས་ཤེས་ཚོད་དྲན་ཚོད་ཁ་ཞེ་མེད་པར་བཤད་པ་ཡིན་
དགོངས་ནས་ཐུགས་རབ་ཏུ་དགྱེས་ནས། ད་བྱུར་རྫོང་དེ་ཁ་ཆག་སྣ་རལ་མེད་པ། མགོ་བོ་ཡར་
གཏད་ལྷ་ལ་གཏད། གོང་མ་ལྷ་ཡིས་མགོན་སྐྱབས་ཡོང་ལེ། སྐེད་པ་ཕར་གཏད་གཉན་ལ་གཏད། བར་མ་གཉན་གྱིས་མགོན་སྐྱབས་ཡོང་ལེ། རྩ་བ་མར་གཏད་ཀླུ་ལ་གཏད། འོག་མ་ཀླུ་ཡི་དངོས་ གྲུབ་ཡོང་ལེ། བློ་དང་རིག་པའི་གྲོས་མགོ་མཐུན་ལེ། སྒང་པ་བོད་ཀྱི་འགྲོ་དོན་འགྲུབ་ལེ། གླིང་
དཀར་སྟོད་པའི་ལས་དོན་འགྲུབ་ལེ། སངས་རྒྱས་བསྟན་པའི་དབུ་འཕང་མཐོ་ལེ། ཕྱི་རབས་བོད་ ལ་བཞག་པ་བཟང་ལེ། མ་སེམས་ཅན་རྣམས་ཀྱི་སྨོན་ལམ་འགྲུབ་ལེ། སྐྱེས་ཕོ་བརྒྱ་མོ་སྟོང་གི་
རྒྱན་ཆ་བཟང་ལེ། ཨ་གྲགས་ཡུལ་གྱི་གཟི་རྫོང་ཕབ། ད་བྱེ་རི་ཡུལ་གྱི་བྱུར་རྫོང་འབེབས་དགོས་ ལྷ་ཡི་ལུང་བསྟན་ཡིན། ང་ནི་སེམས་ཅན་སྡུག་བསྔལ་མྱ་ངན་གྱི་གནས་ནས་འདྲེན་འདོན་བྱེད་
པར་གོང་མ་ལྷ་ནས་བསྐོས། ལྷ་གོང་མས་ཅི་གསུངས་བཀའ་ལྟར་བསྒྲུབ་པ་ལ། གླིང་ཕ་ཁུ། ཕུ་
ནུ་རྣམས་ཀྱིས་མི་མཐུན་མི་ལོ་ཟེར་བ་གཅིག་ཀྱང་མེད། འོན་ཀྱང་རྟ་རྒྱུག་ཁར་ཡོབ་ལ་ནན་ནན་
144
དགོས། བརྒྱུགས་ཚར་ནས་བརྡབ་དཀྲུག་མེད་ལེ་དགོས། མདའ་འཕེན་ཁར་གཞུ་ལ་འཐེན་འཐེན་ དགོས། འཕངས་ཚར་ནས་འབེན་ལ་ཕོག་ལེ་དགོས། གཏམ་ཤོད་ཁར་བློ་ཆ་ལན་གསུམ་བསྐོར།
བཤད་ཚར་ནས་འགྱོད་པ་མེད་ལེ་དགོས། གཏེར་གྱི་སྒོ་མོ་དེ་འབྱེད་པར་གང་བྱུང་མི་ཡིས་ཡོང་
ལེ་མེད། གླིང་དཀར་གྱི་རྒྱལ་བློན་རྣམས། ལྷ་གོང་མའི་བསྐོས་ཐང་འདྲ་ལེ། བློ་དང་རིག་པ་གསལ་ ལེ། ཆ་དང་ཤེས་པ་ཆེ་ལེ། དྲན་དང་བློ་རྩེ་རྣོ་བའི་ལྷ་རྒྱུད་འདྲ་འདྲ་ཡིན་ནའང་རྟ་རྒན་རྒྱུག་ལ་
མཁས། མི་རྒན་ཇུས་ལ་མཁས་ཟེར་བས། ད་རེས་རྒན་རབས་རྣམས་མ་བྱོན་ན་མི་ཡོང་། གཏེར་ གྱི་དངོས་གྲུབ་དེ་ལྟ་བུ་ལེན་པར། ལས་ཅི་མ་ཡིན་ཞིག་གིས་ག་ལ་ཡོང་། དེ་ལ་ཁ་ཆག་སྣ་རལ།
གཡང་ཤོར། ལྷ་འཁྲུགས་གཡང་འཁྲུགས་མ་ཡོང་བ་ཞིག་དགོས། གླིང་ཕ་ཁུས་ང་འགྲོ་དང་བླ་ མས་ངས་ཤེས། ཕོ་གསར་གྱིས་ངས་འཐབ་ཟེར་བ་བཞིན་བྱས་ན་མི་ཡོང་བསམས་ནས། ཡ།
ད་གནངས་ཉིན་ལྷ་ཉིན་དཀར་པོ་ཡིན་པས། གླིང་གི་བླ་མ། ཕ་ཁུ། དཔའ་བརྟུལ་རྣམས། བྱུར་
རབ་བྱི་བའི་རྭ་ཅོ། བྱུར་འབྲིང་བྲག་གི་སྡོང་པོ། བྱུར་ཐ་མཚོ་ཁའི་མེ་ཏོག་ཡོད་པའི་བྱུར་གཡང་
མ་ཉམས་པར་ལེན་དགོས་པའི་དུས་བབས། ལྷ་ཡི་ལུང་བསྟན་ཨེ་འདྲ་ཡོད་གསུངས་ནས་ཁྲོམ་ ཆེན་ཟིལ་གནོན་གྱི་གླུ་གསུངས་པར་གདའ་འོ །། །།
145
ལེའུ་བཅུ་གཉིས་པ། ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ལ་མོ་ཨ་ལ་རེད། །ཆོས་གྲུབ་ཉི་མས་ཟེར་བ་བཞིན། །སྟག་
རྩེ་གཡུལ་རྒྱལ་བདུད་རྗེ་ལ། །དཔའ་གཏམ་བཙན་གཏམ་ཁ་རྒོད་ཆེ། །དོན་དམ་རྟེན་འབྲེལ་ལོག་ ལྟ་ཅན། །ཡི་དྭགས་ཁ་ལ་མེ་འབར་དེ། །རྒྱ་མཚོའི་ནོར་བུ་སེམས་ལ་ཉར། །སྐོམས་ནས་མེ་ལྕེ་
ཁོག་ལ་འབར། །ཆུ་ཐིགས་ཙམ་གྱི་རེ་བ་མེད། །ལྟོགས་ན་རླུང་བསེར་ཁ་ལ་རྔུབ། །ཕོ་བ་རྒྱགས་ པའི་རེ་བ་མེད། །འཁྱགས་ནས་ལུས་པོ་ཤ་སྐམ་སོང་། །གོས་ལྷན་པ་ཙམ་གྱི་རེ་བ་མེད། །སྡུག་ ནས་མུན་པའི་གནས་ལ་ལྷུང་། །གསལ་དཀར་ཁུང་ཙམ་གྱི་རེ་བ་མེད། །ལས་དེ་འདྲ་འཁོར་
བའི་བདུད་རྒྱལ་ཁོའི། །རི་ལ་ཡོད་པའི་གཏེར་རྫོང་དེ། །ཁོ་ལ་མ་དབང་གཞན་ལ་དབང་། །དཔེ་ དང་འདྲ་མ་ཨེ་འདྲ་གདའ། །བསོད་ནམས་རི་བོའི་རྩེ་ལ་ཡོད། །ལག་གཡུག་བྱས་ནས་ཡོང་ས་
མེད། །བསོད་ནམས་ལས་ཀྱིས་མ་བསྐོས་ན། །ཕོ་ང་འདྲ་བསམས་དང་མ་བསམས་མེད། །རྐང་ ཆུང་འགྲོ་སྡོད་མ་བདེ་ན། །ལག་པ་གཡུགས་དང་མ་གཡུགས་མེད། །དབང་ཐང་རང་ལ་མ་ཡོད་
ན། །དཔའ་གཏམ་བཤད་དང་མ་བཤད་མེད། །བདུད་ཀྱི་རྒྱལ་པོ་སྟོབས་ཆེན་དེར། །རྒྱུ་ནོར་གཏེར་ ཁ་ཡོད་ནའང་། །དབང་བ་ཁྲ་མོ་གླིང་ལ་དབང་། །ང་གེ་སར་གཏེར་གྱི་ལྡེ་མིག་ཡིན། །གཏེར་
ཁ་ལྷ་ཡི་དངོས་གྲུབ་ཡིན། །གཉན་གཏེར་གཉན་གྱི་གསོལ་རས་ཡིན། །ཀླུ་གཏེར་ཀླུ་ཡི་འབུལ་
བ་ཡིན། །གཏེར་རྫས་བོད་ལ་ཅི་མཁོ་དེ། །གེ་སར་ང་ལ་དབང་བས་ཟེར། །ངས་ཅུང་ཞིག་གླིང་
དཀར་སྟོད་ལ་འཁྱེར། །ཕྱི་རབས་བོད་ལ་བཞག་པ་ཡིན། །ཅུང་ཞིག་རི་བོའི་ཁོག་ལ་འཇོག །ས་ བཅུད་ཆུ་བཅུད་འཛོམས་ཆེད་ཡིན། །སྒང་པ་བོད་ཀྱི་ས་ཆ་ལ། །ལྷ་འདྲེ་གདོན་འདྲེ་གང་ཡོད་
དེ། །གར་བཞག་གཏེར་གྱི་སྒོ་སྲུང་ཡིན། །བྱེ་རི་ཡུལ་གྱི་བྱུར་གཏེར་དེ། །རི་པདྨ་ར་གའི་མདོག་ ཅན་ལ། །དེ་ལ་སྨུག་ཞག་འཁྲིགས་པའི་རི། །ཆོས་གྲུབ་ཟེར་བ་དེ་རང་རེད། །ལྷོ་ཤར་གཉིས་ཀྱི་ མཚམས་སུ་ཡོད། །བྱུ་རུའི་གཏེར་སྒོ་མ་ཕྱེ་ན། །བོད་ལ་བྱུ་རུའི་ཞགས་་པ་མེད། །གླིང་གི་ལས་
དོན་འགྲུབ་ལེ་མེད། །ལྷ་གོང་མའི་བཀའ་དང་འགལ་ལེ་ཡིན། །བྱུར་རབ་བྱི་བའི་རྭ་ཅོ་དེ། །ཆག་
ཉམས་མེད་པར་གཏེར་ལ་འཇོག །སྒང་པ་བོད་ཀྱི་གཡང་རྫས་ཡིན། །བྱུར་འབྲིང་བྲག་གི་སྡོང་པོ་
146
དེ། །ལྷ་བླ་མ་རྣམས་ཀྱི་ཚོགས་རྫས་ཡིན། །བོད་ཀྱི་གཞི་བདག་རྣམས་ལ་འབུལ། །ཕྱི་རབས་བྱུར་ རྒྱུད་མི་ཆད་པའི། །དངོས་གྲུབ་ཡོང་བའི་རྟེན་འབྲེལ་ཡིན། །བྱུར་ཐ་མགོ་ནག་མི་ཡི་རྒྱན། །རང་
རང་གང་འདོད་མཛེས་རྒྱན་དེ། །ཅི་འདོད་བྱུ་རུས་ཁེངས་པར་བྱ། །གཏེར་སྒོ་འབྱེད་པའི་དང་པོ་ ལ། །བླ་མ་རྣམ་གསུམ་གཙོ་མཛད་པའི། །ཨ་ཁུ་ཁྲོ་རྒྱལ་དེ་དང་གཅིག །སྒ་སྡེ་ཆོས་སྐྱོང་དེ་དང་ གཉིས། །གསེར་པའི་ལྷ་བུ་དར་རྒྱས་གསུམ། །དགོས་འདོད་གཏེར་གྱི་ཡ་བདག་དགོས། །དེ་ ནས་གླིང་གི་དཔའ་བརྟུལ་ལ། །ཁྲ་གླག་སྤྱང་གསུམ་མ་འཛོམས་ན། །གཏེར་གྱི་སྒོ་མོ་འབྱེད་
ཐབས་མེད། །ཡང་ཐུལ་དམ་པ་མི་བདུན་དེ། །ནོར་བདག་གཏེར་གྱི་བདག་པོ་ཡིན། །དུས་ལ་
བབས་ནས་བསྐོས་ལེ་ཡིན། །གནངས་ཉིན་ལྷ་ཉིན་དཀར་པོ་ལ། །བྱུ་རུའི་གཏེར་རྫོང་འབེབས་
རྒྱུ་གྱིས། །གདུག་པའི་སྒོ་སྲུང་བདུད་ཀྱི་ལྷ། །དྲག་པོའི་མཐུ་ཡིས་འདུལ་རྒྱུ་གྱིས། །ཞི་བའི་དམ་ བཅའ་འཇོག་རྒྱུ་གྱིས། །གླུ་གོ་ན་གླིང་རུའི་ཐུགས་ལ་ཞོག །མ་གོ་གླུ་ལ་འགྲེལ་པ་མེད། །ཅེས་ གསུངས་པར། གླིང་གི་བླ་མ། མི་དཔོན། ཕ་ཁུ། དཔའ་བརྟུལ་ཚང་མས་རྒྱལ་པོའི་གསུང་ལ་
མངོན་པར་བསྟོད། ཉི་མ་དེ་ཡི་ཕྱི་ནངས་འགྲོ་གྲབས་ལེགས་པར་བསྒྲིགས། དེའི་ཕྱི་ནངས་ནམ་ མཁའ་མ་ལངས་ཙམ་གྱི་དུས་རྒྱལ་པོའི་བཀའ་ལྟར་ལྷོ་ཤར་གྱི་ཕྱོགས་སུ་གཏད་ནས་བྱོན་པས།
ཉི་མ་རི་རྩེར་ཕོག་པ་དང་ལྷ་རི་པདྨ་ཐང་ལ་འབྱོར། དེ་ནས་ཁོང་རྣམས་རི་བོའི་ཕྲེད་ལམ་ནས་ཉི་ མ་ཤར་ངོས་ལ་ཞལ་བསྒྱུར་ནས་བྱོན། རི་པདྨ་རཱ་གའི་མདོག་ཅན། བྱ་རིགས་སྐད་སྙན་འགྱུར་
སའི་ཡུལ་དེར་རྩེབས་ནས་དབུ་ངལ་ཅུང་གསོས་ནས་བཞུགས་པར། བདུད་ཀྱི་ལྷ་སྲུང་རྣམས་
ཀྱིས་ཕྲག་དོག་ཀོ་ལོང་བྱས་ནས། གཅན་གཟན་ངར་སྒྲ་ལྡིར་རེ། མི་རྒོད་ཀི་སྒྲ་འུར་རེ། སྤྲ་སྤྲེལ་
ཧབ་དགོད་ཉིལ་ལེ། རྣ་བ་འོན་ཨེ་སོང་བསམ་པ་ཞིག་བྱུང་བར། དར་རྗེ་སེང་སྟག་དེས་ལྷ་བསང་ དཀར་པོ་ནམ་མཁའ་བསྒྲིབས་འདྲ་ཞིག་བཏང་ནས་ལྷ་ཀླུ་གཉན་གསུམ་ལ་སྐུལ་མ་མཛད་པས།
ནམ་མཁའ་སྤྲིན་གྱི་གཞལ་ཡས་ནས་འཇའ་འོ ད་ཀྱི་གུར་ཁང་ཕུབ། མེ་ཏོག་གི་ཆར་པ་བབ། རྔ་ དང་རོལ་མོ། དུང་དང་རྒྱ་གླིང་གི་སྒྲ་དབྱངས་ཀྱིས་བར་སྣང་ཁེངས། འཇའ་དཀར་སེར་དམར་ ལྗང་གི་སྟེང་ནས་དགྲ་ལྷ་ཝེར་མ། ཆོས་སྐྱོང་སྲུང་མའི་ཚོགས་རྣམས་རུ་དར་སྤུངས་སེ། དར་
ཚོན་ཁྲིགས་སེ། གཤོག་སྒྲ་དིར་རེ། འོད་ཆེམ་ཆེམ་མེ་དེར་ཡོད་ཚང་མས་མཇལ་རྒྱུ་བྱུང་བ་དང་
147
གླིང་པ་རྣམས་ཀྱིས་བསང་དང་གསེར་སྐྱེམས་ཕུལ་ནས་བཞུགས་པའི་དུས། རི་གཤམ་གྱི་མཚོ་
དེ་ནས་མི་དཀར་པོ་དང་སེར་པོ། དམར་པོ། ནག་པོ། ལྗང་ཁུ་བཅས་མང་དག་ཞིག་སྐྲ་རལ་བའི་ རྩེ་ལ་རླུང་གཡབ་རེ་ཁྱེར། ལག་ན་གཤིན་རྗེའི་ཞགས་པ་རེ་ཁྱེར། འོག་ན་བྱ་ཆེན་རི་རབ་ཙམ་ རེ་བཞོན་ནས་གླིང་རུའི་ཐད་དུ་ལྡིང་བྱུང་བར། གླིང་པ་རྣམས་ཀྱིས་དེ་ལྟ་བུ་ལྷ་ཀླུ་གཉན་གསུམ་ གང་གི་ཆོ་འཕྲུལ་ཡིན་ནམ་དགོངས་ནས་དགྲ་གཉེན་ཅི་ཡིན་མ་ཤེས་པར་བཞུགས་པས། མཚོ་
བདུད་སྲིན་པོ་ནག་པོ་སྤྲིན་ནག་གོས་ལྷམ་ཅན་དེས་དུག་རླངས་འཁྲིགས། དུག་སྦྲུལ་ནག་པོ་དང་
བྱ་ནག ཁྱི་ནག་མང་པོས་མཐའ་ནས་བསྐོར་ཏེ་འུར་དིར་རེར་གླིང་རུའི་སྟེང་དུ་མཆོངས་བྱུང་བས་ ན། དཔའ་བརྟུལ་རྣམས་ཀྱིས་སྟོང་མཇུག་མེད་པར་མི་རེས་མདའ་རེ་འཕངས་པས། དེ་དག་ གཡས་འགྱེལ་གཡོན་འགྱེལ་དུ་བཏང་ནས་ལུང་པ་དེ་གཞོབ་དྲིས་ཁེངས་ཤིང་ངུ་འབོད་ཀྱིས་
ཁེངས་པ་ཞིག་བྱུང་། དེ་ནས་འཛམ་གླིང་སེང་ཆེན་རྒྱལ་པོ་དེ་ཡིས་ལྷ་མདའ་དཀར་མོ་དུང་གི་
མདའ་མིག་ཅན་དེ་ལྷ་གཞུ་ངང་དཀར་འགུགས་ཆེན་གྱི་ནང་དུ་བཞག་སྟེ། བྲག་དཀར་པོ་ཤེལ་
གྱི་རྫོང་ཆེན་འདྲ་བ་དེ་ལྷ་གོང་མའི་གཏེར་སྒོ་ཡིན་རྒྱུ་གྱིས། བྲག་དམར་པོ་སྲིན་པོ་ངོ་ནག་འདྲ།
ཁྲག་དམར་པོས་དམར་གཏོར་བཞེངས་འདྲ་དེ། བྱང་བྱེ་རིའི་བྱུར་སྒོ་ཡིན་རྒྱུ་གྱིས། བྲག་དེ་ལ་
མདའ་འཕེན་མ་བྱས་ན། བདུད་ནག་པོའི་ལག་གི་དངོས་གྲུབ་དེ། ཁྲ་མོ་གླིང་གིས་ལེན་རྒྱུ་མེད།
གླིང་ལྷ་སྡེས་བྱུར་རྫོང་མ་ཕབ་ན། བོད་སྒང་པའི་བསྟན་པ་དར་རྒྱུ་མེད། ཁྱེད་རྣམས་ཀྱི་ལྷ་བསང་ མཆོད་བསྟོད་ཚར་བ་དང་ངས་མདའ་ཞིག་འཕེན་རྒྱུ་ཡིན་གསུངས་ཏེ་མདའ་གཞུ་ལྟོང་མཐེབ་
ལ་བཞག་ནས་གཏེར་སྒོ་འབྱེད་པའི་གླུ་འདི་ངང་དཀར་ལྷ་ངག་ལྡེམ་དྲུག་ལ་དྲངས་ནས་བླངས་ པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾཿ། །ཨ་ལ་ལ་མོ་ཨ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །རྒྱུ་ཡར་འཚར་
བྱུ་རུའི་སྡོང་པོ་དེ། །མར་ཟུག་རྩ་བ་ཀླུ་ལ་ཟུག །བར་ཟུག་ཡལ་ག་ལྷ་མིན་ཟུག །ཡར་འཚར་རྩེ་
མོ་ལྷ་ལ་ཟུག །དངོས་གྲུབ་ནང་གི་གཙོ་བོ་ཡིན། །རྒྱན་ཆའི་ནང་གི་མཛེས་པ་ཡིན། །མཁོ་བ་ནོར་ གྱི་གཡང་ཕུད་ཡིན། །ལྷ་བླ་མ་དགའ་བའི་ཆོས་རྒྱན་ཡིན། །བྱུར་རབ་བྱི་བའི་རྭ་ཅོ་དང་། །བྱུར་ འབྲིང་བྲག་གི་སྡོང་པོ་དང་། །བྱུར་ཐ་མཚོ་ཡི་མེ་ཏོག་དེ། །ཡོད་ཟེར་ནས་འཛམ་གླིང་ཀུན་ལ་
148
གྲགས། །གཏེར་སྟོན་བླ་མ་ཀུན་འདུས་ལ། །གུ་རུ་མཚོ་སྐྱེས་རྡོ་རྗེ་གྲགས། །པདྨ་འབྱུང་གི་ རྣམ་སྤྲུལ་ལ། །གླིང་གི་གེ་སར་རྒྱལ་པོ་གྲགས། །གཏེར་ནོར་བྱུ་རུའི་གཡང་རྫོང་དེ། །ཕོ་སུ་
མ་ཡིན་གྱིས་འབེབས་རྒྱུ་མེད། །བྱུ་རུའི་གཉན་སྟག་དམར་མོ་དང་། །བྱུ་རུའི་ཚེ་དཔག་མེད་ མགོན་དེ། །དགོས་པ་ཁྲ་མོ་གླིང་ལ་ཡིན། །བཞག་པ་སྒང་པ་བོད་ལ་ཡིན། །མཁོ་བ་འཛམ་
བུ་གླིང་ལ་ཡིན། །བྱུ་རུའི་སྒོ་མོ་འབྱེད་པ་ལ། །བྱུར་དམར་པོའི་སྒོ་སྲུང་བརྒྱ་དང་བརྒྱད། །ལྷ་
སངས་རྒྱས་འཕྲེང་བ་བརྒྱ་དང་བརྒྱད། །ཆོས་གྲུབ་མཐའི་སྒྲུབ་ཕུག་བརྒྱ་དང་བརྒྱད། །མ་མཁའ་
འགྲོའི་བྲོ་ར་བརྒྱ་དང་བརྒྱད། །བུ་དཔའ་བོའི་མདའ་ར་བརྒྱ་དང་བརྒྱད། །སྟག་ཤར་པའི་མདའ་ར་
བརྒྱ་དང་བརྒྱད། །དེ་ཚོ་སྔོན་གྱི་དམ་བཅའ་རེད། །དུས་དེ་རིང་སྒོ་མོ་འབྱེད་རོགས་མཛོད། །སྒོ་ མོར་ཆག་གྲུམ་མ་ཡོང་ཞིག །འུར་ལྡིར་རེར་བྲག་སྒོ་ཕྱེ་ནས་ཤོག །ལྷ་དཀོན་མཆོག་གསུམ་གྱི་
བདེན་ཚིག་དེས། །ལས་བྱ་བའི་དོན་ཆེན་འགྲུབ་པར་ཤོག །གཏེར་ལོངས་སྤྱོད་ལག་ཏུ་ལོན་པར་ ཤོག །མདའ་སྣེ་དཀོན་མཆོག་ལྷ་ཡིས་འཚོས། །དད་པ་དམ་ཚིག་མ་ཉམས་ཤིག །དངོས་གྲུབ་
ཁྲ་མོ་གླིང་ལ་ཕོབ། །ཅེས་གླུ་རྫོགས་པ་དང་མདའ་དེ་བརྫངས་པས། བྲག་སྒོ་དམར་སེར་པདྨ་རཱ་ གའི་མདོག་ཅན་དེའི་སྟེང་དུ་ཕོག་ཏེ་སྒོ་ཆེན་འུར་སྒྲ་ཐར་རེར་ཕྱེ་བྱུང་བས། བྱུ་རུའི་བྱི་བ་གླང་ ཆེན་ཙམ་དེས་གཙོས་པའི་བྱུར་རབ་ཁ་དོག་འདྲ་མིན་གངས་རི་སྤུངས་འདྲ། བྱུར་འབྲིང་བྲག་
གི་སྡོང་པོ། བྱེ་རི་ཐུར་ལ་ཉིལ་འདྲ། བྱུར་དམར་མཚོ་ཁའི་མེ་ཏོག རྒྱ་མཚོར་རྦ་རླབས་གཡོ་ འདྲ། བྱུར་རྫོང་བྲག་ཕུག་རྟ་འདོ་ཆེན་གྱིས་རྒྱུག་ན་བང་ཁ་ཟད་ལེ་ཞིག་ཡོད་པར། བྱུ་རུའི་བྱི་
བ་གླང་ཆེན་ཙམ་དེ་ལས། བྱུར་རྫོང་བདག་སྤྲོད་བྱེད་མིའི་ལྷ་འདྲེ། དབུགས་ཆགས་གང་ཡང་ མེད་པས། གླིང་དཀར་རྒྱལ་བློན་རྣམས་བྱོན་པ་དང་བྱེ་རིའི་བྱི་བ་དེས་ཡར་ལངས། ཁ་ནས་
བྱུ་རུ་དཀར་པོ་བསྐྱུགས། བྲུན་ལ་བྱུ་རུ་དམར་པོ་བཏང་། དབུགས་གཏོང་བྱུ་རུ་སེར་པོ་བཏང་ བར། གེ་སར་རྒྱལ་པོ་དེས་གཏེར་གཡང་བྱི་བ་རང་གནས་སུ་འཇོག་དགོས་པར་མཁྱེན་ནས་
བཀའ་བཀོད་མཛད། དེ་ནས་གླིང་དཀར་དཔའ་བརྟུལ་རྣམས་ཀྱིས་འཇིག་རྟེན་མི་ཡིས་མ་བཟོས།
ལག་པའི་གྲིབ་མ་མ་ཕོག སྐམ་པ་ཐོ་བས་མ་བརྡུངས། དམར་མོ་མེ་ཡིས་མ་བསྲེགས། ངར་མ་
ལྕགས་ཀྱིས་མ་བཅུན་པའི་རང་བྱུང་བྱུ་རུའི་གཏེར་སྒམ་གྲངས་ལས་འདས་པ་བྲག་སྒོར་བཏོན།
149
རྒྱལ་པོ་གེ་སར་གྱིས་ལྷ་ཀླུ་གཉན་གསུམ། ཡུལ་ལྷ་གཞི་བདག་རྣམས་ལ་བཀའ་གནང་ནས། བྱུར་གཡང་གཏེར་གྱི་སྒོ་མོ་དེ་བསྐལ་པ་ཇི་སྲིད་བར་དུ་ཉམས་ཆག་མེད་པར་ཉར་དགོས་པ་ གུ་རུའི་རྣམ་སྤྲུལ་གེ་སར་རྒྱལ་པོའི་བཀའ་ཡིན་གསུངས་ནས་པདྨ་རཱ་གའི་སྒོ་མོ་སྔར་བཞིན་
བརྒྱབ། ཡུལ་ལྷ་གཞི་བདག་རྣམས་ལ་སྐུལ་མ་བྱས་ནས་བྱུ་རུའི་གཏེར་གང་ཡོད་དེ་གླིང་སྒར་
དུ་གདན་དྲངས་ཏེ་ཐང་ཆེན་གཡུ་རི་དར་ཐང་གི་ལྷ་གུར་ཕྱི་ནང་བར་གསུམ་བྱུ་རུའི་གཏེར་སྒམ་ གྱིས་ཆུ་ཁའི་གྲམ་རྡོ་སྤུངས་པ་བཞིན་བྱུང་། གླིང་གི་རྒྱལ་བློན། བླ་མ། མི་དཔོན། དཔའ་བརྟུལ་
རྣམས་ཀྱང་རང་གནས་ཀྱི་ལྷ་སྒར་དུ་འཁོར་ཏེ་དགའ་སྟོན་སྐྱིད་གླུ་མཛད་ནས་བཞུགས། ཚེས་ བརྒྱད་ཉིན་གླིང་གི་བླ་མ། ཕ་ཁུ། དཔའ་བརྟུལ། མི་དཔོན། ཁྲབ་དམག་ཡོད་རིགས་དང་བྱང་
བྱེ་རི་ཚོ་ཤོག་བཅོ་བརྒྱད་ཀྱི་ཕོ་མོ་རྒན་གཞོན་མེད་པར་འདུ་འཛོམས་དགོས་པའི་བཀའ་བཏང་། ཚེས་བཅུ་གཉིས་ཉིན་གཡུ་རི་དར་ཐང་གི་སྟོད་སྨད་བར་གསུམ་སྒར་གྱིས་ཁེངས་ནས་དུ་རླངས་ སྨུག་པ་འཁྲིགས་འདྲ། མི་དཀར་སྐར་ཚོགས་བཀྲ་འདྲ་བྱས་ནས་ཕོ་བྲང་ཕྱི་ནང་བར་གསུམ་ གླིང་གི་རྒྱལ་བློན། ཕ་ཁུ། དཔའ་བརྟུལ་རྣམས་ཀྱིས་བཟུང་། དེ་ཡི་ཕྱི་ཕྱོགས་སུ་ལས་དམག་
རྣམས་རྒྱབ་རུ། མདུན་རུ། དཀྱིལ་རུ་བཅས་རང་རང་གི་ཐོབ་ཐང་དུ་བཟུང་། བྱེ་རི་ཡུལ་གྱི་ཞ་ བོ་ཡིན་ན་ཁུར། ལོང་བ་ཡིན་ན་ཁྲིད། རྒྱུ་མེད་ཟས་མེད་རྒྱུ་ཡོད་ཟས་ཡོད་མཐོ་དམན་མེད་པ་ ཚང་མ་འཛོམས། བྱེ་རིའི་མི་རྣམས་ཀྱིས། ད་ཅི་ཞིག་ཤོད་རྒྱུ་ཡོད་དམ། ཡང་ན་མགོ་སྐེ་ཨེ་
ལེན། ཡང་ན་བཙོན་འཇུག་ཁྲིམས་གཅོད་འདྲ་ཨེ་བྱེད། གླིང་གི་གེ་སར་རྒྱལ་པོ་ཟེར་བ་དེ། ལྷོ་
འཛམ་གླིང་གི་གཉོམ་ཆུང་སྐྱོང་བའི་ཕ་མ། སེམས་ཅན་ཀུན་གྱི་སྲོག་ཤིང་། ཆོས་སངས་རྒྱས་ ཀྱི་བསྟན་སྲུང་། བྱམས་དང་སྙིང་རྗེའི་བདག་པོ་ཟེར་བས་གཉོམ་ཆུང་ལ་ཁྲིམས་གཅོད་བྱེད་ཨེ་
སྲིད་བསམས་ནས་བསྡད་པར། རྒྱལ་པོ་གེ་སར་ཁྲི་ཅུང་མཐོ་བ་ཞིག་གི་སྟེང་དུ་བཞུགས། དེའི་ མཐའ་སྐོར་དུ་གླིང་གི་དཔའ་བརྟུལ་རྣམས་གཡས་གྲལ། གཡོན་གྲལ། རྒྱབ་གྲལ། །མདུན་གྲལ།
སྟག་གདན། གཟིག་གདན། དོམ་གདན་སྟེང་རང་རང་ཐོབ་ཐང་བཞིན་དུ་བཞུགས། དེ་འོག་ཕྱིང་ དཀར་གྲུམ་གདན་སོགས་ཀྱི་སྟེང་དུ་སྟོང་དཔོན། བརྒྱ་དཔོན། བཅུ་དཔོན་རྣམས་བཞུགས། དེ་ ནས་རྟ་རྫི། ཐབ་གཡོག ཁྲབ་དམག་རྣམས་གནམ་གྱི་སྐར་མ་ཤར་འདྲ། ས་ཡི་རྩི་ཐོག་རྒྱས་འདྲ་
150
བཞུགས། དེ་འོག་ཏུ་བྱེ་རི་ཡུལ་གྱི་ཆོས་གྲུབ་དང་བློན་རྒན་ཨ་རྒྱལ་བཅས་པ་བཞུགས། དེའི་
མཐའ་འཁོར་དུ་བྱེ་རི་ཡུལ་གྱི་ཕོ་མོ་རྒན་གཞོན་རྣམས་རང་ཤོག་གི་གྲལ་བསྒྲིགས་ནས་བསྡད་ པར། དཀྱིལ་གྲལ་ནས་སྤྱི་དཔོན་རོང་ཚ་ཁྲ་རྒན། ཉི་འབུམ་དར་ཡག འདན་མ་བྱང་ཁྲ། ཧོར་
གྱི་ཤན་པ་རྒྱལ་པོ། འཇང་གི་གཡུ་ལྷ་ཐོག་འགྱུར། འཇང་སྲས་གཡུ་ཁྲི་གུང་རྒྱལ། ལྷ་སྲས་དགྲ་
ལྷ་རྩེ་རྒྱལ་རྣམས་གནམ་ལ་ཐུག་དོགས་མེད་ཀྱང་སྒུར་སྒུར། ས་ལ་དིམ་དོགས་མེད་ཀྱང་གཟེམ་ གཟེམ། མི་ལ་རེ་དོགས་མེད་ཀྱང་ཞུམ་ཞུམ་གྱིས་བཀའ་གྲོས་མཛད་ནས་བཞུགས་པའི་དུས། འཛམ་གླིང་མི་ཡི་ཉི་མ། སེང་ཆེན་གེ་སར་རྒྱལ་པོ་དེས། གསེར་ཁྲི་ནོར་བུ་པདྨ་འདབ་བརྒྱད་
ཀྱི་ཡང་སྟེང་ནས། ཟ་ཧོར་རྒྱལ་པོའི་ཆ་ལུགས་འདྲ་བ། བར་སྣང་སྤྲིན་སེར་འཁྲིགས་འདྲ། བླ་
མས་སེར་ཞྭ་གྱོན་འདྲ། ལྷུན་ཆགས་པ། གཟི་བརྗིད་ཆེ་བ། སྤྱན་མིག་སྐར་ཆེན་ཤར་འདྲ། ཞལ་ རས་འཛུམ་མདངས་ཉིལ་ཉིལ་གྱིས་དཀར་མོ་དར་འཇམ་གྱི་ཆོས་ངག་ལ་དྲངས་ནས་གླུ་འདི་ གསུངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾཿ། །གླུ་ཨ་ལ་ཨ་ལ་ཨ་ལ་རེད། །ཨ་ལ་ཆོས་ཉིད་དབྱིངས་ནས་
ལེན། །ཆོས་བྱིན་རླབས་སྦྲང་ཆར་ཕོབ་ཏུ་གསོལ། །ཐ་ལ་ཐར་པའི་ལམ་ནས་ལེན། །མ་དག་
དམྱལ་བའི་སྡུག་བསྔལ་སེལ། །གླུ་ཕ་རྒྱུད་ནམ་མཁའ་སྟོང་པའི་གླུ། །སྟོང་པའི་གླུ་ཞིག་མི་ལེན་
ཏེ། །སེམས་ནམ་མཁའ་ལྟ་བུར་མཐའ་དབུས་མེད། །མཐོ་བ་ཉི་ཟླ་སྐར་གསུམ་ནས། །འཕུར་ལྡིང་ བྱ་རིགས་གཤོག་ཐོགས་མན། །རི་དྭགས་གཅན་གཟན་དབུགས་ཐོགས་ཚུན། །ཆུ་ནང་ཉ་སྦལ་
ལྕོང་གསུམ་ཡན། །རིགས་དྲུག་འགྲོ་བ་སེམས་ཅན་རྣམས། །ཉི་མ་དེ་རིང་ཚུར་ནང་ནས། །དཀར་ པོའི་ལྷ་ལམ་ཐོབ་པར་ཤོག །ཕྱུག་པོའི་ཟས་དང་འཕྲད་པར་ཤོག །མུ་གེའི་གནས་ནས་ཐར་བར་
ཤོག །སྡུག་བསྔལ་མུན་པ་དྭངས་པར་ཤོག །མ་རྒྱུད་ཆུ་བོ་འབབ་པའི་གླུ། །ཆུ་འབབ་གླུ་ཞིག་མི་
ལེན་ཏེ། །ཆུ་ལ་ཁ་གཏིང་མེད་པའི་གླུ། །ས་གར་སོང་ཆུ་ལྟར་རྒྱུན་ཆད་མེད། །མ་འགྲོ་བ་རིགས་ དྲུག་སེམས་ཅན་རྣམས། །བདེ་བའི་ལོངས་སྤྱོད་འཕེལ་བར་ཤོག །ཆད་མེད་ཆུ་བོའི་རྒྱུན་ལྟར་ ཤོག །འཁྱགས་པ་དྲོད་དང་འཕྲད་པར་ཤོག །ལྟོགས་པ་ཟས་དང་འཕྲད་པར་ཤོག །གཏན་དུ་ བདེ་བ་ཐོབ་པར་ཤོག །ང་འདྲ་ང་ངོ་མ་ཤེས་ན། །ཚངས་པའི་ལྷ་སྲས་ཐོས་དགའ་བུ། །ཤཱཀྱ་
151
ཐུབ་པའི་ལུང་དང་གཅིག །པདྨ་འབྱུང་གནས་བཀའ་དང་གཉིས། །གཙུག་ན་རིན་ཆེན་དམ་ཚིག་
གསུམ། །ཁྲ་མོ་གླིང་ལ་མི་ལུས་བླངས། །ཚེ་སྟོད་ཁྲམ་པ་ཇོ་རུ་ཐོགས། །སྐྱེས་ནས་རྨ་སྨད་གཡུ་
ལུང་ལ། །ལུས་གོས་མེད་གཅེར་བུ་ལམ་འགྲོ་ཡིན། །གོས་འཇམ་པོ་ང་ལ་མ་སྲིད་དེ། །ར་པགས་
མཐའ་གྱོང་གོས་ཞིག་བཟོས། །དར་གོས་ཆེན་ཞིག་ལས་དགའ་ལེ་ཡིན། །ཡར་བསགས་ཕ་རྒྱུ་ང་
ལ་མེད། །དྲིན་ཨ་མའི་ནུ་ཞོ་ང་ལ་མེད། །ཨ་མ་མི་རྒྱགས་གྲོ་མ་བཀོག །བུ་ཆུང་མི་རྒྱགས་ཨབ་ར་ བསད། །ལྟོ་ལ་ཨབ་རའི་ཤ་མཁར་བརྩིགས། །བསད་བསད་སྡིག་པར་གྲངས་ཀ་མེད། །དེ་ནས་
ལོ་ཚོད་ན་སོ་འཚར། །སྐྱེས་པ་ཕོ་ཡི་ལུས་སྟེང་ལ། །དགའ་སྡུག་ཉི་མ་ཤར་འགྲིབ་རེད། །བཟང་ ངན་སོག་ལེའི་སོ་འདྲ་རེད། །འདི་འདྲ་བྱས་ནས་མི་སྡོད་བསམས། །ལྕང་དཀར་བེར་གི་ཞབས་ ལ་བཞོན། །ཨབ་པགས་སྟོང་རྩག་ལུས་ལ་གྱོན། །ཁྲ་རིང་འུར་རྡོ་སྐེད་ལ་བཏགས། །སྟོད་རྒྱ་
གར་བལ་པོའི་ཚོང་དཔོན་ནས། །ཚོང་མགོ་རྩྭ་རིན་ཆུ་རིན་བླངས། །སྨད་རྒྱ་ནག་མགྲོན་པོའི་
ཚོང་མགོ་བླངས། །ལྷ་མཁར་ཇ་མཁར་སྨུག་པོ་བཞེངས། །དེ་ནས་ཇོ་གྲོང་ཇེ་བཙན་རེད། །ལོ་
ངོ་བཅུ་གསུམ་མ་ལོན་བར། །ཤིག་སྲོ་མ་གཉིས་ཀྱིས་རྒྱུ་ནོར་བྱས། །ཟས་གྲོ་མ་མིན་པ་ཟ་རྒྱུ་
མེད། །སྤུན་ཕུ་ནུའི་འདུ་ཤེས་ཆུང་དང་གཅིག །གཉེན་ཉེ་བའི་ཉེ་རྒྱུད་ཆད་དང་གཉིས། །སྡེ་བརྒྱ་ སྡེའི་མི་ཁ་ཆེ་དང་གསུམ། །མ་འགོག་མོ་ཟས་ནོར་གཟབ་དང་བཞི། །བུ་ཇོ་རུ་སྤྱོད་པ་ངན་དང་
ལྔ། །བརྒྱ་ཡར་འགྲོ་མི་ཁ་ཆེ་དང་དྲུག །བཟང་དྲུག་མ་ཐོགས་ངན་དྲུག་ཐོགས། །ངན་དྲུག་ངན་
སོང་སྐྱེ་སྒོ་བཀག །ནམ་ཡར་ལངས་ཁྲབ་རྨོག་འཁོར་གསུམ་བསྐོར། །སེམས་བདེ་བ་མེད་པར་ དགྲ་ལ་ཆས། །ཉིན་མོ་ཁྲི་འབུམ་ཁ་ལོ་བསྐུར། །མཚན་མོ་ཁྲི་འབུམ་དག་ཞིང་དྲངས། །ལྷ་མ་
ཡིན་གྱི་འཐབ་རྩོད་ཞི། །བར་དུ་དམག་དཔོན་དགྲ་འདུལ་ཟེར། །ཡར་ཁམས་བྱང་ལ་མ་སོང་
ན། །འཛམ་གླིང་ཁ་ལོ་བདུད་ཀྱིས་བསྒྱུར། །བྱང་བདུད་ཐུལ་ཚེ་ཧོར་བདུད་ལངས། །ཧོར་ཡུལ་
འཇག་མ་གླུ་ལེན་བཟོས། །ཧོར་སྡེ་བོད་ཀྱི་འབྲོག་སྡེར་བསྐོས། །དཀར་གསུམ་བོད་ཀྱི་ཟས་ནོར་ ཡིན། །གླིང་གེ་སར་དགྲ་ལ་ཟད་མཐའ་མེད། །ས་དམ་རྒྱལ་དང་ཤིང་ཁྲི་རྒྱལ། །བྷེ་ར་ཡུལ་དང་
སྟག་གཟིག་ཡུལ། །ཞང་ཞུང་སོག་དང་ཨ་གྲགས་ཡུལ། །ཕར་དགྲ་མ་བྱས་ཚུར་དགྲ་བྱུང་། །རེ་རེ་
བཞིན་གྱིས་དགྲ་ཡ་བཟུང་། །ན་ནིང་གཞི་ནིང་དགུ་ནིང་ལོ། །བྱེ་རི་སྟག་རྩེ་རྒྱལ་པོ་དེས། །མངའ་
152
ཐང་ལོངས་སྤྱོད་ཆེ་བསམས་ནས། །རང་ས་རང་གིས་མ་བཟུང་བར། །ཁྲ་མོ་གླིང་ལ་དགྲ་ཡ་ བཟུང་། །གླིང་དམག་མ་ཡོང་ཀ་མེད་རེད། །དེ་ནས་བརྒྱ་སྡེ་ཕོ་མོ་ཚོ། །སེམས་སྡུག་ཡི་མུག་
དགོས་པ་མེད། །སྐྲག་སྡར་འཇིགས་གསུམ་དགོས་པ་མེད། །བདུད་སེམས་སྤངས་ནས་ཆོས་ སེམས་སྒྲུབས། །ཕྲག་དོག་སྤངས་ནས་སྙིང་རྗེ་སྒོམས། །ངན་ཤེས་བཞག་ནས་བཟང་ཤེས་
སྦྱོངས། །ཧམ་པ་བསྐྱུར་ནས་གཉོམ་ཆུང་གྱིས། །དགའ་བའི་མགོ་འཕང་མར་ལ་ཕོབ། །སྡུག་ པའི་སྐེད་པ་ཡར་ལ་ཐེག །གླིང་དམག་བྱང་ལ་རྩེབས་ཚུན་ནས། །གནམ་གྱི་བྱ་རིགས་མི་བདེ་ བ། །མདའ་ཆར་མདེའུ་ཆར་འོ ག་ལ་ཤི །ས་ཡི་རི་དྭགས་མི་བདེ་བ། །ཟས་མེད་ལྟོགས་པས་
སྲོག་རྩ་གཅོད། །ཆུ་ཡི་ཉ་སྦལ་མི་བདེ་བ། །ཆུ་མོ་སྐམ་ནས་གྲམ་ལ་གྱུར། །འབངས་སྡེ་མི་
ལུས་ཅི་ལ་བདེ། །ཕོ་སྐྱེས་དར་མ་ཡོད་ཚད་དེ། །བཙན་ཤེད་བཀའ་ཡིས་དམག་ལ་དེད། །མི་ འགྲོ་མི་འཐབ་ཟེར་ས་མེད། །གཡང་དཀར་སྤྱང་ཀིས་དེད་པའི་དུས། །རྫ་རོང་ལུང་མདོ་ཤ་ ཡིས་བཀང་། །བྱེའུ་ཁྱུ་ཁྲ་ཡིས་དེད་པའི་དུས། །ས་སྲུབས་ཚེར་གསེབ་སྤུ་ཡིས་བཀང་། །མི་
ངན་ཡུལ་གྱི་དཀྲུག་ཤིང་རེད། །ཟས་ངན་དུག་གི་གཞི་མ་རེད། །རུས་ངན་རྒྱལ་པོའི་བློན་ངན་
དེས། །འབངས་སྡེ་མང་པོ་སྡུག་ལ་སྦྱར། །ཟས་ནོར་ཡོད་ཚད་དམག་བྲོ་བྱས། །བུ་རྟ་ཡོད་ཚད་
དམག་ལ་བཏང་། །ཤི་འཕྲོས་ལྷག་སྡུམ་རྒན་གཞོན་ཚོ། །སེམས་སྡུག་ལར་གྱིས་བྱེད་དགོས་ མེད། །ཉི་མ་དེ་རིང་ཕན་ཆད་ལ། །ལྟོ་ལྟོགས་པར་ཉིན་གཅིག་ལུས་ལེ་མེད། །ལུས་འཁྱགས་
པ་ཉིན་གཅིག་ཡོང་ལེ་མེད། །ཟས་མེད་མུ་གེས་མནར་དང་གཅིག །གོས་མེད་འཁྱགས་ལ་ཤོར་ བ་གཉིས། །དབང་མེད་རང་ས་ཤོར་བ་གསུམ། །ད་ནས་བཟུང་ཏེ་ག་ལ་སྲིད། །དཀར་པོ་ཆོས་ ཀྱི་དགེ་བ་སྒྲུབས། །ཡིག་དྲུག་མ་ཎི་ཁ་ནས་ཐོན། །རི་བོའི་རྩེ་ལ་དར་ལྕོག་ཚུགས། །རེ་སྐེད་
བྲག་ཕུག་ཚ་ཚ་བཞེངས། །ས་མདོ་ལུང་མདོར་མཆོད་རྟེན་བཞེངས། །སྔོན་མོའི་ཆུ་ལ་གསེར་ ཟམ་ཚུགས། །བསམ་དཀར་སེམས་དཀར་རྒྱུན་དུ་གྱིས། །གཅིག་མེད་གཅིག་ཡོད་མཉམ་ཟ་
གྱིས། །ཕ་མ་གཅིག་གི་བུ་རྒྱུད་ལྟར། །བྱམས་སེམས་སྙིང་རྗེ་ཇེ་ཐུབ་གྱིས། །ང་རྒྱལ་ཞེ་སྡང་ ཕར་ལ་ཞོག །རུ་ང་ཕྲག་དོག་རྒྱབ་ལ་སྤོངས། །བྱམས་སེམས་སྙིང་རྗེ་རྒྱུན་དུ་གྱིས། །དེ་ནས་
ཡུལ་མི་ཕོ་མོ་རྣམས། །དར་མ་དམག་ལ་ཤི་ཚད་དེར། །སྨོན་ལམ་རྒྱོབ་དང་སྐྱེ་བ་ཡོད། །རང་
153
གནས་ཕ་མཁར་ནང་ལ་སྐྱེ། །ཕ་མ་མཇལ་བའི་སྨོན་ལམ་ཡོད། །དེ་ཚོ་ང་ཡི་ཁས་ལེན་ཡིན། །དེ་ ནས་ཡུགས་ས་དྭ་ཕྲུག་ཚོ། །གཉེན་ཉེ་ཕ་ཤི་བུ་ཤི་དེས། །སེམས་སྡུག་མེད་པ་མི་སྲིད་དེ། །གེ་
སར་རྒྱལ་པོའི་ཆོས་ཁྲིམས་ལ། །དྲག་པོའི་ཁྲིམས་གཅོད་གཏོང་ལེ་མེད། །སྐྲག་འཇིགས་ཟེར་བ་ ག་ལ་ཡོད། །རྒྱལ་པོ་བློན་པོ་བདུད་ཀྱི་བུ། །སྐྱེ་ལུས་རེ་རེ་མ་བརྗེས་ན། །དལ་འབྱོར་མི་ལུས་ ཐོབ་པའི་དུས། །སངས་རྒྱས་ཆོས་ངོ་ཤེས་ལེ་མེད། །དེ་ཚོ་རྒྱལ་པོའི་འགྲོ་དོན་རེད། །དེ་ནས་ རྒྱལ་གཞིས་རྒྱལ་ཁོངས་དང་། །ཡུལ་སྡེ་འབངས་མིའི་འགྲོ་ལུགས་དེ། །རྒྱལ་ཚབ་དགྲ་ལྷས་
བཀའ་བཀོད་ཡོད། །གླུ་གོ་ན་རྣ་བའི་བདུད་རྩི་ལ། །མ་གོ་གླུ་ལ་འགྲེལ་པ་མེད། །ཅེས་གསུངས་ པར། བྱེ་རི་ཤོག་ཁག་བཅོ་བརྒྱད་ཀྱི་ནང་ནས་དཔའ་དང་དཔུང་པ། རྒྱུ་དང་ཟས་ནོར། སྟོབས་
དང་མངའ་ཐང་ཅུང་རྒྱས་པའི་སྐྱེ་བོ་རྣམས་སྐྲག་སྐྲག་འདར་འདར་གྱིས་བསྡད་ཡོད་པར། རྒྱལ་ པོའི་བཀའ་དེ་གོ་བ་དང་སེམས་ལྷོད་དུ་བབ་ནས་ཡི་མུག་སྡུག་བསྔལ་སངས། ཟས་མེད་གོས་
མེད། མངའ་ཐང་ལོངས་སྤྱོད་ཞན་པའི་སྐྱེ་བོ་རྣམས་ནི། ད་བྱེ་ཡུལ་གྱི་རྒྱུ་ནོར་ཐམས་ཅད་དམག་ གྲོན་བྱས་ནས་ཟད་ཚར། ཡུལ་གང་འདྲ་ཞིག་ནས་རྒྱུ་ནོར་འཁྱེར་ཡོང་ངམ་བསམས་ཏེ། སྤྲང་པོ་ ཟས་ལ་བརྔམས། དབང་མེད་དབང་ལ་བརྔམས། དབང་ཡོད་སེམས་རྩ་འཁྲུགས་ནས་བསྡད་ པའི་དུས། གཡས་གྲལ་གྲལ་གྱི་གྲལ་མགོ སེངྒེ་དཀར་མོའི་ཁྲི་སྟེང་ནས། ལྷ་སྲས་དགྲ་ལྷ་རྩེ་
རྒྱལ་དེ། བཅོ་ལྔའི་དུང་ཟླ་ཚེས་འདྲ། དུང་དཀར་པོར་ཉི་མ་ཤར་འདྲ། དར་དཀར་པོ་རླུང་གིས་
བསྐྱོད་འདྲ། དཀར་པོ་གངས་རི་འདྲ་བ། སེང་དཀར་མོ་གངས་ལ་འགྱིངས་འདྲ་ཞིག་བྱས་ནས་
ཕ་ཁུ་རྣམས་ལ་དར་དཀར་པོ་རེ་ཕུལ། འགྲོ་སྟངས་འདུག་སྟངས་བཀའ་བཀོད་གནང་བའི་དཀར་ མོ་དྲུག་འགྱུར་གྱི་རྟ་ལ་དྲངས་ནས་གླུ་འདི་གསུངས་པར་གདའ་འོ ། །
ༀ་མ་ནི་པདྨེ་ཧཱུཾ་ཧྲཱིཿ། །ཨ་ལ་གླུ་ཡི་མཆོད་པ་འབུལ། །ཐ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་
རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །བྲལ་མེད་བརྩེ་བས་མགོན་དུ་གསོལ། །ལྷ་མཆོད་གཅིག་
མཆོད་གཉིས་མཆོད་དང་གསུམ། །བྱང་བྱེ་རི་ཡུལ་གྱི་བློན་ཆེན་ལ། །དཔའ་འཛུམ་དྲུག་ཡོད་པ་ རེ་གཉིས་རེད། །དོན་ཡང་དག་མགོ་སྐེ་གླིང་རུས་བླངས། །གླིང་དཔའ་བརྟུལ་མ་རྒོད་སུ་ཞིག་
རྒོད། །ལྷ་སངས་རྒྱས་ཆོས་ངོ་ཨེ་མཐོ་འདུག །དེ་སྔོན་མའི་ལས་ཀྱི་བསྐོས་ཐང་རེད། །རྗེ་གེ་སར་
154
ཐུགས་རྒྱ་ཆེ་ཞོར་རེད། །གླིང་དཔའ་བརྟུལ་ནང་ཁ་མཐུན་ཞོར་རེད། །ལྷ་བླ་མའི་བདེན་ཚིག་སྒྲུབ་ ཞོར་རེད། །ཚེ་བསོད་ནམས་དབང་ཐང་དེ་འདྲ་རེད། །དུས་དེ་སྔ་ཉི་མ་ཕན་ཆད་ལ། །གླིང་དཔའ་ བརྟུལ་ལྷ་ཕྲུག་འགའ་རེ་འདས། །སྐུ་གདུང་ཐལ་གླིང་ལ་བསྣམས་ནས་འགྲོ། །སྐྱེ་འཆི་འཇིག་རྟེན་
ཀུན་ལ་སྲིད། །འདས་གྲོངས་ཉི་ཟླ་གཉིས་ལ་སྲིད། །དེ་ལ་འགྱོད་སེམས་བྱེད་ཞན་འདྲ། །གླིང་གེ་ སར་རྒྱལ་པོའི་འགྲོ་དོན་དེ། །བྱེ་མའི་ཁང་པ་བརྩིགས་པ་འདྲ། །ལོགས་གཅིག་ནས་བརྩིགས་ན་ གཅིག་ནས་ཞིག །མི་མགོ་ནག་བྱེས་འགྲོ་གཞིས་འཁོར་དེ། །གཞིས་ཕ་ཇུས་ཡོད་པའི་ཆ་སྲོལ་ རེད། །གླིང་ཁྲ་མོའི་མི་ཚེ་དགྲ་ལ་བསྐོས། །དགྲ་བཏུལ་ཚད་སངས་རྒྱས་སྤྱི་དོན་རེད། །གཏམ་ བཤད་ཚད་རིགས་དྲུག་ཐར་དོན་རེད། །དེས་ན་བྱེ་རིའི་འབངས་སྡེ་ཚོ། །སྡིག་པ་སྤངས་ནས་
དགེ་བ་སྒྲུབས། །བོན་ཆོས་སྤངས་ནས་བན་ཆོས་གྱིས། །གུ་རུ་ཡི་དམ་ལྷ་ལ་སྒོམས། །བདུད་ རྒྱལ་ཤི་བའི་བཙུན་མོ་དེ། །རང་མཁར་རང་ས་རང་བདག་གྱིས། །སྲིང་མོ་སྲས་མོ་གཉིས་པོ་
དེ། །མཁོ་བ་ཁྲ་མོ་གླིང་ལ་མཁོ། །མ་མཁོ་བར་དུ་རང་གནས་སྡོད། །དྲིན་ཆེན་མ་ཡི་ཞབས་ཞུ་
སྒྲུབས། །སྲས་ཆུང་ཟླ་བ་སྟོང་རྒོད་དེ། །ཡུལ་སྡེའི་མགོ་འཛིན་ཚུལ་དུ་སྡོད། །ལོ་གསུམ་བར་དུ་
བལྟ་རྒྱུ་ཡིན། །དེ་ནས་ཅི་དགོས་རིམ་གྱིས་བལྟ། །དཔེ་དང་འདྲ་མ་ཨེ་འདྲ་གདའ། །རྒྱ་བོད་བར་ ལ་འགྲོ་བའི་དུས། །རྒྱ་སྐྱེ་རྒུ་མདོ་བར་ལམ་ངོ་ཤེས། །དེ་ནས་ལམ་སོ་ཅི་གདའ་བལྟ། །དབུས་
ལྷ་ས་བར་དུ་ཆོས་མགོ་ཐོན། །དེ་ནས་འགྲོ་གིན་བལྟ་གིན་བྱེད། །མི་རྒྱུས་མེད་དཔོན་པོ་གསར་ བསྐོ་དེ། །ཨེ་བསྐོ་ལོ་གསུམ་ཚུན་ལ་བལྟ། །གླིང་གེ་སར་ཞབས་ཞུ་སྒྲུབ་པ་དང་། །སྡེ་གླིང་རུར་ བསམ་པ་དཀར་བ་དང་། །ལོངས་ཟེར་དུས་ཞྭ་གོས་མ་ཆད་ལེ། །སྡོད་ཟེར་དུས་གོས་མཐའ་མ་ འཛར་ལེ། །འགྲོ་ཟེར་དུས་གོམ་གྲལ་མ་ནོར་ལེ། །དེ་བྱུང་ན་ཚེ་དཔོན་བསྐོས་པས་ཆོག །དེ་
མ་བྱུང་བསམ་བློ་གླིང་རུས་གཏོང་། །ལོ་གསུམ་ལོ་ཡི་ཚུར་ནང་ལ། །ཡུལ་འདིའི་ས་བདག་
ཡུལ་བདག་ལ། །བྱང་རི་བཞི་ཨ་སྟག་ཀླུ་མོ་བཞུགས། །དམག་དཔུང་ཧྲག་བསྡུས་ལྔ་བརྒྱས་
བསྐོར། །སྡེ་ཡར་ཆད་གྲུ་གུའི་ས་མཚམས་དང་། །ཕར་ཆད་སོག་པོའི་ས་མཚམས་རེད། །མར་ ཆད་ཟི་ལིང་ས་མཚམས་ལ། །ཚ་གྲང་དུས་བཞི་སྙོམས་ལེ་དང་། །ཟས་གོས་ཕུན་སུམ་ཚོགས་ ལུགས་ཀྱིས། །ངས་བསམས་ན་ལྷོ་རྫོང་བཞུགས་ན་བསམས། །དེ་ངན་པའི་ཆད་པ་མ་ཡིན་
155
ཏེ། །དཔའ་རྩལ་ཆེ་བའི་དཔའ་མོ་ལ། །ཕྱི་དགྲ་གནོན་པའི་དཔའ་སྟོབས་ཡོད། །ནང་སྡེ་སྐྱོང་
བའི་བྱམས་སེམས་ཡོད། །སྲས་ཆུང་ཟླ་བ་སྟོང་རྒོད་ཁྱོད། །དཔོན་དཔའ་མོའི་བཀའ་ལ་ཇེ་ཉན་
གྱིས། །བློ་རིག་པ་ཨ་རྒྱལ་བློན་ལ་དྲིས། །གྲོས་སྙིང་པོ་དྲིན་ཆེན་མ་དང་བསྡུར། །ངེད་ཁྲ་མོ་གླིང་ རུའི་ལྷ་སྡེ་རྣམས། །ཉིན་བཅོ་ལྔ་ས་ཆ་འདི་རུ་སྡོད། །དགའ་བའི་གླུ་དང་སྐྱིད་པའི་བྲོ། །དགའ་ སྟོན་མཐོ་དམན་མཉམ་ལེ་བྱེད། །ཆོས་གྲུབ་ཉི་མ་གྲགས་པ་དེ། །ཤར་གླིང་ལ་བསམ་པ་དཀར་
བའི་བུ། །གླིང་དཔའ་བརྟུལ་ཕྱི་ནང་གྲལ་དུ་སྡོད། །གདན་དོམ་གདན་སྟེང་ལ་སྡོད་རྒྱུ་གྱིས། །དེ་ ནས་བྱེ་རིའི་གཏེར་ནོར་དེ། །ཁྲ་སྤུངས་སེ་གླིང་ལ་དྲངས་ནས་འགྲོ། །གླིང་རྒྱལ་བློན་རང་ཡུལ་ ལོག་ནས་འགྲོ། །ལན་གཅིག་དཔའ་མོ་རང་ཡུལ་བྱོན། །དུས་ཟླ་གསུམ་ཕན་ལ་བཞུགས་རྒྱུ་
མེད། །དེ་ནས་བྱེ་ཡུལ་རང་གནས་བྱོན། །སྡེ་ཁྲ་བོའི་སྐྱིད་སྡུག་ཤེས་ལེ་གྱིས། །བཀའ་ཁྲིམས་ ཐིག་ཤིང་དྲང་ལེ་གྱིས། །གླུ་གསན་ན་རྒྱལ་བློན་ཐུགས་ལ་ཞོག །གླུ་འཁྲུལ་བར་སོང་ན་མཐོལ་ ལོ་བཤགས། །ཞེས་གསུངས་པས། རྒྱལ་བློན། ཕ་ཁུ། ཕུ་ནུ་ཐམས་ཅད་ཀྱིས་སྲས་དགྲ་ལྷ་ རྩེ་རྒྱལ་གྱི་གསུང་ལ་མངོན་པར་བསྟོད་ཅིང་གྲོས་ཐག་དེར་བཅད། གླིང་གི་རྒྱལ་བློན། ཕ་ཁུ།
དཔའ་བརྟུལ། དམག་འཁོར་གཡོག རྒན་གཞོན་མཐོ་དམན་དབྱེ་བ་མེད་པར་གསོལ་སྟོན་ཉིན་
བདུན་རིང་ཟ་དགའ་འཐུང་སྐྱིད། དགའ་སྐྱིད་གླུ་ལེན་བྲོ་བརྡུང་སོགས་ཀྱི་རྩེད་མོ་ཅི་དགའ་མཛད་ ནས་བཞུགས། ཉིན་བདུན་གྱི་ཕྱི་ནང་དུ་གླིང་གི་དཔའ་བརྟུལ་རྣམས་ཤར་ལྷོ་ནུབ་བྱང་གི་མཁར་ སོ་སོར་བྱོན་ནས་བཀོད་སྒྲིག་གནང་། འབྲུག་ཟླ་བའི་ཚེས་གསུམ་ཉིན་ཐམས་ཅད་ལྷ་གུར་དུ་
འཛོམས་ནས་རི་རྩེར་བསང་དང་དར་ལྕོག་ཕུལ། ཆུ་ལ་གསེར་ཟམ་དང་རི་འདབས་སུ་ཡིག་
དྲུག་མ་ཎི་བརྐོས་ཏེ་གླིང་དཀར་དུ་བྱོན་པའི་གྲ་སྒྲིག་གྲུབ་པ་ན། བློན་རྒན་བྲམ་ཟེ་ཨ་རྒྱལ་དང་
བཙུན་མོ། སྲས་པོ། སྲས་མོ། ཆོས་གྲུབ་རྣམས་ཀྱིས་གླིང་གི་རྒྱལ་བློན། ཕ་ཁུ། ཕུ་ནུ། དཔའ་ བརྟུལ་རྣམས་སྐུ་མཁར་དུ་སྟོན་མོར་གདན་འདྲེན་ཞུས་ཏེ་རང་ཐོབ་ཁྲི་གདན་གྱི་སྟེང་དུ་འཁོད་
པའི་དུས། སྲས་མོ་ཨ་སྐྱིད་ལྷ་མོ་དེ་ཡིས་ལག་ཏུ་དར་དཀར་ཁྱེར། བློ་དང་རིག་པ་གསལ་བ། རིགས་དང་སྐྱེ་ལོ་མཛེས་པའི་བུ་མོ་བཅོ་ལྔས་གཡོན་ནས་བསྐོར། བུ་ཚ་བོ་བཅོ་ལྔས་གཡས་ ནས་བསྐོར། ཕྱེ་མར། ཇ་ཕུད། ཆང་ཕུད། འོ་ཕུད་སྣ་ཚོགས་པའི་བཟའ་བཏུང་དྲངས་ནས་སྲས་
156
མོ་ཨ་སྐྱིད་ལྷ་མོ་དེས་སེང་ཆེན་རྒྱལ་པོར་མཇལ་དར་འབུལ་བའི་བསེར་མ་རླུང་འཁྱེར་གྱི་གླུ་ འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་བསེར་གཅིག་བསེར་གཉིས་བསེར་དང་གསུམ། །བསེར་
གསུམ་ཐོག་ནས་གླུ་ཞིག་ལེན། །གླུ་བསེར་གླུ་བྱེ་རི་བྱང་གི་གླུ། །རྩྭ་འཇག་མ་རླུང་བུས་འདེད་
ཉིན་བསེར། །ཆུ་མར་འབབ་རྦ་རླབས་འཁྲུག་ཉིན་བསེར། །སྤྲིན་ཀློང་སྦྲང་ཆར་འབབ་ཉིན་
བསེར། །གླུ་རྟེན་འབྲེལ་ལྷ་དར་འབུལ་ཉིན་བསེར། །བྱང་བྱེ་རིའི་གླུ་འདི་བསེར་གླུ་ལེན། །རང་
ཡུལ་མི་འགྱུར་རང་སྐད་ཡིན། །ལྷ་ཡར་མཁྱེན་ཐེའུ་རང་རྣམ་གསུམ་མཁྱེན། །དེ་རིང་བུ་མོའི་གླུ་ སྣེ་དྲོངས། །ས་འདི་ཕ་ཤུལ་བུ་འཛིན་ལ། །ནོར་བུ་ལྷ་རྫོང་སྨུག་པོ་ཟེར། །ང་འདྲ་ཤོད་དགོས་ཅི་ ལ་ཡོད། །དེ་རིང་སྐྱིད་པའི་ཉི་མ་ལ། །གདོང་མིག་ཆུ་ཡོད་ཀྱང་ཕར་ལ་ཕྱིས། །སེམས་མུན་པ་
ཡོད་ཀྱང་ཕར་ལ་དྭངས། །ལུས་སྡུག་བསྔལ་ཡོད་ཀྱང་ཁུར་པོ་ཕབ། །སྐྱིད་ལྷ་ཉིན་དཀར་པོའི་ ཤར་ལམ་ནས། །དྲོད་ཆེ་བས་འབུ་སྲིན་དབང་པོ་གསོས། །སྤང་མེ་ཏོག་རྩྭ་ལ་ཡར་འཁྲུངས་
རེད། །གཡང་དཀར་སྣང་བ་སྐྱིད་ལེ་ཡིན། །ཆུ་ཆེན་རྦ་རླབས་མཐའ་ནས་གཡོ། །སྦྲང་ཆར་སྔོན་
མོ་གནམ་ནས་བབ། །ཉ་ཆུང་གསེར་མིག་སྣང་བ་སྤྲོ། །སྡུག་བསྔལ་མུན་པ་ཕར་ལ་དྭངས། །སྐྱིད་ པའི་ལྷ་ཆོས་ཚུར་ལ་སྨིན། །སེམས་རྩ་ཆོས་ཀྱི་བྱིན་རླབས་བྱུང་། །འགྱོད་བཤགས་སེམས་
ཀྱི་དཀྱིལ་ནས་བྱེད། །སེམས་རྣམ་པར་དག་པ་ཆོས་ལ་མོས། །ཁྱེད་རྒྱལ་པོ་འདྲེན་པའི་བླ་མ་
ཡིན། །ངས་ལུགས་ངན་སྤངས་ནས་ལུགས་བཟང་བསྒྲུབས། །གནས་དག་པའི་ཞིང་ལ་སྤོར་རོགས་
མཛོད། །ངའི་ཨ་མ་ཤེལ་དཀར་གཡུ་སྐྱིད་འདི། །ཚེ་འདི་གང་བཙུན་མ་བྱེད་འདོད་པས། །བཀའ་ སྡོམ་པའི་སྐྲ་ཕུད་ཁྱེད་ཀྱིས་བཞེས། །སྲས་པོ་ཟླ་བ་སྟོང་རྒོད་དང་། །སྲས་མོ་གཉིས་དང་ཡུམ་
ཆེན་བཞིས། །སེང་ཆེན་ནོར་བུ་དགྲ་འདུལ་ལ། །སྐུར་བ་ཚིག་གཅིག་མི་འདེབས་ལེ། །དད་པའི་ དམ་ཚིག་མི་ཉམས་ལེ། །ཕྱི་མའི་འགྲོ་དོན་ཁྱེད་ལ་བཅོལ། །འདི་གང་མགོན་སྐྱབས་ཁྱེད་ལ་
བཅོལ། །རང་སེམས་རྣམ་པར་དག་ལེ་ཡིན། །ཁས་ལེན་ཞུ་བར་འགྱུར་བ་མེད། །ལྷ་ཆེན་དཔང་ ལ་ཕྱག་འཚལ་ལོ། །ཞེས་གསེར་དངུལ་ནོར་བུའི་རིགས་སྣ་ཚོགས་པ་རྣམས་རྒྱལ་པོའི་མདུན་ དུ་ཕུལ་བར། གླིང་གི་རྒྱལ་བློན་རྣམས་ཀྱིས་ཀྱང་བཀྲ་ཤིས་པའི་མགུལ་དར་བསྒྲོན་ནས་དགའ་
157
སྟོན་སྐྱིད་གླུ་བྱས་ནས་བཞུགས་པའི་དུས། སེང་ཆེན་ནོར་བུ་དགྲ་འདུལ་དེས་གླིང་དཔའ་བརྟུལ་
ནང་གི་ཡང་རྩེ། བསྐལ་པ་ཆགས་པའི་མི་རྒན། སྲིད་པ་ཆགས་པའི་གངས་རྒན། སྤྱི་དཔོན་རོང་ ཚ་ཁྲ་རྒན་དེས་བཀའ་ཞིག་ཨེ་གནང་དགོངས་ནས་སྤྱི་དཔོན་ལ་གཟིགས་པས། མདུན་གྲལ་
གྲལ་གྱི་གྲལ་མགོ ཟ་འོག་འབུམ་བརྩེགས་ཀྱི་ཁྲི་སྟེང་ནས་མི་རྒན་གཡང་གི་དངོས་གྲུབ་དེས། ཡ། བྱེ་རི་ཤོག་ཁག་བཅོ་བརྒྱད། ཤར་སྡེ་ཁྲི་སྐོར་བཅུ་གསུམ་གྱི་མགོ་འཛིན་ཆོས་གྲུབ་ཉི་མ་
དེས། ཉི་མ་དེ་རིང་ཕན་ཆད་ལ། །དཔའ་མོ་ཡོད་ན་དཔུང་རོགས་གྱིས། །དཔའ་མོ་མེད་ན་དེ་
ཚབ་གྱིས། །རྒྱབ་ལ་བསྐུར་བའི་ཁུར་པོ་ཡིན། །མི་ཁྱོག་ཟེར་ན་ཉྭ་ཡུ་འདར། །གོང་ནས་གནང་
བའི་བཀའ་ཁྲིམས་ཡིན། །མ་དྲང་བྱུང་ན་ཡར་ཞུ་ཆོག །ཨེ་དྲང་གཏམ་གྱི་བཤད་ལུགས་ལ། །མ་ དྲང་བྱུང་ན་གྲོས་བསྡུར་གྱིས། །བློ་རིག་པ་རྒས་པའི་རྒན་གཏམ་དེ། །གཅིག་བྱས་ན་གྲུ་བཞི་
ཤོ་འདྲ་ཡོད། །གཉིས་བྱས་ན་ལྕགས་ཕྱེ་ཐོ་རྡུང་འདྲ། །དེ་ཅི་ཡོད་ང་ཡིས་མ་ཤེས་ཏེ། །མི་རྒན་ ཁ་ནས་གཡང་རྒན་ཡོད། །བཀྲ་ཤིས་པའི་ལྷ་དར་གོང་ལ་འབུལ། །དོན་འགྲུབ་པའི་སྨོན་ལམ་
མཐའ་ནས་རྒྱག །གཡང་ཆགས་པའི་དངོས་གྲུབ་གཞིས་ལ་ཞུ། །རྟེན་འཁོར་བའི་ཁྱིམ་ཚང་བཀྲ་ རེ་ཤིས། །དེ་ཨེ་རེད་ཁྱེད་རྣམས་ཐུགས་བསམ་བཞེས། །གསུངས་ནས་དལ་བ་རིང་མོའི་གླུ་ འདི་གསུངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ཨ་སྔོན་དབྱིངས་འདྲ་ལེན། །དགུང་མཐའ་དབུས་མེད་
པའི་གླུ་ཞིག་ལེན། །གླུ་ཐ་ལ་སྦྲང་ཆར་འབབ་འདྲ་ལེན། །ས་འདིའི་ས་ངོ་མ་ཤེས་ན། །སྔ་མ་བྱང་ ཡུལ་བདུད་ཀྱི་ས། །དུས་དེང་སང་དཀར་པོའི་ཆོས་ལུང་རེད། །ཕོ་ང་འདྲ་ཁྱེད་རྣམས་ལོས་ཀྱང་ མཁྱེན། །ང་ཤང་ཤང་ཆུ་དང་མཉམ་འབབ་ཡིན། །ལེབ་ལེབ་ས་དང་མཉམ་ཆགས་ཡིན། །ཀེར་
ཀེར་རྩི་ཤིང་མཉམ་འཚར་ཡིན། །མི་རབས་བཅོ་ལྔའི་མི་རྒན་ཡིན། །སྲིད་པ་ཆགས་པའི་གངས་ རྒན་ཡིན། །རྒྱ་མཚོའི་ནང་གི་ནོར་བུ་ཡིན། །ཕོ་བརྒྱ་ནང་གི་ཤེས་ཆེན་ཡིན། །བློ་དང་རིག་པའི་
བང་མཛོད་ཡིན། །ཤཱཀྱ་ཐུབ་པའི་སློབ་མ་ཡིན། །པདྨ་འབྱུང་གི་ཕོ་ཉ་ཡིན། །གླིང་དཀར་སྤྱི་ཇུས་ འཚོ་མི་ཡིན། །སྤྱི་དཔོན་ཐོགས་དོན་དེ་འདྲ་ཡིན། །ན་ནིང་གཞི་ནིང་དགུ་ནིང་དུས། །དམག་སྣེ་ བྱེ་རིའི་ཡུལ་ལ་དྲངས། །གོམ་གསུམ་གོམ་པ་མ་སྤོས་ན། །སྒོ་ཐེམ་ལ་མོ་མི་ཆོད་འདུག །ཚིག་
158
གསུམ་སྐད་ཆ་མ་བཤད་ན། །ཕྱི་ནང་གསང་གསུམ་མི་ཤེས་འདུག །བློན་ངར་མ་སྟག་གཟིག་ཁ་ སྤྲོད་དེ། །འཛུམ་དྲུག་དཔའ་བོའི་རྒྱན་ལ་ཤོར། །རྒྱུ་མནངས་ཆེན་བྱུ་རུའི་གཏེར་རྫོང་དེ། །ཤར་ གླིང་དཀར་ཁྲ་མོས་གནང་ལ་བླངས། །དགའ་ཨེ་ཤེས་སྒང་པ་བོད་ཀྱི་ཡུལ། །མཐོ་ཨེ་ཤེས་
གླིང་དཀར་ཕ་ཁུ་རྣམས། །རྒོད་ཨེ་ཤེས་དཔའ་བརྟུལ་ལྷ་ཕྲུག་ཚོ། །དོན་གྲུབ་པ་ཉི་མ་དེ་རིང་
ཡིན། །བྱུར་རྫོང་གཏེར་གྱི་ནོར་བུ་དེ། །དགོས་ཟེར་ནས་རྒྱུ་འདོད་མ་ཡིན་ཏེ། །སྒང་པ་བོད་ཀྱི་ རྒྱན་ལ་མཁོ། །ལྷ་བླ་མའི་བུམ་པའི་ཞལ་རྒྱན་མཁོ། །བྱུ་རུའི་ཚེ་དཔག་མེད་མགོན་དང་། །བྱུ་
རུའི་ཛམ་ལ་དམར་པོ་དང་། །བྱུ་རུའི་རྗེ་བཙུན་སྒྲོལ་མའི་སྐུ། །རྒྱུ་དེ་ཚོ་ལྷ་ཁང་རྟེན་རྫས་རེད། །དེ་ ཚོ་ནོམ་བགོས་ཆོག་ལེ་མེད། །དེ་མིན་བྱེ་རིའི་འབངས་སྡེ་ལ། །མཐོ་དམན་རྒན་གཞོན་མ་ཡོད་ པར། །བྱུར་དམར་པོ་བྲེ་རེའི་གཏེར་འགྱེད་ཡོད། །བྱུར་གཏེར་གླིང་ལ་འདྲེན་ནས་འགྲོ། །སྟེང་
དགྲ་ལྷ་ཝེར་མའི་མཐུ་སྟོབས་དང་། །རྗེ་གེ་སར་བླ་མའི་བཀའ་བཀོད་གཉིས། །གླིང་ཁྲ་མོའི་ལས་ དབང་བསོད་ནམས་གསུམ། །འགེལ་མི་དགོས་གླིང་ལ་འཛོམས་ནས་ཡོང་། །དེ་ནས་བཙུན་མོ་ མ་བུ་ཚོ། །ཕ་མཁར་བུ་འཛིན་བྱེད་པའི་དུས། །དབང་ཆེན་དབང་གཏམ་ཤོད་ས་མེད། །རང་
ལག་འགུལ་ནས་རང་གཡོག་གྱིས། །རང་རྒྱུ་རང་ཟས་རང་དབང་གྱིས། །ཆེ་རྒྱུ་མཐོ་རྒྱུ་བཙན་ རྒྱུ་མེད། །མཐོ་དམའ་མེད་པར་འདྲ་མཉམ་གྱིས། །གླུ་གོ་ན་རྣ་བའི་བདུད་རྩི་ལ། །མ་གོ་གླུ་ལ་ འགྲེལ་པ་མེད། །ཅེས་གསུངས་ནས་བྱེ་རིའི་ཡུལ་གྱི་སྐྱེ་བོ་ཕོ་མོ་རྒན་གཞོན་ཚང་མར་བྱུ་རུ་
བྲེ་རེའི་གཏེར་འགྱེད་གསོལ་རས་གནང་བས་ཐམས་ཅད་དགའ་སྤྲོ་ཚད་མེད་བྱུང་ཞིང་། བྱུར་
རྫོང་ཟེར་བའི་མིང་གོ་བ་ལས། རྒྱུ་ལག་པས་ལེན་རྒྱུ་མེད། ད་ཆ་མིག་མཐོང་ལག་ལེན་བྱུང་བ་
དེ་འདྲ། རྗེ་གེ་སར་གྱི་ཐུགས་རྗེ་དང་ལྷ་བླ་མའི་བྱིན་རླབས་ཆེ་ཞོར་རེད། ལས་རྒྱུ་འབྲས་ཟེར་བ་ དེ་འདྲ་ཨེ་ཡིན་ཟེར་ནས་ཆོས་སེམས་རྣམ་པར་དག་པར་སྐྱེས། ཞ་བོ་རྣམས་རྐང་པ་བཙུགས།
ལོང་བ་རྣམས་ཀྱི་མིག་གིས་མཐོང་། ལྐུག་པ་རྣམས་ཀྱིས་སྐད་ཆ་བཤད་ནས་བྱེ་ཡུལ་དེ་མངའ་ ཐང་ལོངས་སྤྱོད་རྒྱས་ཤིང་བདུད་ལུགས་དོར། ཆོས་སངས་རྒྱས་ལ་དད་པ་ཆེ་བའི་བོད་སྒང་ པའི་ཡུལ་སྡེར་བསྒྱུར་ཏོ།། །།
159
ལེའུ་བཅུ་གསུམ་པ། ཚེས་གསུམ་གྱི་ཉིན། གླིང་གི་ལས་དམག་རྣམས་ཕར་འགྲོ་དམག་ལ་ཆས་པ་ལྟར་རང་རང་
རུ་འདྲེན་རྣམས་ཀྱིས་རུ་སྣེ་དྲངས་ནས་ཆིབས་ཁ་གླིང་ལ་བསྒྱུར་བས་ན། བྱེ་རིའི་ཆོས་གྲུབ་དང་ སྲས་པོ་ཟླ་བ་སྟོང་རྒོད། བཙུན་མོ་ཤེལ་དཀར་གཡུ་སྐྱིད། བློན་རྒན་ཨ་རྒྱལ། །སྲས་མོ་གཉིས་ བཅས་ཀྱིས་གསེར་བུམ་དངུལ་བུམ། མདའ་དར། ཕྱེ་མར་བསྣམས། འབངས་སྡེ་རྣམས་ཀྱིས་
དར་འབུལ་བུ་ཡུག་འཚུབ་འཚུབ་ཁ་བ་འབབ་འབབ་བྱས་ནས་སྐྱེལ་མ་མཛད་པའི་དུས། སྲས་པོ་ ཟླ་བ་སྟོང་རྒོད་དེས་ནོར་བུ་པདྨ་སྟོབས་ལྡན་དེར་དར་དཀར་ཉི་མོ་བདེ་ལེགས་ཤིག་ཕུལ་ནས་
རྒྱལ་པོ་གེ་སར་གྱི་ཆིབས་ཁ་ནས་བཟུང་སྟེ་བཀྲ་ཤིས་སྨོན་ལམ་གྱི་གླུ་འདི་ཕུལ་བར་གདའ་འོ ། ། ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །ཨ་ལ་ཨ་མ་བླ་མ་མཁྱེན། །ཆོས་ལོངས་སྤྲུལ་གསུམ་ཐུགས་རྗེ་
ཅན། །རིགས་དྲུག་བདེ་བའི་གནས་སུ་སྒྱུར། །དམྱལ་ཁམས་བཅོ་བརྒྱད་ཆོས་ལ་སྒྱུར། །ནམ་ མཁའི་བྱ་དང་ས་གཞིའི་འབུ། །གཅན་གཟན་རི་དྭགས་དུད་འགྲོ་ཚོ། །རྗེ་གེ་སར་གསུང་གིས་
གང་ཁྱབ་དེར། །ངན་སོང་སྐྱེ་སྒོ་གཅོད་པར་ཤོག །གེ་སར་ཐུགས་ཀྱིས་གར་ཁྱབ་དེར། །ཞེ་སྡང་ འདོད་ཆགས་ཞི་བར་ཤོག །ང་འདྲ་ང་ངོ་ལོས་མཁྱེན་ཡང་། །བྱེ་རི་རྒྱལ་པོའི་སྲས་པོ་ལ། །ཟླ་
བ་སྟོང་རྒོད་མིང་དུ་གྲགས། །ན་ནིང་གཞི་ནིང་དགུ་ནིང་ལོར། །ལྷ་སངས་རྒྱས་ཆོས་ངོ་མ་ཤེས་ དུས། །ཕྱག་སྐོར་བ་ལན་གཅིག་ཕར་ལ་ཞོག །ཁ་ནས་སྐུར་འདེབས་ལོག་ལྟ་བྱས། །སེམས་ཞེ་ སྡང་ངན་པས་དགྲ་རུ་བཟུང་། །ལས་ངན་པས་སྲོག་གཅོད་དབུགས་ལེན་བྱས། །དེ་མ་ཤེས་ མ་རིག་བདུད་ཀྱི་བུ། །དུས་ད་ལོ་ཕ་འདས་ཚུན་ཆད་ལ། །སྐྱབས་བཅོལ་གསོལ་བ་སྙིང་ནས་
འདེབས། །སྐུ་དྲིན་ཆེན་སངས་རྒྱས་ཐུགས་དམ་གྱིས། །སྟག་རྩེ་གཡུལ་རྒྱལ་ཕ་འདས་དེ། །ལུས་ ཚ་གྲང་སྡུག་བསྔལ་མ་མྱོང་ལེ། །ལས་བདེ་འགྲོ་ཐོབ་པ་བཀའ་དྲིན་ཆེ། །ཟས་གོས་འཁྱགས་
ལྟོགས་མི་ཡོང་ལེ། །འདོད་རྒུ་དཀོན་མཆོག་ཆོས་དང་འཕྲད། །ལས་དེ་བས་བཀའ་དྲིན་ཆེ་བ་
མེད། །ཁྱེད་སངས་རྒྱས་དགེ་འདུན་བླ་མ་ལ། །དར་གུད་མེད་པའི་བཀྲ་ཤིས་ཤོག །དཔའ་བརྟུལ་
160
གྲུབ་ཆེན་བརྒྱད་ཅུ་ལ། །སྐུ་འདས་གྲོངས་མེད་པའི་བཀྲ་ཤིས་ཤོག །འབངས་སྡེ་རྒྱ་ཞིང་ཆུ་མ་ ལ། །ཐོག་སེར་བ་མེད་པའི་བཀྲ་ཤིས་ཤོག །ཁྱེད་ཕར་བྱོན་གླིང་དཀར་བཀྲ་ཤིས་ཤོག །ངེད་
རང་འདུག་བྱེ་རི་དོན་འགྲུབ་ཤོག །ཞལ་ཡང་ཡང་མཇལ་བའི་བཀྲ་ཤིས་ཤོག །གསུང་ཡང་ཡང་ ཐོས་པའི་བཀྲ་ཤིས་ཤོག །ཅེས་ཇ་འབུལ་ཆང་འབུལ་ཞུས་པར། བཙུན་མོ་དང་སྲས་མོ། བློན་ རྒན་ཨ་རྒྱལ་བཅས་ཀྱིས་ཀྱང་ཇ་འབུལ་ཆང་འབུལ་གྱི་སྨོན་ལམ་གླུ་ཞུས་རེ་བྱས་པར་གདའ་
འོ། །དེ་ནས་གླིང་གི་རྒྱལ་བློན་རྣམས་འདོ་བ་རྟ་ཡི་གོམ་འགྲོས་ཤིགས་སེ། རྐང་དམག་བུ་ཡུག་
འཚུབ་འཚུབ། རྟ་དམག་སེར་བ་ཡར་ཡར། གཡས་རུ་མེ་ལྕེ་འབར་འབར། གཡོན་རུ་ཆུ་བོ་འབབ་ འབབ། དཀྱིལ་རུ་སྤྲིན་ཕུང་འཁྲིགས་འཁྲིགས། མདུན་རུ་ཉི་ཟླ་ཤར་འདྲ་བྱས་ནས་ཆིབས་ཁ་
རང་ཡུལ་དུ་བསྒྱུར། ཉིན་བདུན་སོང་མཚམས་ནས་བང་ཆེན་གླིང་ལ་མངགས་ཏེ་རྒྱལ་བློན། ཕ་ ཁུ། ཕུ་ནུ་རྣམས་དགྲ་ཕར་འགྲོའི་རྟིང་མ་ཚུར་ལ་བླངས། གཏེར་རྫས་ནོར་གཡང་དྲངས་ནས་
ཡོད་ཅེས་བརྡ་ཡིག་བསྐུར། གཞིས་སྡོད་སྐྱ་ལོའི་སྟོན་པ་རྒྱལ་མཚན་གྱིས་གཙོས་པས་གླིང་ཕུ་ མདའ་བར་གསུམ་ལ་ཆ་དང་བང་ཆེན་མངགས་ནས་གཞིས་སྡོད་རྣམས་ཀྱིས་སྟག་ཐང་འདུ་ར་ ཁྲ་མོར་ཕྱི་ལ་ཆོན་ཐག་མི་དགོས་མཁའ་འགྲོའི་དར་ཐག ནང་ལ་ཀ་བ་མི་དགོས་སྟོང་ཉིད་རང་ ཚོ་ཟིན་པའི་ལྷ་གུར་དཀར་མོ་སྟོང་ཤོང་དེ་ཕུབ། ལྷ་བསང་སྤྲིན་དཀར་དང་ནོར་ལེ། ཇ་རླངས་ སྨུག་པ་དང་ནོར་ལེ། ཆུ་ལེན་བྱེའུ་ཁྱུ་འཕུར་འཕུར་བྱས་ཏེ་གླིང་དཀར་གྱིས་བདུད་དཔུང་ཆམ་ ལ་ཕབ། ཚུར་ལེན་བྱུར་གཡང་གླིང་གིས་བླངས། བོད་སྒང་པའི་བཞག་པ་ཆེ་བསམས་ཏེ་དགའ་
སྤྲོའི་ངང་བཞུགས། ལ་ལ་ནི། ཕར་འགྲོ་དགྲ་བོ་ཚེ་ལ་ཕབ། ཚུར་ཡོང་གཞིས་ལ་འཁོར་ཉིན་མོ།
ཆེ་བའི་དཔའ་བརྟུལ་དང་འབྲིང་བའི་བརྒྱ་དཔོན། ཆུང་བའི་ཁྲབ་དམག་དབུ་ཉེས་གང་ཙམ་ཤོར་
ཡོད། ངའི་བུ་དང་། ངེད་ཀྱི་ཕ། སྤུན་མཆེད་ཉེ་བ་རྣམས་ཚུར་ལོག་ཨེ་ཡོད་བསམས་ནས་བློ་མ་
བདེ་སེམས་པ་འདར་འདར་གྱིས། ལྷ་མགོ་ཆོས་མགོ་མཐོ་བར་ཤོག །བསོད་ནམས་ལོངས་སྤྱོད་ རྒྱས་པར་ཤོག །སྤུན་ཕུ་ནུ་བདེ་སྐྱིད་ལྡན་པར་ཤོག །བཟའ་ཚེ་རོགས་གཞིས་བྱེས་འཕྲད་པར་
ཤོག །སྤུན་བུ་རྒྱུད་སྐུ་ཚེ་རིང་བར་ཤོག །ཟེར་ནས་ནམ་ཡར་ལངས་སྐྱབས་འགྲོ་སྨོན་ལམ་དང་
དགོང་མར་ཉལ་ཁ་ཏོན་མཛད་ནས་བཞུགས། །ཚེས་ཉི་ཤུ་གསུམ་གྱི་ཉིན། གླིང་གི་བྱེས་འགྲོའི་
161
ལས་དམག་རྣམས་འདུ་ར་སྟག་ཐང་ཁྲ་མོའི་ཐང་མགོ་ནས་རང་ཤོག་ལས་དམག་རུ་གྲལ་བསྒྲིགས་ ནས་བྱོན་བྱུང་བར། གླིང་གི་གེ་སར་རྒྱལ་པོ། སྤྱི་གཙུག་མགོ་བོའི་སྐྲ་ལོ། སོ་དཀར་དཀྱིལ་གྱི་
མདུན་སོ། ཁ་ཆུང་ནང་གི་ལྕེ་མོ། བྲང་ཁོག་སྙིང་གི་ཁྲག་ལིང་། བལྟ་བ་མིག་གི་ཨ་འབྲས། གླིང་ དཀར་སྟོད་པའི་ཡ་བདག ཕ་ཁུ་རྣམས་ཀྱི་གཙོ་འཛིན། བླ་མ་རྣམས་ཀྱི་མགོ་འདྲེན། སྒང་པ་
བོད་ཀྱི་སྲོག་ཤིང་། ཤཱཀྱ་ཐུབ་པའི་བཀའ་སྲུང་། གུ་རུ་པདྨའི་ཕོ་ཉ། སུམ་རྩེན་ལྷ་ཡི་བུ་རྒྱུད།
སངས་རྒྱས་སྟོང་གི་ཐུགས་སྲས། སྟག་ཤར་དཔའ་བོའི་དགྲ་ལྷ། ཟ་མ་མོ་ཡི་ཟས་ལྷ། དགྲ་ལྷ་
ཝེར་མའི་གཙོ་བོ་ཁོང་། རྟ་འདོ་བ་རྐྱང་རྒོད་འཕེར་པོའི་གོང་དུ། རི་རྒྱལ་ལྷུན་པོར་རྩི་ཤིང་རྒྱས་ འདྲ། ཉི་ཟླ་དགུང་ནས་ཤར་འདྲ། གཡུ་འབྲུག་སྤྲིན་ཀློང་འཁྱུགས་འདྲ། སེངྒེ་གངས་ལ་འགྱིངས་
འདྲ། ཀླུ་མི་མགོན་མི་ཡུལ་དུ་བྱོན་པ་ལྟར་སྐུ་སྟོད་ལྷ་རིས་འཁྱུགས་སེ། ལྷ་དམག་བྱེ་བ་འབུམ་ ཕྲག ཀི་རྐན་སྒྲ་ཐགས་སེ། སྐེད་པ་གཉན་རིས་འཁྱུགས་སེ། དགྲ་ལྷ་ཝེར་མའི་དཔུང་ཚོགས་
ཀི་སྒྲ་དིར་རེ། དཔའ་དར་དཔུང་དར་ལྷབས་སེ། སྐུ་སྨད་ཀླུ་རིས་འཁྱུགས་སེ། ནོར་རྫས་ལོངས་
སྤྱོད་མེར་རེ། ཆུ་རིས་འཇའ་ཚོན་ཤིགས་སེ། ཉ་སྲམ་འཁོལ་འགྱུར་ལིངས་སེ། མཐའ་བཞི་ནས་ དཔའ་བརྟུལ་ཕུ་ནུ་རྣམས་ཀྱིས་བསྐོར་ནས་བྱོན་བྱུང་བས་ན། གླིང་དཀར་ལྷ་སྡེ་དཀར་པོའི་ཕ་ ཁུ་རྣམས་ཀྱིས་གཡས་ལ་བཤིག མ་སྲུ་རྣམས་ཀྱིས་གཡོན་ལ་བཤིག ཡུམ་ཆེན་འགོག་བཟའ་ ལྷ་མོ། རག་བཟའ་དགེ་མཚོ། གསེར་མཚོ་མ། འཇང་བཟའ་གཡུ་སྒྲོན། སྟོང་ཉིད་མེ་བཟའ་
བཅས་པས་གོས་རབ་རྒྱན་རབ་སྐུ་ལ་གསོལ། ཕྱེ་མར། མཇལ་དར། གསེར་བུམ་དང་དངུལ་
བུམ་ཕྱག་ལ་ཁྱེར་ནས་ཆིབས་བསུར་བྱོན། དེའི་གཤམ་ནས་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ།
དབུ་ལ་གཡུ་ཆེན་ནམ་མཁའི་མདོག་ཅན། གཡུ་ཆུང་རྒྱ་མཚོ་སྔོན་མོ། དྲུག་དཀར་འོ་མ་ཐིགས་ འདྲ། དྲུག་དམར་མེ་ལྕེ་འབར་འདྲ། གཡས་སྐྲ་ཕོ་རོག་ཟེ་མ། གཡོན་སྐྲ་རྒྱ་ལྕང་ལོ་མ། རྒྱབ་སྐྲ་
ལྷོ་སྤྲིན་ཕྱུག་མོ། སྐྲ་ལན་བུ་རེ་ལ་རྟ་བརྒྱ་རི་ལེ། ལན་བུར་རྟ་བརྒྱ་མི་རི་སྟེ། ལན་བུ་རེ་ལ་གཡུ་ དང་བྱུ་རུ་སྤོས་ཤེལ་གྱིས་བརྒྱན། སྐུ་གཟུགས་སྦ་དཀར་ཚིགས་མེད། སྐུ་སྟོད་ཁྲུང་ཁྲུང་དཀར་
མོའི་སྐེ་གཟུགས་ལ། གཟི་ཤལ་ནོར་བུའི་ཕྲེང་བས་བརྒྱན། གོས་རབས་བཅོ་བརྒྱད་གོས་ཆེན་ ལ། ཕོ་སྲམ་བརྒྱ་ཡི་སྒང་རྒྱན། མོ་སྲམ་བརྒྱ་ཡི་གཞུང་རྒྱན། སྲམ་ཕྲུག་བརྒྱ་ཡི་སྲུབས་རྒྱན།
162
གཟིག་ཐིག་ལེ་ཅན་གྱི་གོང་རྒྱན། སྟག་གྲ་དམར་ཅན་གྱི་སྒྲོག་གདན་བརྒྱབ། ཕོ་བརྒྱ་སེམས་
པ་ཤོར་ལེ། མོ་བརྒྱ་སྙིང་རླུང་ལངས་ལེ། ལྷ་བླ་མ་ཡིན་ཡང་སྤྱན་ཟུར་ཤོར་ལེ། དཔོན་ཁྲི་སྡོད་ ཡིན་ཡང་ཁྲི་ལས་བཞེངས་ལེ། ཕ་ཨ་ཁུ་ཡིན་ཡང་བློ་ཁ་འགྱུར་ལེ། མིག་གིས་བལྟས་ན་བཞུ་
ཨེ་འགྲོ། ལག་པ་ཐུག་ན་ནོག་ཨེ་འགྲོ་བསམ་པའི་གླིང་འབུམ་པ་ཤོག་གི་དཔོན་མོ། གེ་སར་བླ་ མའི་བཙུན་མོ། འཛམ་གླིང་བུ་མོའི་དྭངས་རྩེ་དེས། གཡས་ལ་གསེར་བུམ་གསོལ་ཇ། གཡོན་
ལ་དངུལ་བུམ་བསུ་ཆང་བསྣམས། གྲོ་ལོའི་པད་དཀར་ལྷ་མཛེས་དང་སྔོ་ལོའི་ནེའུ་ཆུང་ཚ་ཡག་ གཉིས་ཀྱིས་གཡས་གཡོན་གཉིས་ནས་བསྐྱོར་ཏེ་རྒྱལ་པོའི་ཆིབས་ཁ་བླངས་ནས། དར་དཀར་
པོ་ཉིན་མོ་བདེ་ལེགས་ཤིག་རྒྱལ་པོའི་མདུན་དུ་ཕུལ་ཏེ་འཚམས་འདྲི་ཕྱག་ཕེབས་ཀྱི་གླུ་འདི་དགུ་ སེང་དྲུག་འགྱུར་གྱི་རྟ་ལ་བསྐྱོན་ནས་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ལ་མོ་ཨ་ལ་རེད། །ཐ་ལ་གོང་མ་ལྷ་ལ་ལེན། །ཤར་
གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །དུང་ལོ་འབར་བའི་ཁྲི་སྟེང་ནས། །མ་རྗེ་བཙུན་སྒྲོལ་མ་ དཀར་མོ་མཁྱེན། །སྐུ་མི་འགྱུར་འཇའ་ཚོན་འོ ད་ཀྱིས་ཁེངས། །གསུང་མི་འགྱུར་ཆོས་སྐད་ཐ་
ར་ར། །ཐུགས་མི་འགྱུར་ཉི་ཟླ་སྐར་གསུམ་འདྲ། །དུས་ནམ་ཟླ་དབྱར་དགུན་མེད་ལ་ཤར། །གླུ་
ཐ་ལ་ཐར་ལམ་འདྲེན་པའི་གླུ། །མ་འགྲོ་ཀུན་སེམས་ཅན་ཐམས་ཅད་དེ། །དམའ་དམྱལ་ཁམས་
སྡུག་གི་ཚ་བ་ནས། །ལས་ཐར་ལམ་བདེ་ཆེན་ཐོབ་པར་ཤོག །གླུ་མཁྱེན་པས་གཟིགས་ལ་ཕྱོགས་ བཞིའི་ལྷ། །ཐུགས་མ་གཡེང་སྲིང་མོའི་གླུ་སྣེ་དྲོངས། །ས་འདིའི་ས་ངོ་མ་ཤེས་ན། །ཕ་རི་རྨ་ལ་ ཚུ་རི་རྫ། །རྨ་རྫ་གཉིས་ཀྱི་བར་སྐབས་རེད། །རྨ་སྨད་གཡུ་ལུང་སུམ་མདོ་དེ། །ལུང་གསུམ་ སྒོ་མོ་ཕྱེ་འདྲ་ཡོད། །རྨ་ཆུ་རྫ་ཆུ་ཚ་ཆུ་གསུམ། །ཆུ་གསུམ་དར་དཀར་འཐེན་འདྲ་ཡོད། །ལྷོ་ འཛམ་གླིང་ས་ཡི་དཀྱིལ་འཁོར་རེད། །མདོ་ཁམས་ས་ཡི་ལྟེ་བ་རེད། །སྨན་ང་འདྲ་ང་ངོ་ལོས་
ཤེས་ཀྱང་། །སྒ་སྐྱ་ལོ་ཚང་གི་བུ་མོ་ལ། །མིང་བོས་ན་སེང་ལྕམ་འབྲུག་མོ་ཡིན། །དར་དཀར་ ཉིན་མོ་བདེ་ལེགས་འདི། །ངང་འཁྱིལ་ལེ་སྐྱེས་བུའི་མདུན་ལ་འབུལ། །སྐུ་རི་རྒྱལ་འདྲ་དེ་ཟིལ་ མདངས་རྒྱས། །གསུང་གཡུ་འབྲུག་འདྲ་དེ་འཛམ་གླིང་གྲག །ཐུགས་ཉི་མ་འདྲ་དེས་གླིང་བཞི་ བསྐོར། །མ་སེམས་ཅན་རྣམས་ལ་བཀའ་དྲིན་ཆེ། །སྐྱིད་ཉི་མ་ཤར་རིའི་རྩེ་ནས་ཤར། །དོན་
163
བསམ་པ་རྒྱ་མཚོའི་གཞུང་ནས་གྲུབ། །དྲིན་ཆེ་བའི་སེང་ཆེན་རྒྱལ་པོ་ལགས། །དགྲ་བྱེ་རི་སྟག་ རྩེ་གཡུལ་རྒྱལ་ཡུལ། །སྐུ་ཐུགས་ཁྲལ་ཆེ་བ་གང་ཙམ་བྱུང་། །གླིང་དཔའ་བརྟུལ་དབུ་ཉེས་གང་
ཙམ་ཤོར། །དམག་བུ་རྟ་བརྡབ་འཁྲུག་གང་ཙམ་བྱུང་། །བྱང་ལུང་ལྷགས་ངར་ཆེ་དང་གཅིག །བྱང་ མི་ཧམ་པ་ཆེ་དང་གཉིས། །བདུད་ནག་པོ་སྟོབས་ཤུགས་ཆེ་དང་གསུམ། །དགྲ་མ་ཐུབ་སྐུ་ལས་
གང་ཙམ་བྱུང་། །གསེར་རྐྱན་ནང་གི་ཇ་འདྲེན་འདི། །རྒྱ་ཇ་མེ་ཏོག་གཡང་འཛིན་ལ། །བྱང་ཚྭ་ དཀར་མོའི་བྲོ་ལེན་བྱས། །འབྲི་དམར་སེར་པོས་ཁ་རྒྱན་བྱས། །མཆོད་ཅིག་སེང་ཆེན་རྗེ་ལ་
མཆོད། །དངུལ་རྐྱན་ནང་གི་ཆང་འདྲེན་འདི། །ཆང་ཞིམ་པོ་གཞན་དང་འདྲ་ལེ་མེད། །ལོ་ལ་བཞག་ པའི་ལོ་ཆང་དང་། །ཟླ་ལ་བཞག་པའི་ཟླ་ཆང་ཡོད། །ཞག་ལ་བཞག་པའི་ཞག་ཆང་ཡོད། །འབྲུ་ མི་གཅིག་འབྲུ་སྣ་བཅོ་བརྒྱད་ཡོད། །གཞིས་ཕ་ཡུལ་འཛོམས་པའི་འཛོམས་ཆང་ཡིན། །བཀྲ་
ཤིས་པའི་ཨ་འབྲུག་ཆང་ཕུད་འདི། །དོན་གྲུབ་པ་སེང་ཆེན་རྗེ་ལ་འབུལ། །གྲོགས་རྒྱུན་ཆད་མེད་ པའི་བཀྲ་ཤིས་ཤོག །གསུང་གཡུ་འབྲུག་འདྲ་བས་འཛམ་གླིང་ཁྱབ། །དོན་འགག་པ་མེད་པའི་ བཀྲ་ཤིས་ཤོག །སྐུ་རི་རྒྱལ་འདྲ་བས་འཛམ་གླིང་ཁེབས། །བརྟན་གཡོ་འགུལ་མེད་པའི་བཀྲ་
ཤིས་ཤོག །ཐུགས་ནམ་མཁའ་འདྲ་བར་མཐའ་དབུས་མེད། །ཆོས་བར་ཆད་མེད་པའི་བཀྲ་ཤིས་
ཤོག །དུས་དེ་རིང་གཞིས་འཛོམས་བཀྲ་ཤིས་ཤོག །ཅེས་འབྲུག་མོས་ཆིབས་བསུ་ཇ་འདྲེན་གྱི་ གླུ་ཐུང་ཐུང་དེ་ལྟར་ཞིག་བླངས་ནས་རྒྱལ་བློན་གཞིས་བྱེས་ཐམས་ཅད་ལྷ་གུར་དུ་གདན་འདྲེན་ ཞུས་ཏེ། ཇ་ཆང་། ཤ་ཐུད། འབྲས་དཀར། བུ་རམ་སོགས་ཀྱི་ཟས་ལོངས་སྤྱོད་ལྷ་དང་མཉམ་
པར་བྱས་ནས་བཞུགས་པའི་དུས། དཀྱིལ་གྲལ་པདྨ་འདབ་བརྒྱད་ཀྱི་གདན་སྟེང་དེ་ནས། སྒ་ སྐྱ་ལོའི་སྟོན་པ་རྒྱལ་མཚན་དེ་ཡར་བཞེངས། རྒྱལ་པོ་གེ་སར་དང་སྤྱི་དཔོན་རོང་ཚ་ཁྲ་རྒན།
ཉི་འབུམ་གྱིས་གཙོས་པའི་ཕ་ཁུ། བླ་མ། མི་དཔོན་དང་དཔའ་བརྟུལ་རུ་འདྲེན་རྣམས་ལ་དར་
དཀར་རེ་ཕུལ། ཕར་འགྲོ་བྱེས་འགྲོའི་དཔའ་བོར་སྐུ་ལས་འོ ་བརྒྱལ་ཆེ་ལུགས་དང་དཔའ་བརྟུལ་ འདས་གྲོངས་བྱུང་མིན། ལས་དམག་འཐོར་ཞིག་གང་ཙམ་བྱུང་མིན་གྱི་འཚམས་འདྲི་ཞུས་པར།
སུ་དང་གང་གིས་ཚིག་ལན་དེ་རེད་དང་འདི་རེད་ཟེར་མཁན་མེད་པའི་དུས། རྒྱལ་པོ་སེང་ཆེན་
དེ་ཡིས་བློན་ཆེན་འདན་མ་བྱང་ཁྲ་དེར་གཟིགས་པས། འདན་མ་བྱང་ཁྲ་དེས་རྒྱལ་པོའི་དགོངས་
164
པ་མཁྱེན་ཏེ་གཡས་གྲལ་གྲལ་གྱི་གྲལ་མགོ སྟག་གདན་མེ་རི་འབར་བའི་ཡང་སྟེང་ནས་ཡར་
བཞེངས། གླིང་གི་རྒྱལ་བློན། མི་དཔོན་རྣམས་ལ་དར་རེ་ཕུལ་ནས། ཡ། ཁྲ་བོ་གླིང་རུའི་གཞིས་ མ་ཚོ། །ཕ་ཁུ་མ་སྲུ་མོ་སྨན་རྣམས། །རྒས་མགོ་དཀར་དེ་ཡི་མན་ཆད་ནས། །ཆུང་ལྟེ་དམར་དེ་
ཡི་ཡན་ཆད། །བློ་རིག་པ་བསམ་བློ་འཁོར་ཚད། །ཇུས་ཁེ་ཕམ་བྱ་བ་ཤེས་ཚད་རྣམས། །ཐུགས་ མ་གཡེང་འདན་མའི་གླུ་ལ་ཉོན། །ངས་བྱེས་སོང་ལོ་རྒྱུས་ཤོད་རྒྱུ་ཡོད། །ཟེར་ནས་ཐ་ལ་དྲུག་ འགྱུར་གྱི་གླུ་འདི་བླངས་པར་གདའ་འོ ། །
ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ། །གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་དཀོན་
མཆོག་གསུམ་ལ་གསོལ་བ་འདེབས། །དོན་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །དུས་རྒྱུན་དུ་
ལྷ་ཆོས་བསམ་བསམ་གྱིས། །ཕྱི་མའི་ལམ་སྣེ་འདྲེན་རོགས་མཛོད། །དུས་རྒྱུན་དུ་དགྲ་ལྷ་མཆོད་
མཆོད་ཀྱིས། །དགྲ་གདོང་ཐུག་བྱུང་ཉིན་གདོང་ལེན་མཛོད། །ལྷ་དཀོན་མཆོག་མཆོད་པའི་བདེན་ ཚིག་གིས། །གླིང་ལྷ་སྡེའི་བསམ་དོན་འགྲུབ་པར་ཤོག །ས་འདི་ཁྲ་མོ་གླིང་གི་ཡུལ། །ཕུ་རི་དཀར་ པོ་གངས་ཀྱིས་བརྒྱན། །སངས་སེང་གཡུ་རལ་རྒྱས་ས་ཡིན། །མདོ་གཙང་ཆབ་སྔོན་མོ་ཆུ་ཡི་ ཡུལ། །ཉ་གསེར་མིག་གཤོག་འགྱུར་རྒྱལ་ས་ཡིན། །བར་སྤང་དཀར་གྲུ་བཞི་རྩྭ་ཡི་ཡུལ། །སྤུ་
དཀར་ནག་ཕྱུགས་རིགས་འཛོམ་ས་རེད། །མདོ་རྒྱ་ཞིང་ཆུ་མར་འབྲས་དྲུག་སྨིན། །ཟས་ལོངས་
སྤྱོད་ཕུན་སུམ་ཚོགས་ས་ཡིན། །རྫི་མ་རོག་པོ་གཏོར་བ་ལ། །སྐྱ་ལོ་ཕྱུག་གི་སྡེ་པ་ཆགས། །སྟག་ སྙིང་ཐང་ལ་འཕངས་པ་ལ། །སྟག་རོང་བཙན་གྱི་སྡེ་པ་ཆགས། །སོ་དཀར་སུམ་ཅུ་འཕངས་པ་
ལ། །དཔའ་བརྟུལ་འཆི་མེད་སུམ་ཅུ་ཆགས། །སྟག་པགས་ཐང་ལ་བཀྲམ་པ་ལ། །དེལ་ཡག་སྟག་
ཐང་ཁྲ་མོ་ཆགས། །མཇུག་མ་མར་ལ་གཡུགས་ལེ་དེ། །རྨ་ཆུ་རྦ་རྒོད་ཁུག་ནག་ཆགས། །འཛུམ་
དྲུག་གོང་ལ་བླངས་ལེ་དེར། །སྒ་པ་རིན་ཆེན་ཚོ་དྲུག་ཆགས། །སེ་མོ་ལྕགས་སྡེར་རྣོ་བ་ལ། །འདན་ སྡེ་ཁྲི་སྐོར་བཅུ་གཉིས་ཆགས། །སྤར་མོ་ཕར་གཡུགས་བྱས་པ་ལ། །གོ་འཇོ་ཨ་ལ་དཀར་ནག་
ཆགས། །མར་གཡུགས་རྐང་སོར་ལྔ་པོ་ལ། །ཁྱུང་པོ་དཀར་ནག་ཤོག་ལྔ་ཆགས། །དེ་ཚོ་གླིང་
རུའི་ཆགས་སྟངས་ཡིན། །ང་འདྲ་གླིང་གིས་ལོས་ཀྱང་མཁྱེན། །སྐྱེ་བ་འདི་ཡི་གོང་རོལ་དུ། །རྡོ་ རྗེ་གདན་གྱི་འཕགས་ཡུལ་ནས། །གྲུབ་ཆེན་བརྒྱད་ཅུའི་གཙོ་མཛད་ལ། །གྲུབ་ཆེན་ས་ར་ཧ་པ་
165
ཟེར། །དེ་ནས་མི་ཡུལ་སྐྱེ་བའི་དུས། །ཟ་ཧོར་རྒྱལ་པོའི་རྒྱལ་རྒྱུད་ལ། །འདན་མ་གཡུལ་རྒྱལ་
བསམ་གྲུབ་ཟེར། །ཤར་ལུང་རི་དྲུག་མཁར་ནང་ལ། །ལོ་རྒྱུས་འགའ་རེ་ཡོད་ནའང་། །ཁ་གཏམ་
སྐད་ཆ་མང་ལེ་དེ། །སྟོན་ཉི་ཐུང་པོས་སྒུག་ལོང་མེད། །ལོ་རྒྱུས་རིང་པོ་ཤོད་ལེ་དེ། །ཕ་ཁུ་རྣ་བ་
ཚ་རོགས་རེད། །ཟས་མེད་ཕྱུག་གཏམ་ཤོད་པ་དེ། །རྒྱ་སྡེ་ཞེན་པ་ལོག་རོགས་རེད། །དཔའ་མེད་ འཁོར་གསུམ་བསྐོར་ལེ་དེ། །དཔའ་བོ་སྙིང་ཆུ་འཁྲུག་རོགས་རེད། །འདན་མ་བློན་ཆུང་དཔའ་
གཏམ་དེ། །རྒྱལ་བློན་ཐུགས་སེམས་ཁྲོ་རོགས་རེད། །ཨ་ཙི་མི་ཞུ་ཀུ་རེ་ཡིན། །གཏམ་ཅི་ཤོད་
གོང་ལ་ཀུ་རེ་དགོས། །ཀུ་རེ་མེད་ན་མཚར་རྒྱུ་མེད། །གོས་བདེ་མོ་གྱོན་ཉིན་ཆ་ག་དགོས། །ཆ་ ག་མེད་ན་མཛེས་རྒྱན་མེད། །ཟས་ཅི་ཟོས་གོང་ལ་མཆོད་པ་དགོས། །མཆོད་པ་མེད་ན་ནད་
ཟས་ཡིན། །དེ་ནས་འདན་མས་འདྲ་མ་ཡོད། །བུ་ཚ་བོ་བྱེས་འགྲོ་བྱང་ལ་འགྲོ། །བྱང་བྱེ་རིའི་ བྱུར་རྫོང་མ་ཕབ་ན། །གླིང་དཔའ་བརྟུལ་གྲུབ་ཆེན་མིན་རྟགས་གྱིས། །དུས་དང་པོ་གླིང་ནས་
ཆས་ལམ་ལ། །ཨ་གྲགས་ཟེར་བ་མཚར་མོ་གདའ། །ས་སྐྱིད་པོ་ཁྱུང་གི་རལ་པ་འདྲ། །འགག་
དོག་པོ་རྡོ་འཕྲང་མིད་པ་འདྲ། །གངས་ཆེན་པོ་ཤེལ་གྱི་མཆོད་རྟེན་འདྲ། །རྫ་རྣོ་པོ་སྐྱ་རིང་མདུང་ མོ་འདྲ། །ལུང་བྲག་རོང་སྲིན་མོ་ཁ་འཐབ་འདྲ། །རོང་དེ་ནས་ལམ་སོ་ཆོད་པའི་དུས། །ཞིང་ཆུ་
མ་རྒྱ་ཤོག་བཏིང་འདྲ་གདའ། །ནགས་རི་ནགས་ལ་ནགས་མཐུད་གདའ། །ལམ་དེ་ནས་ཐར་བ་ དཀའ་ལེ་གདའ། །འགྲོ་མ་ཐུབ་ཉི་མ་བཅོ་ལྔ་འགོར། །དེ་ནས་ཕར་སོང་ལ་ཁ་ལ། །ལ་ཕར་ནང་
ཨ་གྲགས་དམག་གིས་བསྐོར། །ཧོར་ཤན་པའི་དམག་དང་དཔའ་མོའི་དམག །དམག་བུ་རྟ་ཕྱེད་ འདྲེན་བྱས་ནས་བྱུང་། །ཟླ་གཅིག་ཉི་མ་བཅོ་བརྒྱད་མཚམས། །བུ་ཐང་སྲས་འཇིགས་མེད་ལག་
ལ་ཐེབས། །དུས་དེ་ནས་བློ་བདེ་ལམ་བདེ་བྱུང་། །ཟླ་ལྔ་པའི་ཚེས་པ་བཅུ་དྲུག་ལ། །རྫ་རོག་པོའི་
རྫ་མགོ་ཟིན་ནས་བྱུང་། །ཟླ་དྲུག་པའི་ཚེས་པ་བཅུ་དགུ་ལ། །གངས་ལ་རྔམ་ཆེན་རིང་མོ་དེ། །གླིང་ སྟག་རོང་བཙན་གྱི་སྡེ་པས་བཟུང་། །ཨ་གྲགས་ཉི་མ་གྲགས་པ་དེ། །ཕོ་གཞན་གྱི་མི་དང་མ་འདྲ་
གདའ། །སྟེང་ལྷ་ཡུལ་འགྲིམས་ན་རང་དབང་གདའ། །ངོ་མ་ལོན་ལོ་ངོ་ཕྱེད་གཉིས་འཐབ། །མཐའ་ མ་ཕོ་བྲང་དམག་གིས་བསྐོར། །བྱང་ཨ་གྲགས་གཟི་གཡང་བླངས་ནས་ཡོད། །དེ་ནས་ཕར་འགྲོ་ བྱང་ལ་སོང་། །བྱེ་རི་བྱུ་རུའི་གཏེར་གཡང་དེ། །ལེན་མ་ཐུབ་ལོ་ངོ་ཕྱེད་གསུམ་འཐབ། །དུས་
166
ད་ལོས་མི་ལོ་དྲུག་ལ་འགོར། །དེ་བར་དུ་ལག་དམར་ཁྲག་ལ་བསྒྲིལ། །བྱང་བྱེ་རིའི་གྲགས་ཅན་ བློན་པོ་ལ། །ངར་མ་མི་མགོ་དགུ་ཙམ་གདའ། །ཡང་ངར་བློན་པོ་བཅོ་བརྒྱད་གདའ། །གཅིག་
འདྲ་དཔའ་བོ་བརྒྱད་ཅུ་གདའ། །སྟག་བརྟུལ་སྟག་འདྲ་གཟིག་འདྲ་ཟེར། །དཔའ་སྙིང་ཕྱིར་བྲོས་
བྱེད་མི་གཅིག །ཕྱི་འདྲེན་ནང་འཚོང་བྱེད་མི་གཉིས། །མགོ་འབུལ་ཞུ་འབུལ་བྱེད་མི་གསུམ། །མི་ གཅིག་ཡུལ་དེར་མ་ཡོད་གདའ། །ཕར་འགྲོ་བྱེས་འགྲོའི་ལས་དམག་ནས། །ལས་དམག་གྲངས་
མང་ཤོར་ནའང་། །གེ་སར་ཐུགས་རྗེའི་བྱིན་རླབས་དང་། །དཔའ་བརྟུལ་ངར་མའི་དཔུང་ཤུགས་ གཉིས། །གོང་མ་ལྷ་ཡི་དམ་ཚིག་གསུམ། །དཔའ་བརྟུལ་ཆུང་གྲས་རེ་གཉིས་ལས། །སྐུ་ལ་བར་ ཆད་མ་བྱུང་ཡོད། །བདུད་རྒྱལ་སྟག་རྩེ་གཡུལ་རྒྱལ་དེར། །གནམ་འཕུར་ས་འཛུལ་ཆུ་འཁྱུག་
གསུམ། །སྤྲུལ་པ་སྣ་ཚོགས་ལོས་ཡོད་ཀྱང་། །བྱུར་རྫོང་ནོར་བུའི་གཏེར་གཡང་དེ། །བློ་རིག་པ་
བསམ་གྱིས་མ་ཁྱབ་ལེ། །བྱུར་རབ་བྱི་བའི་རྭ་ཅོ་གདའ། །བྱུ་རུའི་གླང་ཆེན་འགྱིང་ངེ་གདའ། །བྱུར་
འབྲིང་བྲག་གི་སྡོང་པོ་ཡོད། །བྲག་སྐེད་རྩི་ཤིང་འཚར་འདྲ་གདའ། །བྱུར་མཐའ་མཚོ་ཁའི་མེ་ཏོག་ གདའ། །དོན་ཡང་དག་བསམ་དོན་གྲུབ་ནས་ཡོད། །ང་བྱེས་འགྲོའི་ལོ་རྒྱུས་དེ་ཙམ་ཡིན། །ཁྱེད་
གཞིས་སྡོད་གླིང་གི་ཕོ་མོ་རྣམས། །སྟོད་སྨད་བར་གསུམ་ཚོ་ཆེན་དེ། །མི་བདེ་རང་སྐྱིད་ཨེ་ཡིན་ ལགས། །ན་ཚ་མུ་གེ་ཨེ་བྱུང་ལགས། །བདེ་བའི་དུས་འཇམ་ཨེ་ཡིན་ལགས། །ལྟོགས་འཁྱགས་
བཀྲེས་སྐོམ་ཨེ་བྱུང་ལགས། །ཡུལ་ལ་གནོད་འཚེ་ཨེ་བྱུང་ལགས། །ང་ཚོ་བྱེས་འགྲོའི་རྒྱལ་བློན་ རྣམས། །དམག་འཁྲུག་བྱེད་ཉིན་བུ་རྟ་བརྡབ། །སེར་རྒོད་འབབ་ཉིན་རྒྱ་ཞིང་བརྡུངས། །ཆུ་ཆེན་ རྒྱས་ཉིན་ས་གཞི་འུར། །ཟེར་བའི་དཔེ་དང་འདྲ་མཚུངས་རེད། །འོན་ཀྱང་འདས་གྲོངས་ཆེ་བར་
མེད། །གོ་ན་གཞིས་སྡོད་རྣམས་ཀྱིས་གསོན། །གླུ་འཁྲུལ་བར་སོང་ན་མཐོལ་ལོ་བཤགས། །ངག་ འཆལ་བར་སོང་ན་བཟོད་པ་མཛོད། །ཅེས་གསུངས་པར། གཞིས་སྡོད་རྣམས་ཀྱིས། དུས་རྒྱུན་ དུ་འདན་སྟག་མོ་ཁྱུང་གཤོག་དང་། མི་ཉག་ཆོས་ཀྱི་དབང་ཕྱུག་བཅས་པ་སྟག་གདན་གཟིག་ གདན་ཐོག་ཏུ་བཞུགས། དེ་རིང་བཞུགས་གདན་སྟོང་པར་ལུས། དེ་ཚོ་འདས་གྲོངས་ཤོར་བ་
ཨ་ཁ་བསམས་ཤིང་མིག་ཆུ་རང་དབང་མེད་པར་ཤོར། ཞེ་སྡུག་པ་མུན་པ་རུབ་འདྲ་བྱུང་ཡང་།
རྒྱལ་ཁ་གླིང་ལ་ཐོབ། གཏེར་གྱི་ནོར་རྫས་ཚུར་ལ་ཐོབ་པས། བཀྲ་ཤིས་པའི་ཉིན་མོར། དོན་མི་
167
འགྲུབ་པའི་ངུ་འབོད་བྱས་ནས་ཅི་ཕན་དགོངས་ནས་བཞུགས་པའི་དུས། འདབ་ཆགས་གཤོག་ པ་ཅན། གཅན་གཟན་མཆེ་བ་ཅན། རི་དྭགས་རྐྱང་འབྲོང་། ཝ་སྦེ། ཐ་ན་བྱི་བ་ཨབ་ར་ཡན་ཆད་
ཀྱིས་ས་གཞི་ཁེངས་འདྲ། བར་སྣང་ཁྱབ་འདྲ་བྱས་ནས་བྱུར་གཡང་ལ་ཐོར་ཞིག་ཉམས་ཆག་མེད་ པར་ཁྲ་མོ་གླིང་ལ་ཆུ་ཁའི་གྲམ་རྡོ་དང་ནོར་འགྲོ་བ་ཞིག་བྱས་ནས་དྲངས་བྱུང་བས། གཞིས་སྡོད་ རྣམས་ཡུལ་ལྷ་གཞི་བདག་གི་ཆོ་འཕྲུལ་དང་གཏེར་ནོར་བསམ་གྱིས་མ་ཁྱབ་པ་དེ་ལྟར་ལ་ཧ་
ལས་ནས་བཞུགས། ཡུལ་ལྷ་གཞི་བདག་གི་ཆོ་འཕྲུལ་འདབ་ཆགས་བྱ་དང་གཅན་གཟན། རི་
དྭགས་རྣམས་ཀྱིས་གཡང་ནོར་ལྷ་གུར་དཀར་མོའི་མཐའ་སྐོར་དུ་ཕབ་ནས་རང་རང་གནས་ལ་ འགྲོ་བའི་ཚུལ་གྱིས་མི་སྣང་བར་གྱུར། གཞིས་བྱེས་གླིང་སྡེ་ཐམས་ཅད་དང་ཕྱི་ཡི་དཔོན་དམག་ རྣམས་དགའ་བའི་བྲོ་དང་སྐྱིད་པའི་གླུ་ལེན། དགའ་སྐྱིད་བཟའ་བཏུང་བྱས་ནས་སྡོད་པའི་སྐབས།
ཤཱཀྱ་ཐུབ་པའི་བཀའ་སྲུང་། པདྨ་འབྱུང་གི་ཕོ་ཉ། ཆོས་ལོངས་སྤྲུལ་གསུམ་ངོ་བོ་གཅིག་འདུས་ ཀྱི་སྤྲུལ་པ། སེང་ཆེན་ནོར་བུ་དགྲ་འདུལ་དེས་རྡོ་རྗེ་ཁ་ཊཱཾ་དེ་གསེར་ཅོག་སྟེང་དུ་ལན་གསུམ་
བརྡུངས་ནས། ཡ། གསོན་དང་གླིང་དཀར་ལྷ་སྡེ་རྣམས། །དགྲ་ཕར་འགྲོ་གླིང་དཀར་དཔུང་དམག་ དེས། །གནང་ཚུར་ལེན་བྱུར་རྫོང་གླིང་ལ་དྲངས། །བོད་སྒང་པར་བཞག་པ་ཆེ་ལེ་ཡིན། །བསྐལ་ པ་ཇི་སྲིད་འཚོ་ཡི་བར། །བོད་སྒང་པའི་རྒྱུ་གཡང་མི་ཉམས་ལེ། །གླིང་མི་རེའི་ཁ་ནས་གླུ་རེ་
ལོངས། །མི་རེའི་ཁ་ནས་གཡང་རེ་ཁུག །བྱུ་རུའི་ཚེ་དཔག་མེད་མགོན་དང་། །བྱུ་རུའི་སྒྲོལ་ མ་དཀར་སྔོན་སོགས། །བྱུ་རུའི་ནོར་བུ་སྣ་བདུན་དེ། །སྒང་པ་བོད་ཀྱི་ནོར་གཡང་རེད། །དེ་
མིན་བྱུར་འགྱེད་གཏོང་རྒྱུ་གྱིས། །གསུངས་པར། རྒན་རབས་རྣམས་ཀྱི་དང་པོ་སྤྱི་དཔོན་རོང་
ཚ་ཁྲ་རྒན་གྱིས། རྒན་སྐྲ་དཀར་མན་ཆད། ཆུང་ལྟེ་དམར་ཡན་ཆད་ཀྱི་སེར་སྐྱ་རྒན་གཞོན་ཕོ་ མོ་མེད་པར་གཏེར་འགྱེད་གྱ་ནོམ་པར་མཛད་ནས་ཐམས་ཅད་འདོད་བློ་ཁེངས། ཡིད་ཚིམས་
པར་བྱུང་། རྒྱལ་ཚབ་དགྲ་ལྷ་རྩེ་རྒྱལ་དེས་བྱེས་འགྲོའི་རུ་འདྲེན་དཔོན་དམག་རྣམས་ལ་དཔའ་
ཁ་གཟེངས་བསྟོད་མཛད་ཅིང་། བློན་པོའི་ནང་གི་དང་པོ་ཚ་ཞང་འདན་མ་བྱང་ཁྲ་དང་དཔའ་བོའི་
ནང་གི་དྭངས་རྩེ་གསེར་པའི་ཉི་འབུམ་དར་ཡག སྔགས་འཆང་ནང་གི་དང་པོ་སྟག་རོང་ཨ་ཁུ་ཁྲོ་ རྒྱལ། ཕྱུག་པོའི་ནང་གི་དྭངས་རྩེ་སྐྱ་ལོ་སྟོན་པ་རྒྱལ་མཚན་སོགས་ཀྱིས་གཡང་ལ་ཆག་གྲུམ་
168
ཉམས་ཆག་མི་ཡོང་བའི་གཡང་འབོད་ཀྱི་གླུ་རེ་བླངས། སྐྱ་ལོ་སྟོན་པ་རྒྱལ་མཚན་གྱིས་བཟའ་
བཏུང་གི་སྦྱིན་བདག་མཛད་ནས་གླིང་རྒྱལ་བློན་ཕྱི་ནང་ཚང་མ་ཉི་མ་བདུན་གྱི་རིང་ཐུགས་སྟོན་ མཛད་ནས་བཞུགས། ཉི་མ་བདུན་སོང་རྗེས་ཀྱི་ཕྱི་ནངས་དེར་ཧོར་གྱི་ཤན་པ་རྒྱལ་པོ། འཇང་
གི་གཡུ་ལྷ་ཐོག་འགྱུར། སྟག་གཟིག་ཞལ་དཀར་ལྡན་པ། བྱང་རི་བཞི་ཨ་སྟག་ཀླུ་མོ། མོན་དུང་ སྐྱོང་སྟག་ལྷ་ཁྲི་དཀར། ཞང་ཞུང་སྟག་མོ་ཁྲི་བཙན་གྱིས་གཙོས་ཕྱི་བློན་རྣམས་ཀྱིས་གླིང་རྒྱལ་
བློན། དཔའ་བརྟུལ་ཕུ་ནུ། མིང་ཡོད་མ་སྲུ་མོ་སྨན་རྣམས་ལ་དར་རེ་ཕུལ་ཞིང་སྨོན་ལམ་གླུ་ཞུས་
རེ་བྱས་ནས་རང་དམག་གི་རུ་སྣེ་ཁྲིད་ནས་སོ་སོའི་ཡུལ་ལ་བྱོན། དེ་ནས་གླིང་ནང་སྡེའི་རུ་འདྲེན་ དཔའ་བོ་རྣམས་ཀྱིས་ཀྱང་དེ་ལྟར་མཛད་ནས་རང་མཁར་ལ་བྱོན། སེང་ཆེན་དགྲ་ལྷའི་རྒྱལ་པོ་ གེ་སར་ནོར་བུ་དགྲ་འདུལ་དེ་ཉིད་ཀྱང་སྤྱིར་འགྲོ་བ་རིགས་དྲུག་གི་སེམས་ཅན་དང་། ལྷག་པར་
ཡང་བྱེ་གླིང་གཉིས་ཀྱི་གཡུལ་འཁྲུག་དུས་དམག་བུ་རྟ་གྲངས་མེད་འདས་གྲོངས་ཤོར་བའི་འགྲོ་ དོན་བསྐྱང་ཕྱིར་སྟོང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་མཚམས་ལ་བཞུགས་པར་གདའ་འོ། །བྱེ་རིའི་ བྱུར་རྫོང་ཕབ་པའི་སྐོར་གྱི་ལེའུ་རྫོགས་པ་དགེའོ༎ ༎
169